མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསམ་འཆར་ཡིག་ཆའི་ནང་ཕུན་དབང་གི་ཚིག་དང་དགོངས་ཚུལ་མང་པོ་བཅུག་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༠༤/༢༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གངས་སྐྱིད་དུ་འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་གི་སྐོར་ལ་བགྲོ་གླེང་གོ་སྒྲིག་གནང་བའི་ཐོག ཕྱི་ལོ་ ༡༩༢༠ རྩ་གྲངས་ནས་ད་ལྟའི་བར་བོད་པའི་སྤྱི་ཚོགས་ནང་འབའ་བ་ཕུན་ཚོཊ་དབང་རྒྱལ་ལྟ་བུ་ཞིག་བྱུང་བ་དེ་བསམ་ཡུལ་ལས་འདས་པ་ཞིག་ཡིན་པ་མ་ཟད། ང་ཚོས་ཡག་སྡུག་གང་ནས་བལྟས་ཀྱང་ཁོང་ལྟ་བུ་ཞིག་བྱུང་བ་དེ་བོད་མི་རིགས་ཀྱི་གཟི་བརྗིད་རེད་ཅེས་བསྔཊ་བརྗོད་བྱེད་མཁན་ཡང་བྱུང་སོང་།

དེ་རིང་ཕྱི་ཚེས་ ༡༩ ཉིན་སྔ་དྲོའི་ཆུ་ཚོད་ ༨།༣༠ ཡས་མས་སུ། གངས་སྐྱིད་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་བཞུགས་སྒར་འབའ་བ་སྐྱིད་སྡུག་གི་གོ་སྒྲིག་འོག་༼འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་གི་སྐུ་ཚེའི་ལོ་རྒྱུས་དང་བོད་ཀྱི་ལས་དབང་།༽ཞེས་པའི་བརྗོད་གཞི་ཐོག་བགྲོ་གླེང་ཞིག་ཚོགས་སོང་། བགྲོ་གླེང་ཐོག་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་། ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག རྩོམ་པ་པོ་ཆུང་ཚེ་རིང་ལགས། བོད་མི་མང་སྤྱི་འཐུས་རོང་བོ་བློ་བཟང་སྙན་གྲགས་ལགས། ཟུར་ཉན་དུ་སྤྱི་འཐུས་དང་གཞུང་ཞབས་ལས་བྱེད། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་མི་དང་བཞུགས་སྒར་འབའ་བ་སྐྱིད་སྡུག་གི་ཚོགས་མི་བཅས་འཛོམས་འདུག

བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྐབས། འབའ་བ་ཕུན་ཚོགས་དབང་རྒྱལ་གྱི་སྐུ་ཚེ་གཅིག་གི་མཛད་རྗེས་དང་དགོངས་པ་བཞེས་ཕྱོགས་ཐོག་བགྲོ་གླེང་གོ་སྒྲིག་གནང་བར་རྗེས་སུ་ཡི་རངས་ཡོད། ཁྱད་པར་དུ་འཕགས་པའི་མི་སྣ་གང་འདྲ་ཞིག་ཡིན་ཡང་། དེའི་བཀའ་དྲིན་བསམ་པ་དང་རྗེས་དྲན་བྱེད་རྒྱུ་གཙོ་བོ་ཁོ་རང་གི་དགོངས་པ་བཞེས་ཕྱོཊ་དང་། སྐུ་ཚེའི་རིང་རྩ་ཆེན་པོའི་འདུན་པ་བསྒྲུབ་རྒྱུའི་ཐབས་ཤེས་གནང་བ་དེ་དག་རྗེས་དྲན་བྱེད་རྒྱུ་དེ་རེད། འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་གི