ཁ་སང་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོཊ་པའི་ནང་བསྟན་དར་སྤེལ་བགྲོ་གླེང་ཐེངས་ ༤ པ་ཚོཊ་ཡོད་འདུག
ནང་བསྟན་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་མཁན་པོ་རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་གོ་སྒྲིག་འོག ཁ་སང་ཕྱི་ཚེས་ ༢ ཉིན་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་ནང་བསྟན་དར་སྤེལ་བགྲོ་གླེང་ཐེངས་ ༤ པ་སྐོང་ཚོགས་གནང་ཡོད་པ་དང་། བགྲོ་གླེང་ཐོག་ཆོས་བརྒྱུད་རིས་མེད་ཀྱི་མཁན་སྤྲུལ་དགེ་བཤེས་དང་བཙུན་མ། ས་གནས་བོད་རིཊ་སློབ་མ། དེ་བཞིན་ནང་བསྟན་ཞིབ་འཇུག་ཚོགས་པའི་རྒྱུན་ལས་བཅས་མི་གྲངས་ ༣༠ ཙམ་མཉམ་ཞུགས་གནང་ཡོད་འདུག
ཐེངས་འདིའི་བགྲོ་གླེང་ཐོག་ཆོས་བརྒྱུད་རིས་མེད་ཀྱི་མཁན་སྤྲུལ་དགེ་བཤེས་རྣམ་པས། ༸གོང་ས་མཆོག་གིས་ཞིབ་འཇུག་ཚོགས་པར་གནང་བའི་བཀའ་ཤོག་གི་འབྲུ་དོན་འགའ་དང་འབྲེལ་ཏེ། དཔལ་ནཱ་ལེན་དྲའི་ཆོས་བརྒྱུད་དང་བོད་བརྒྱུད་གནང་བསྟན་བར་གྱི་ཐུན་མིན་འབྲེལ་བ་དང་མདོ་སྔགས་འགལ་མེད་ཀྱི་ཉམས་ལེན། ཐའེ་ཝན་རྒྱ་བརྒྱུད་ནང་བསྟན་དང་བོད་བརྒྱུད་ནང་བསྟན་བར་གྱི་འབྲེལ་ལམ་ལེགས་བཅོས་གནང་ཕྱོགས། དེ་བཞིན། ནང་བསྟན་ཞིབ་འཇུག་ཚོགས་པའི་ད་ལྟའི་གནས་སྟངས་དང་ཡར་རྒྱས་གཏོང་ཕྱོགས་སོགས་ཀྱི་ཐོག་བགྲོ་གླེང་གནང་ཡོད་འདུག
གསར་འགོད་པ། པདྨ་མཚོ།