བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༢༢ སྟེང་གི་རྩོམ་སྒྲིག་པའི་གཏམ།
ང་ཚོ་གཞིས་བྱེས་གཉིས་སུ་གྱེས་རྗེས་བཙན་བྱོལ་ནང་༧གོང་ས་མཆོག་གི་དབུས་པའི་བླ་ཆེན་མི་ཆེན་རྣམ་པ་དང་། བོད་ནང་༧པཎ་ཆེན་སྐུ་ཕྲེང་བཅུ་བ་གཙོས་པའི་སྐྱེས་ཆེན་དག་གིས་མི་རིཊ་འདིའི་འདས་མ་ད་གསུམ་ལ་ཕན་པའི་བཀའ་སློབ་དང་གསུང་རྩོམ། གདམས་ངག་མང་དག་ཅིག་ང་ཚོར་སྩལ་ཡོད་ཀྱང་། ད་བར་བོད་མི་ཚོས་ཁོང་རྣམ་པས་གསུང་བ་ལྟར་ལག་ལེན་གནད་དུ་ཁེལ་བ་ཞིག་གནང་ཐུབ་མེད།
༢༠༠༩ ལོ་ནས་ཟླ་འདིའི་ཚེས་ ༢༩ བར་བོད་ཕྱི་ནང་གཉིས་སུ་རྒྱ་གཅེས་དཔའ་བོ་དཔའ་མོ་ ༡༣༠ ལྷག་གིས་བོད་བསྟན་སྲིད་ཆེད་རང་ལུས་མེ་རུ་བསྒྲོན་ཡོད་ལ། རྒྱལ་གཅེས་པ་མང་པོ་ཞིག་གིས་རང་སྲོག་བློས་གཏོང་གནང་སྐབས་ཀྱི་བརྙན་རིས་དང་མེར་བསྲེཊ་གནང་སྐབས་ཀྱི་པར། ཞལ་ཆེམས་བཅས་བཞག་ཡོད་ཀྱང་། སྐབས་དང་དུས་དེར་བོད་མི་ཚོས་བསྔོ་བ་སྨོན་ལམ་དང་བརྒྱུད་ལམ་དུ་ཁྱབ་བསྒྲགས། ངོ་དེབ་དང་སྐད་འཕྲིན་སོགས་སུ་གཏོང་རེས་སོགས་བྱས་ཏེ་གདུང་སེམས་མཉམ་སྐྱེད་རྣམ་པ་བསྟན་པ་ཡོད་པ་ཙམ་ལས། ལོ་ཟླ་རིམ་བཞིན་བཞུད་དུས་ཁོང་ཚོའི་ཞལ་ཆེམས་ཀྱང་རིམ་བཞིན་བརྗེད་འགྲོ་ངེས་རེད་སྙམ།
ལོ་ཟླ་མང་པོ་ཆས་པའི་ཞལ་ཆེམས་དག་བརྗེད་ཡོད་སྲིད་ཀྱང་། ཉེ་ལམ་རང་སྲོག་བློས་གཏོང་གནང་མཁན་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་དཔལ་ལྡན་ལགས་ཀྱིས། བོད་མི་ཚོས་བྱ་བ་གང་ཞིག་སྒྲུབ་ཀྱང་སྤྱི་ཕན་དང་མཐུན་སྒྲིལ་རྩ་བ་བྱས་ཏེ་བསྒྲུབ་དགོས” ཞེས་དང་། རྒྱ་གཞུང་གིས་བཙོན་འཇུག་མནར་གཅོད་འོག་འདས་གྲོངས་སུ་ཕྱིན་པའི་སྒོ་ཤུལ་བློ་བཟང་ལགས་ཀྱིས། ང་ལ་འགྱོད་སེམས་གཅིག་ལྗིད་ཏིག་གེར་ལྷག་ཡོད། དེ་ནི་ང་ཚོའི་མི་རིགས་འདིའི་ནང་ཕན་ཚུན་སྤུན་ཟླའི་འདུ་ཤེས་ཟབ་མོ་ཞིག་མེད་པས་རྡོག་རྩ་གཅིག་སྒྲིལ་གྱི་ཁ་ཕྱོགས་བརྟན་པོ་ཞིག་ཆགས་ཐུབ་མེད་པ་དེ་ཡིན། སྤུན་ཟླ་ཚོ། ང་ཚོ་ལ་མིག་རྒྱང་གིས་འཚོས་པའི་ལངས་ཕྱོཊ་ཡོད་དགོས་ལ་ང་ཚོ་ལ་ཁ་ཕྱོགས་བརྟན་པའི་མཐུན་སྒྲིལ་ཡོད་དགོས། རང་གི་མི་རིགས་ལ་བཀའ་དྲིན་ཆེ་བའི་མི་སྣ་དང་། ཆོས་དང་རིག་གཞུང་ཡུལ་སྲོལ་གོམས་གཤིས་སོགས་ལ་ཡིད་ཆེས་ཡག་པོ་ཡོད་དགོས་པ་དེ་རེད། བོད་ཁ་བ་ཅན་གྱི་སྤུན་ཟླ་ཚོ། ཚང་མས་མཐུན་སྒྲིལ་བྱོས། མཐུན་སྒྲིལ་ཁྲི་ལོར་ཤོག ཁྲི་ལོ་ནས་ཁྲི་ལོར་ཤོག ཅེས་ཞལ་ཆེམས་བཞག་ཡོད་ལ། ཁོང་གཉིས་ཀྱིས་བཞག་པའི་ཞལ་ཆེམས་ཀྱི་དྲོད་ད་དུང་ཡལ་མེད།
ད་ལྟའི་དུས་འདིར་མཁས་པའི་གསུང་རབ་ལ་མཇལ་ཏེ་མིག་ཆུ་གཏོང་མཁན་དང་དཔའ་བོའི་ཞལ་ཆེམས་ལ་མཇལ་ནས་ན་ཟུག་སྐྱེས་མཁན་དཀོན་ཡང་། ང་ཚོ་རིགས་རྒྱུད་གཅིག་དང་དཀའ་སྡུག་གཅིག་གི་འོག་གནས་ཡོད་པའི་ཆ་ནས། སྒྲིག་འཛུཊ་དང་ཚོགས་སྡེ། མི་སྒེར་བཅས་ནས་མི་རིགས་འདིའི་ཆེད་དུ་གཤེགས་པའི་དཔའ་བོ་དག་གི་ཞལ་ཆེམས་ལག་བསྟར་གནང་རྒྱུ་ཧ་ཅང་གལ་ཆེན་དུ་མཐོང་གི་འདུག གལ་ཏེ། ང་ཚོས་མི་རབས་འདིའི་ངོས་ནས་ཁོང་རྣམ་པའི་བློས་གཏོང་དང་ཞལ་ཆེམས་སྣང་མེད་དུ་བཞག་ཚེ་ལོ་རྒྱུས་ཀྱིས་མི་རབས་འདི་ཐར་བ་གཏོང་མི་སྲིད་ལ། མི་རབས་རྗེས་མ་ཚོས་དེ་བས་ཀྱང་ཐར་བ་གཏོང་མི་སྲིད་སྟབས། ང་ཚོ་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཡོངས་ནས་རྒྱལ་གཅེས་པ་དག་གི་ཞལ་ཆེམས་ལ་ཞིབ་གཟིགས་གནང་རྒྱུ་གལ་ཆེན་ཡིན་པ་མ་ཟད། ལྷག་པར་དུ་དྲོད་མ་ཡལ་བའི་དཔའ་བོའི་ཞལ་ཆེམས་ལག་བསྟར་བྱས་ཏེ་བོད་སྤྱི་བའི་རྩ་དོན་ལ་འབད་པ་བྱ་རྒྱུ་ལས། རང་གི་ཁྱིམ་ཚང་དང་ཉེ་རིང་གི་འཚོ་བ་ཙམ་ལ་མགོ་འཁོར་མི་རུང་བར་སེམས་སོ།།