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་ཕྱོགས་ཀྱི་ལངས་ཕྱོགས་དང་དབུ་མའི་ལམ་གྱི་དགོངས་དོན་ཞེས་པའི་ཐོག་སྐད་ཆ་བཤད་རྒྱུ་ཧ་ཅང་ཁ་པོ་རེད། གང་ཡིན་ཞེ་ན། ཕུན་དབང་གིས་མི་རིགས་གནད་དོན་ཐག་གཅོད་བྱེད་ཕྱོགས་སྐོར་གྱི་ཞིབ་ཚགས་པོ་ཞིག་ངས་ཤེས་ཀྱི་མེད། ཉེ་ཆར་རང་ལ་དཔར་དུ་བསྐྲུན་པའི་མི་རིགས་གནད་དོན་སྐོར་གྱི་དེབ་དེ་གསོལ་རས་གནང་སོང་མོད་མཇལ་རྒྱུ་བྱུང་མ་སོང་། དེའི་ནང་ཞིབ་ཚགས་པོའི་ཐོག་ནས་མི་རིགས་གནད་དོན་དང་། ལྷག་པར་དུ་བོད་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་ཕྱོགས་སྐོར་ལ་ཁོ་རང་ཆུང་དུས་ནས་སྐུ་ངལ་བསྐྱོན་བསྡད་པ་ཞིག་དང་། ལོ་ ༡༨ རིང་བཙོན་དུ་སྡོད་དགོས་པ་དེ་ཡང་བོད་མི་རིགས་ཀྱི་བསམ་བློ་ཤུགས་ཆེན་ཡོད་པ་དེའི་དབང་གིས་ས་གནས་མི་རིགས་རིང་ལུགས་ཀྱི་བག་ཆགས་དོར་མི་འདུག་ཅེས་མི་རིགས་ཆེན་པོའི་རིང་ལུགས་འཛིན་མཁན་ཚོས་ཉེས་མེད་ཉེས་འཛུཊ་བྱས་བཞག་པ་ཞིག་རེད། དེར་བརྟེན། ཕྱག་དཔེ་དེའི་ནང་ཞིབ་ཚགས་པོ་ཡོད་མདོག་ཁ་པོ་རེད་བསམ་གྱི་འདུག དེའི་སྔོན་ལ་རྒྱ་ནག་གི་དབུ་ཁྲིད་ཚོར་དགོངས་འཆར་ཡིག་ཆ་བཏོན་པ་ཞིག་དང་། ལྷག་པར་དུ་མི་རིགས་འདྲ་མཉམ་དང་མི་རིགས་མཐུན་སྒྲིལ་སྐོར་ལ་རྩོམ་རིང་པོ་ཞིག་ཡོད་པ་རེད། དེ་བཞིན། བརྒྱད་ཅུ་གྱ་གྲངས་ནང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བསྐྱར་བཅོས་བྱེད་སྐབས། མི་རིགས་འདྲ་མཉམ་གྱི་ཚིག་དེ་རྩལ་དུ་འདོན་དགོས་པའི་སྐོར་ལ་སྙན་ཞུ་རིང་པོ་ཞིག་ཡོད་པ་རེད། དེ་ངས་ཆ་ཚང་བཀླགས་པ་ཡིན། དེ་དག་གི་ཐོག་ནས་སྔར་སྲོལ་དབུ་མའི་ལམ་གྱི་སྲིད་བྱུས་རིམ་པས་ཐག་གཅོད། ང་ཚོའི་བཀའ་ཤག་གི་སྐབས་སུ་ཐག་གཅོད་བྱས་པའི་བརྒྱུད་རིམ་དང་། ལྷག་པར་དུ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་ནང་ཕུན་དབང་ལགས་ཀྱི་རྩོམ་ཡིག་གི་ནང་ནས་དོན་དག་མང་པོ་བླངས་ཡོད་པ་རེད། ང་ཚོའི་བོད་པའི་བཤད་སྟངས་ལྟར་ཚིག་རྐུ་མ་བརྐུས་མེད་ཀྱང་། ཕུན་དབང་ཁོང་གིས་མཁྱེན་པའི་ཐོག་ནས་དེའི་ནང་ནས་ཚིག་མང་པོ་ང་ཚོའི་བསམ་འཆར་ཡིག་ཆའི་ནང་བེད་སྤྱོད་བཏང་ཡོད་པ་རེད། གང་ཡིན་ཞེ་ན་ཚིག་ཏེ་ལྟ་གྲུབ་ཀྱི་ཚིག་ཅིག་ཡིན་སྟབས། ཚིག་ནུས་པ་ཅན་ཞིག་བེད་སྤྱོད་མ་བཏང་བ་ཡིན་ན། ནང་དོན་འགྱུར་བའི་ཉེན་ཁ་ཡོད་སྟབས་བེད་སྤྱོད་བཏང་བ་རེད། དེ་ཚོའི་སྐོར་ལ་ང་ཕྲན་བུ་རྒྱུས་ཡོད་པ་རེད། དེ་བཞིན་བསམ་འཆར་ཡིག་ཆ་བཟོ་བའི་སྐབས་སུ་གོ་བསྡུར་དགོངས་འཆར་ཞུ་བ་དེ་འདྲ་བྱུང་ཡོད་སྟབས། དེ་དག་གི་ཆ་ནས་ཕུན་དབང་ལགས་ཀྱིས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་ཕྱོགས་ཀྱི་ལངས་ཕྱོཊ་དེ་མཱ་ཁི་སི་དང་ལེ་ཉིན་གྱི་མི་རིགས་ལྟ་གྲུབ་ཀྱི་ལངས་ཕྱོགས་ཧ་ཅང་གསལ་བོ་རེད། ཕུན་དབང་ལྟ་བུའི་མཱ་ཁི་སི་དང་ལེ་ཉིན་གྱི་ལྟ་གྲུབ་ཚད་མཐོ་བོ་བྱེད་མཁན་བོད་པའི་སྤྱི་ཚོགས་ཙམ་དུ་མ་ཟད། རྒྱ་ནག་དང་ར་ཤི་ཡའི་ནང་དུའང་དཀོན་པོ་ཡིན་རྒྱུ་རེད་བསམ་གྱི་འདུག རྩོད་སྒྲུབ་དངོས་གཙོ་རིང་ལུགས་ཀྱི་ལྟ་བ་དང་། ལྷག་པར་དུ་རྩོད་སྒྲུབ་ཀྱི་རིག་པའི་ལམ་གྱི་འགྲོ་སྟངས་ལ་ཧ་ཅང་མཁས་པ་རེད། ཁོང་གིས་བྲིས་གནང་བའི་རྩོད་སྒྲུབ་དངོས་གཙོ་རིང་ལུགས་ཀྱི་དེབ་ཆུང་ཆུང་ཞིག་ཡོད་པ་རེད། བཙོན་ཁང་ནས་བྲིས་གནང་བ་རེད། ཧ་ཅང་གོ་ཁག་པོ་ཡོད་པ་རེད། དེ་ཀློག་པ་ཡིན་ན། ང་ཚོའི་དབུ་མ་དང་ཚད་མར་སྦྱངས་བ་བྱས་མྱོང་མཁན་དེ་ཚོས་གང་ལ་གང་འཚམ་མཁྱེན་གྱི་རེད། ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་གསུངས་དོན། སྤྱིར་འབའ་བའི་ནང་མཁས་པ་མང་པོ་ཡོད་པ་ང་ཚོའི་མི་རབས་ལ་ཆ་བཞག་ན། ང་ཚོ་གྲྭ་ས་བསླེབ་སྐབས་འབྲས་སྤུངས་བློ་གསལ་གླིང་ལ་ཆ་བཞག་ན་འཕགས་པའི་རྒྱ་མཚན་རྣམ་གསུམ་ཞེས། རྒན་ཉི་མ་རྒྱལ་མཚན་དང་རྒན་པདྨ་རྒྱལ་མཚན། རྒན་རྒྱལ་མཚན་ཞེས་ཁོང་ཚོ་མཁས་པའི་ཕུལ་དུ་ཕྱིན་པ་དེ་འདྲ་རེད། ང་ཆོས་དེ་འདྲ་བསམ་མྱོང་། ཕུན་དབང་ལྟ་བུ་གྲྭ་སར་ཡོང་སྟེ་གྲྭ་བ་བྱས་ཡོད་ན། འགྲན་ཟླ་མེད་པའི་མཁས་དབང་ཞིག་ཆགས་ཡོད་པ་རེད་བསམ་གྱི་འདུག ཁ་ཕྱོགས་གཞན་ཞིག་ལ་ཕྱིན་ཡོད་སྟབས། ཁོང་མཱ་ཁི་སི་རིང་ལུགས་ཀྱི་མཁས་པ་ཆེན་པོ་ཞིག་ཆགས་པ་རེད། མཱ་ཁི་སི་རིང་ལུགས་དེ་ཆབ་སྲིད་ཚན་རིག་དང་སྤྱི་ཚོགས་ཚན་རིག་རྐྱང་མ་རེད། སྤྱིར་བཏང་མཱ་ཁི་སི་རིང་ལུགས་ཡོང་དགོས་དོན་ནུབ་ཕྱོཊ་ཀྱི་སིམ་འཛུལ་རིང་ལུགས་ཀྱི་ལྟ་གྲུབ་ཀྱི་འགལ་ཟླར་བྱུང་བའི་ལྟ་གྲུབ་ཅིག་ཡིན་སྟབས། ལྟ་གྲུབ་ཀྱི་ཆ་ནས་གཏིང་ཟབ་པོ་དང་ཧ་ཅང་མཁྲེག་པོ་རེད། ཅེས་སོགས་གསུངས་སོང་།

