དེ་རིང་སྔ་དྲོ་པ་ཀི་སི་ཐན་གྱི་སྔོ་ཚལ་ཁྲོམ་རྭ་ཞིག་ཏུ་འབར་རྫས་གས་གཏོར་གྱི་དོན་རྐྱེན་བྱུང་སྟེ་མི་ ༢༠ བསད་ཡོད་འདུག
དེ་རིང་སྔ་དྲོའི་ཆུ་ཚོད་ ༨།༠༠ སྟེང་པ་ཀི་སི་ཐན་རྒྱལ་སའི་ཉེ་འགྲམ་གྲོང་ཁྱེར་ར་ཝེལ་པེན་ཌེ་ (Rawalpindi) ཡི་སྰ་པུ་ཛེ་ (Sabzi) སྔོ་ཚལ་ཚོང་རྭའི་ནང་ལྗིད་ཚད་ལ་རྒྱ་མ་ ༡༠ ཡོད་པའི་འབར་རྫས་ཤིག་གས་གཏོར་བྱུང་སྟེ། མི་ ༢༠ བསད་པ་དང་། མི་ ༡༠༠ ལ་རྨས་སྐྱོན་ཚབས་ཆེན་ཕོག་ཏེ་ད་ཆར་སྨན་ཁང་དུ་སྨན་བཅོས་བྱེད་ཀྱི་ཡོད་འདུག
པ་ཀི་སི་ཐན་གྱི་སྲིད་བློན་ནྰ་ཝ་རྫི་ཞྰར་ཧྥི་ (Nawaz Sharif) ལགས་ཀྱིས། འབར་གས་དོན་རྐྱེན་ལ་སྐྱོན་བརྗོད་དང་གས་གཏོར་ཁྲོད་ཤི་རྨས་ཐེབས་པའི་ནང་མི་ཚོར་སེམས་གསོ་བྱས་ཡོད་པ་མ་ཟད། པ་ཀི་སི་ཐན་གཞུང་གིས་རྒྱལ་ཁབ་ནང་བརྟན་བརླིང་མེད་པར་བཟོ་མཁན་ལ་གདོང་ལེན་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག
གནས་ཚུལ་འདིའི་ཐད་ཊ་ལི་བྷན་ཚོགས་པས་པ་ཀི་སི་ཐན་གྱི་གསར་ལམ་དུ། ཐེངས་འདིའི་འབར་གས་དོན་རྐྱེན་ལ་འབྲེལ་བ་གང་ཡང་མེད་ཅེས་བརྗོད་འདུག
ས་གནས་ཉེན་རྟོག་པས་གསར་ལམ་དུ། ཐེངས་འདིའི་འབར་རྫ་དེ་ཤིང་ཏོག་ཁུ་བའི་སྒམ་ཆུང་ནང་སྦས་ཉར་བྱས་ནས་ཚོང་རྭའི་ནང་འཁྱེར་ཡོང་བ་ཞིག་ཡིན་པ་དང་། ད་སྔ་འབར་རྫས་གས་གཏོར་གྱི་དམིགས་ཡུལ་དང་མི་སུས་བཞག་མིན་ཤེས་རྟོགས་ཐུབ་མེད་ཅེས་བརྗོད་འདུག
གནད་དོན་དབྱེ་ཞིབ་པ་ཚོས། པ་ཀི་སི་ཐན་ནང་མི་གསོད་ཁྲག་སྦྱོར་མུ་མཐུད་བྱུང་བསྡད་པ་ལས་ཊ་ལི་བྷན་མཉམ་དུ་གྲོས་མོལ་བྱ་རྒྱུ་གལ་ཆེན་པོ་རེད། འོན་ཀྱང་། ཊ་ལི་བྷན་གྱི་འདོད་མོས་ལྟར་པ་ཀི་སི་ཐན་གྱིས་ཨབ་གྷན་ས་མཚམས་ཁག་ཏུ་ཡོད་པའི་དམག་མི་ཕྱིར་འཐེན་བྱ་རྒྱུ་དང་དྲག་སྤྱོད་པ་ཀློད་གྲོལ་གཏོང་རྒྱུ་དཀའ་ལས་ཁག་པོ་ཡིན་ཞེས་བརྗོད་འདུག
གསར་འགོད་པ། ལྷ་སྐྱབས་རྒྱལ།