ཡུ་རོབ་དམིཊ་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལཊ་ཀྱིས། འབའ་བ་ཕུན་ཚོཊ་དབང་རྒྱལ་ལགས་ཀྱིས། ཆིངས་ཡིག་དོན་ཚན་བཅུ་བདུན་འཇོག་སྐབས་གསུང་བསྒྱུར་སོགས་ཀྱི་འགན་འཁུར་གནང་སྟེ་བོད་རྒྱའི་སྐུ་ཚབ་བར་གོ་བརྡ་འཕྲོད་པ་ཞིག་དང་གཉིས་ཆར་མོས་མཐུན་བྱེད་པའི་ལམ་དུ་འགྲོ་བར་འབད་བརྩོན་གནང་ཡོད་པ་མ་ཟད། ༡༩༧༩ ལོར་བོད་རྒྱ་གཉིས་ཀ་བསྐྱར་དུ་འབྲེལ་བ་བྱུང་སྐབས་སྐུ་ངོ་རྒྱལ་ལོ་དོན་གྲུབ་དང་ཕུན་ཚོགས་དབང་རྒྱལ། པཎ་ཆེན་རིན་པོ་ཆེ་དང་ང་ཕོད་བཅས་དང་མཇལ་འཕྲད་ཡོད་པ་དང་། གཟིགས་སྐོར་བ་དང་པོ་དང་གཉིས་པ་རྒྱ་ནག་ནང་ཕེབས་སྐབས་ཡང་ཕུན་དབང་དང་པཎ་ཆེན་རིན་པོ་ཆེ། ང་ཕོད་བཅས་ལ་མཇལ་འཕྲད་གནང་ཡོད་སྐོར། ༡༩༨༢ དང་ ༡༩༨༤ ལོ་བཅས་སུ་སྐུ་ཚབ་རྒྱ་ནག་ནང་ཕེབས་སྐབས་ཁོང་དང་མཇལ་འཕྲད་ཀྱི་ལམ་སྟོན་ཞུས་ཡོད་པ་དང་། ༢༠༠༢ ལོར་རྒྱ་རི་རིན་པོ་ཆེ་དང་ཁོང་གཉིས་ཀྱིས་འགན་འཁུར་ཏེ་བོད་རྒྱ་འབྲེལ་མོལ་གནང་སྐབས་ཕུན་ཚོགས་དབང་རྒྱལ་དང་མཉམ་དུ་འབྲེལ་བ་མང་པོ་བྱུང་ཡོད་སྐོར་དང་། ཁོ་རང་ཡང་ཕུན་ཚོགས་དབང་རྒྱལ་ལ་ཐེངས་ཁ་ཤས་མཇལ་བའི་གོ་སྐབས་བྱུང་སྐབས། ཕུན་དབང་གཤིས་ཀ་འཇམ་པོ་དང་ལྷོད་ལྷོད། བཀའ་མོལ་གནང་སྐབས་དགོངས་པ་བཞེས་མཁན་ཞིག་ལས་གང་བྱུང་མང་བྱུང་དང་། བེད་མེད་ཀྱི་སྐད་ཆ་བཤད་མཁན་ཞིག་མིན་པ་དང་། མི་གཞན་གྱི་བཤད་པའི་སྐད་ཆའི་བར་གསེང་དུ་དྲི་བ་འདྲ་མིན་བཏོན་མཁན་ཞིག་མིན་པར། ཞིབ་ཚགས་ཀྱིས་ཉན་པ་དང་བསམ་གཞིགས་ནན་གྱིས་གཏོང་མཁན་ཞིག་ཡིན་ཚུལ་སོགས་གསུངས་བྱུང་།

སྐལ་བཟང་རྒྱལ་མཚན་མཆོག་གིས། དེ་རིང་བགྲོ་གླེང་བ་ཞིག་གིས་ངྷ་རམ་ས་ལའི་ལངས་ཕྱོཊ་དང་ཕུན་དབང་གི་ལངས་ཕྱོཊ་དོན་ཚན་གཅིག་གི་ཐོག་ཏག་ཏག་བསྡད་ཀྱི་མེད་པ་དང་། ཕུན་དབང་ལྟར་ན་བོད་ཀྱི་གནད་དོན་ཆིངས་ཡིག་དོན་ཚན་བཅུ་བདུན་ནས་ཐག་བཅད་ཚར་བ་རེད་ཅེས་ཤོད་ཀྱི་འདུག ད་ལྟ་སྐད་ཆ་བཤད་དགོས་པ་དང་ཞིབ་འཇུག་ཡོང་དགོས་པ་དེ་འཕྲོ་ལྷག་གི་གནས་ཚུལ་ཁག་ཅིག་གི་ཐོག་གོ་བསྡུར་གནང་གི་ཡོད་པ་རེད་ཅེས་གསུངས་གནང་སོང་། ང་རང་གི་བསམ་པར། ཁོང་དང་ང་ངྷ་རམ་ས་ལར་སྐད་ཆའི་ཚིག་བེད་སྤྱོད་གཏོང་སྟངས་ལོགས་ཀ་ཡིན་ཡང་། དོན་གྱི་ཐོག་ནས་ལངས་ཕྱོགས་མི་འདྲ་བ་ཡིན་པར་ང་རང་གིས་གོ་བ་ལེན་གྱི་མེད། ཚང་མས་དབུ་མའི་ལམ་གྱིས་བོད་མིར་ཐོབ་ཐང་གང་འདྲ་ཞིག་རྩོད་གནང་གི་ཡོད་པ་མཁྱེན་གསལ་རེད། ང་ཚོའི་ཕྱོགས་ནས་རང་བཙན་དང་ཁ་བྲལ་རྩོད་ཀྱི་མེད་སྟབས། རྒྱ་བོད་གཉིས་ཞི་མོལ་བྱས་ཏེ་རང་སྐྱོང་རག་ཐབས་ཀྱི་ལངས་ཕྱོགས་དང་། ཕུན་དབང་གིས་ཆིངས་ཡིག་དོན་ཚན་བཅུ་བདུན་གཞིར་བཞག་སྟེ། དེ་ལག་བསྟར་ཡག་པོ་ཁེལ་མེད་པ་དང་དེའི་ནང་འཁོད་མེད་པར་ལྷག་ཡོད་པའི་གནས་ཚུལ་མང་པོར་གོ་བསྡུར་བྱེད་དགོས་ཞེས་པ་དེ་དང་དབུ་མའི་ལམ་བར་གྱི་ལངས་ཕྱོགས་ལ་འགལ་ཟླ་མཐོང་གི་མེད། ཁོང་གིས་བཀའ་མོལ་འདི་འདྲ་ཞིག་གནང་དགོས་པའི་རྒྱུ་མཚན་འདི་མིན་ནམ་བསམ་གྱི་འདུག ཚང་མས་མཁྱེན་གསལ་ལྟར་ ༡༩༧༩ ལོར་སྐུ་ངོ་རྒྱལ་ལོ་དོན་གྲུབ་ཏིན་ཞའོ་ཕིན་ལ་ཐུག་སྐབས། ཏིན་ཞའོ་ཕིན་གྱི་གསལ་བོ་བྱས་ཏེ་རྒྱ་བོད་གཉིས་ཞི་མོལ་འགྲོ་རྒྱུའི་གཞི་རྩ་ཞིག་བཏིང་ཡོད་པ་རེད། གཞི་རྩ་དེ་རང་བཙན་དང་ཁ་བྲལ་གྱི་སྐད་ཆ་མ་བཤད་པ་ཡིན་ན། དེ་ནས་ག་རེ་ཡིན་ཡང་སྐད་ཆ་བཤད་ན་འགྲིག་གི་རེད་ཅེས་པ་དེ་རེད། གནས་ཚུལ་དེ་ཕུན་ཚོགས་དབང་རྒྱལ་གྱི་གསལ་བོ་ཤེས་ཀྱི་རེད། དེར་བརྟེན། ཕུན་ཚོགས་དབང་རྒྱལ་ཁོ་རང་གིས་བོད་ཀྱི་གནད་དོན་གཙོ་བོ་ཆིངས་ཡིག་དོན་ཚན་བཅུ་བདུན་ནང་ཐག་བཅད་ཚར་བ་རེད། ལྷག་ཡོད་པའི་གནས་ཚུལ་ཐོག་གོ་བསྡུར་གནང་གི་ཡོད་པ་རེད་ཅེས་པ་གསུངས་དོན་དེ་མིན་ནམ་བསམ་གྱི་འདུག ཅེས་གསུངས་སོང་།

ཡང་ཁོང་གིས། ཕུན་དབང་ལགས་དང་། ཁོང་དང་འབྲེལ་བའི་པཎ་ཆེན་རིན་པོ་ཆེ། ང་ཕོད་བཅས་ཀྱིས་དུས་ཚོད་ཧ་ཅང་འཁྲུག་པོ་ཞིག་དང་དཀའ་ངལ་ཆེན་པོ་ཞིག་གི་འོག་ཐག་གཅོད་དང་འདེམས་ཀ་མང་པོ་གནང་དགོས་བྱུང་བ་རེད། ཐག་གཅོད་དང་འདེམས་ཀ་བྱས་བཞག་པ་དེ་དག་ལོ་རྒྱུས་ཀྱི་ཐོག་ནས་འགྲིག་ཡོད་མེད་གཅིག་བྱས་ན་ད་ལྟ་བཤད་རྒྱུ་སྔ་དྲགས་ཡོད་རྒྱུ་རེད་བསམ་གྱི་འདུག མ་འོངས་པར་གསལ་བོ་ཆགས་སྲིད་པ་རེད། ཡིན་ནའང་། ཕུན་དབང་གི་ཐོག་ནས་གསལ་བོ་གང་རེད་ཅེ་ན། སྤྱིར་བཏང་བོད་པའི་སྤྱི་ཚོགས་དེ་ནང་པའི་སྤྱི་ཚོགས་ཤིག་ཆགས་ཡོད་པ་རེད། ཀུན་སློང་བཟང་པོ་ཡོད་མེད་གཙོ་བོ་རེད། དོན་དག་འགྲུབ་མ་འགྲུབ་དེ་རྒྱུ་དང་རྐྱེན་མང་པོར་རག་ལུས་ཡོད་པ་རེད། གཙོ་བོ་ཀུན་སློང་རེད། ཕུན་ཚོགས་དབང་རྒྱལ་གྱིས་ཀུན་སློང་ཡང་དག་པ་མིན་པ་ཞིག་འཁུར། སོ་སོ་སྒེར་གྱི་དབང་ཆ་དང་རྒྱུ་བཅས་ཀྱིས་ཅིག་བྱས་པ་རེད་ཅེས་ཁོ་རང་གི་ལོ་རྒྱུས་ལ་གཟིགས་པ་ཡིན་ན་བཤད་མ་ཤེས་པ་ཞིག་རེད། ཁོ་རང་གི་ཐག་གཅོད་བྱས་བཞག་པ་དང་རེ་བ་གནང་བཞག་པ། འདེམས་ཀ་དེ་དག་འགྲིག་ཡོད་མེད་ཀྱི་ཐད་ང་ཚོས་ཚེར་སྣང་བྱེད་དགོས་མེད་ན་བསམ་གྱི་འདུག ཅེས་གསུངས་སོང་།

རྩོམ་པ་པོ་ཆུང་ཚེ་རིང་ལགས་ཀྱིས་གཏམ་བཤད་གནང་སྐབས། སྤྱིར་བཏང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་རྙོག་གྲ་ཚ་བོ་ཡིན་པ་ལྟར། ཕུན་ཚོགས་དབང་རྒྱལ་ལགས་ལ་མཚོན་ན་རྙོག་འཛིང་ཆེན་པོ་ཞིག་གི་ནང་ཡོང་བའི་མི་ཞིག་ཡིན་སྟབས། ཁོང་ལ་ལྟ་སྟངས་མ་འདྲ་བ་ཡོང་བཞིན་པ་དེ་ཆོས་ཉིད་ཅིག་ཡིན་པ་དང་། ལྟ་སྟངས་འདྲ་མིན་ཡོང་བཞིན་པ་དེ་ཡང་ཁོང་དང་ཐག་རིང་པོར་མཇལ་མྱོང་མེད་མཁན་ཙམ་མ་ཟད། ཉིན་རེར་འདྲིས་པའི་མི་དང་ཁོང་གི་ཕྲུ་གུའི་ཁྲོད་དུའང་ཁོང་གི་མི་ཚེར་གདེང་འཇོག་བྱེད་སྟངས་མི་འདྲ་བ་ཡོང་གི་ཡོད་པ་དང་། ལྷག་པར་དུ་ཁོང་ལ་ཆེ་བསྟོད་དང་བསྔགས་བརྗོད་ཤུགས་ཆེན་གནང་མཁན་༧གོང་ས་མཆོག་གིས་ཀྱང་དབྱིན་ཡིག་མཛད་རྣམ་ནང་ཕུན་ཆོགས་དབང་རྒྱལ་རྒྱ་མི་བོད་ནང་འཁྲིད་ཡོང་མཁན་རེད་ཅེས་བྲིས་གནང་ཡོད་སྟབས། ཁོང་ལ་ལྟ་སྟངས་མི་འདྲ་བ་ཡོང་གི་ཡོད་པ་དེ་ཆོས་ཉིད་དང་མཐུན་པ་ཞིག་ཡིན་སྐོར་སོགས་བརྗོད་བྱུང་། ཁོང་གིས་རིམ་དང་པོ། ཕུན་ཚོགས་དབང་རྒྱལ་གྱིས་བོད་རིཊ་དམར་ཤོག་ཚོཊ་པ་བཙུཊ་པ་ནས་ ༡༩༤༦ བར་ཁོང་གིས་ས་ཁོངས་ཀྱི་ཆ་ནས་བོད་ཆོལ་ཁ་གསུམ་གཅིག་གྱུར་བཟོ་རྒྱུ་དང་། ལམ་ལུགས་ཀྱི་ཆ་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པར་བཟོས་ནས་འདྲ་མཉམ་དང་དམངས་གཙོའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཤིག་མགོ་འཛུཊ། བདག་དབང་གི་ཆ་ནས་མི་རིགས་གཞན་གྱིས་བཙན་གནོན་དང་། ལྷག་པར་དུ་གོ་མིན་ཏང་གིས་བཙན་གནོན་མེད་པའི་རང་བཙན་གྱི་རྒྱལ་ཁབ་ཅིག་འཛུཊ་རྒྱུའི་བསམ་ཚུལ་ལྟ་ཚུལ་བྱུང་པ་དང་། ལྟ་ཚུལ་དེ་མངོན་འགྱུར་ཡོང་ཆེད་རྒྱ་ནག་དང་མདོ་ཁམས། དབུས་གཙང་ས་ཁུལ་བཅས་སུ་བོད་རིགས་དམར་ཤོག་ཚོགས་པའི་ཡན་ལག་ཚོགས་པ་མང་པོ་བཙུགས་ཏེ། སྤྱི་ཚོགས་ནང་ལྟ་བ་གསར་བ་ཁྱབ་སྤེལ་གཏོང་ཐབས་དང་། བོད་ཤར་ཕྱོགས་ཁུལ་དུ་ཇག་དམག་གི་སྒྲིག་འཛུགས་འཛུགས་ཐབས། རྒྱ་ནག་དང་རྒྱ་གར། ཨུ་རུ་སུ་བཅས་ཀྱི་དམར་ཤོག་ཚོགས་པ་མཉམ་འབྲེལ་བ་གནང་རྒྱུ་བཅས་རིམ་པས་རྒྱལ་སྤྱིའི་གུང་ཁྲན་གྱི་སྤྱི་ཚོགས་འཛུཊ་རྒྱུའི་ཐབས་ཤེས་གནང་བ། ལྷག་པར་དུ་བོད་གཞུང་གི་བཀའ་བློན་ཟུར་ཁང་དང་གནད་ཡོད་མི་སྣར་མཇལ་ཏེ་ལེགས་བཅོས་གཏོང་རྒྱུའི་བསམ་ཚུལ་ཞུས་ཏེ་ཐབས་ཤེས་གནང་ཡང་། མཐའ་མར་ཐབས་ཤེས་ཚང་མ་ལེགས་འགྲུབ་མ་བྱུང་བར། ༡༩༤༩ ལོར་བོད་གཞུང་དགའ་ལྡན་ཕོ་བྲང་གི་མངའ་ཁོངས་ནས་ཁོང་གོ་མིན་ཏང་དང་མཉམ་དུ་ཕྱིར་འཕུད་བཏང་ཡོད་སྐོར་སོགས་བརྗོད་བྱུང་།

ཁོང་གིས་མུ་མཐུད། ༡༩༤༩ ནས་ ༡༩༧༩ བར་ཁོང་ལ་བོད་རྒྱ་ནག་དང་ཁ་བྲལ་མི་དགོས་པར་རྒྱ་ནག་གི་རྩ་ཁྲིམས་འོག་རྒྱ་མི་རིགས་དང་མཉམ་གནས་བྱེད་པའི་ལྟ་ཚུལ་བྱུང་བ་རེད། དེའི་བྱུང་རྐྱེན་ ༡༩༤༦ ལོར་ཟུར་ཁང་བ་སོགས་ལ་མཇལ་ཏེ་བོད་གཞུང་གི་སྐོར་འགྱུར་བ་གཏོང་དགོས་པ་དང་། བོད་ཤར་ཕྱོགས་སུ་ཇག་དམག་སྒྲིག་འཛུཊ་འཛུགས་པའི་གོ་བསྡུར་རིམ་པ་ལམ་ལྷོང་མ་བྱུང་བ། རྒྱ་གར་དང་ཨུ་རུ་སུའི་དམར་ཤོག་ཚོགས་པ་དང་འབྲེལ་བ་བསམ་ཚུལ་བཞིན་མ་བྱུང་བ། ཁམས་ཁུལ་ཏུ་ཇག་དམག་གི་སྒྲིག་འཛུཊ་བཙུགས་ཏེ་ས་ཆ་འཛིན་རྒྱུའི་འཆར་གཞི་ལམ་ལྷོང་མ་བྱུང་བ། མཐའ་མར་ཁོ་རང་དགའ་ལྡན་ཕོ་བྲང་མངའ་ཁོངས་ནས་ཕྱིར་འཕུད་བཏང་བ་བཅས་ཀྱིས་དབང་གིས་ཁོང་མར་ཁམས་ཕྱོགས་སུ་ཕེབས་ཡོད་པ་དང་། སྐབས་དེར་རྒྱ་ནག་གུང་ཁྲན་དམར་པོས་གང་ཅིའི་ཐོག་ཡིད་འཕྲོག་བསྡད་པ། རྒྱབ་ལྗོངས་ཀྱི་ཆ་ནས་དམར་ཤོག་གི་བག་ཆགས་ཤུགས་ཆེན་པོ་ཡོད་སྟབས། བོད་རིགས་གུང་ཁྲན་ཚོགས་པ་དེ་ལས་སླ་བོའི་ཐོག་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཟླ་སྒྲིལ་བཏང་བ་སོགས། གང་ལྟར། རྒྱ་ནག་གིས་སྐབས་དེར་མི་རིགས་ལྔ་བཅུ་ང་གྲངས་བོ་མཐུན་སྒྲིལ་དང་འདྲ་མཉམ། ཕན་ཚུན་རོགས་རམ་གྱི་ཐོག་ནས་མཉམ་དུ་བདེ་སྐྱིད་ལྡན་པའི་རྒྱལ་ཁབ་ཅིག་འཛུཊ་བསྐྲུན་བྱེད་རྒྱུ་དེར་ཡིད་ཆེས་བྱས་པ་རེད། དེ་བྱས་སྐབས་ལྟ་ཚུལ་མངོན་འགྱུར་ཡོང་ཆེད་ཕུན་དབང་གིས། བོད་པའི་དམར་ཤོག་ཚོགས་པ་དང་རྒྱ་ནག་དམར་ཤོག་ཚོགས་པ་གཉིས་ཟླ་སྒྲིལ་བཏང་བ་རེད། བོད་གཞུང་དགའ་ལྡན་ཕོ་བྲང་ལ་བཙན་འཛུལ་བྱེད་མཁན་གྱི་རྒྱ་ནག་གི་དམག་མིར་བརྡ་བཏང་བ་རེད། བོད་ལ་བཙན་འཛུལ་དཔུང་འཇུག་བྱེད་མཁན་གྱི་གྲོས་བསྡུར་རིམ་པའི་ནང་འཛུལ་ཞུགས། ཆབ་མདོར་བཙན་འཛུལ་བྱས་ཚར་རྗེས་ང་ཕོད་ལ་དངོས་སུ་ཐུག་ནས་རྒྱ་ནག་གུང་ཁྲན་གྱི་སྲིད་ཇུས་འགྲེལ་བཤད་བྱས་བ་རེད། ༡༩༥༡ ལོར་ཕྱོགས་གཅིག་ནས་བོད་རྒྱ་གྲོས་མོལ་བྱེད་སྐབས་ཕན་ཚུལ་འགལ་ཟླ་ཤུགས་ཆེན་མི་ཡོང་བའི་ཆེད་བར་མི་དང་། ཕྱོགས་གཅིག་ནས་ཟུར་ཉན་དང་སྐད་བསྒྱུར་བཅས་ཆབ་སྲིད་ཐད་འབད་བརྩོན་བྱས་པ་རེད།

ལྟ་ཚུལ་གསུམ་པ། བརྒྱད་ཅུ་གྱ་གྲངས་ནས་ད་ལྟའི་བར་རེད། ང་རང་གི་ངོས་ནས་དེའི་ཐོག་ལ་ཞིབ་ཕྲ་བལྟ་དགོས་པ་མང་པོ་འདུག་བསམ་གྱི་ཡོད། ཁོང་གི་ལྟ་སྟངས་སྐོར་གྱི་ཚིག་གཅིག་དྲངས་པ་ཡིན་ན། ཁོང་བོད་ཀྱི་གནད་དོན་ཐོག་ག་དུས་ཡིན་ཡང་བོད་ཀྱི་འཕྲོ་ལུས་གནད་དོན། འཕྲོ་ལུས་གནད་དོན་ཞེས་གཞི་རྩའི་ཆ་ནས་བོད་ཀྱི་གནད་དོན་ ༡༩༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་དུས་ནས་གཞི་རྩའི་བོད་ཀྱི་གནད་དོན་ཐག་གཅོད་བྱས་ཚར། དེའི་འཕྲོར་ལུས་བསྡད་པའི་གནས་ཚུལ་སྐོར་ལ་ཚིག་དེ་བེད་སྤྱོད་གཏོང་གི་འདུག འཕྲོ་ལུས་གནད་དོན་ཟེར་ན་ག་རེ་རེད་ཅེས་ལབ་སྐབས། དེ་ ༡༩༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་ལག་བསྟར་ཡག་པོ་མ་བྱུང་བ་དང་། རྒྱ་ནག་གི་རྩ་ཁྲིམས་དང་ཁྲིམས་ཡིག་ཁག་ནང་གསལ་བའི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་དང་སྲིད་ཇུས་དོན་འཁྱོལ་མ་བྱུང་བ། རྒྱ་ནག་གི་རྩ་བའི་སྲིད་ཇུས་དང་ལངས་ཕྱོགས་དེ་གུང་ཁྲན་རིང་ལུགས་ཀྱི་ལྟ་ཚུལ་ལྡོག་ཕྱོགས་ཤིག་རྒྱ་མི་རིགས་ཆེན་པོས་མི་རིགས་ཆུང་བ་ཚོར་བརྙས་བཅོས་བྱེད་ཀྱི་ཡོད་པ་རེད། མང་པོ་ཞིག་གིས་ཕུན་དབང་གིས་གསུང་བཞིན་པའི་བོད་ཀྱི་གནད་དོན་དེ་བོད་མིའི་སྒྲིག་འཛུཊ་ཀྱི་གནད་དོན་དང་འབྲེལ་བ་ཡོད་པའི་ངོས་འཛིན་གནང་གི་འདུག ངའི་བསམ་པར་ཁྱད་པར་འགྲོ་གི་ཡོད་ན་ཁྱད་པར་འགྲོ་སའི་གནད་འགག་དེ་བོད་ཀྱི་ད་ལྟའི་གནས་སྟངས་དེ་འཕྲོ་ལུས་གནད་དོན་ཞིག་རེད་དམ་མ་རེད། ཕུན་དབང་གིས་ངོས་འཛིན་བྱེད་ཕྱོགས་ལྟར་ན་བོད་ཀྱི་གནད་དོན་དེ་འཕྲོ་ལུས་གནད་དོན་ཞིག་རེད་ཅེས་ལབ་ཀྱི་འདུག

མཇུག་ཏུ་ཁོང་གིས། “ ང་ཚོའི་མི་རིགས་རིང་ལུགས་ཞེས་པ་དེ། གཅིག་བྱས་ན་ང་ཚོས་ཁོང་དང་སྦྱར་ན་རྒྱལ་སྤྱིའི་ནང་ཡག་པོ་བརྩི་གི་ཡོད་པ་མ་རེད། ང་རང་གི་ངོས་ནས་རྒྱ་ནག་གིས་ཁོང་མི་རིགས་རིང་ལུགས་པ་རེད་ཅེས་བཤད་པ་ལྟར། ང་ཚོས་ཁོང་དེ་འདྲ་རེད་ཅེས་ལབ་ན་འགྲིག་གི་མ་རེད་བསམ་གྱི་འདུག  ཁོང་གི་མི་ཚེའི་ལྟ་ཚུལ་དེ་དབང་བསྒྱུར་གྲལ་རིམ་དང་དབང་བསྒྱུར་མྱོང་མཁན། གཉའ་གནོན་གཏོང་མཁན་དང་མྱོང་མཁན། ལས་ཀ་གང་འདྲ་ཞིག་ཡིན་ཡང་གཉའ་གནོན་མྱོང་མཁན་གྱི་ཕྱོགས་སུ་ལངས་དགོས་པ་རེད་ཅེས་པ་དེ་ཁོང་གི་མི་ཚེའི་གཏན་ཚིགས་རེད། དེའི་ཆེད་དུ་ཁོང་གི་མི་ཚེ་ཁོ་རང་བློས་གཏོང་གནང་བ་རེད་ལ། འབད་བརྩོན་བྱས་པའང་དེ་རེད། བོད་དང་རྒྱ་ནག་གི་འོག་ཏུ་ཡོད་པའི་གཉའ་གནོན་མྱོང་མཁན་ཚོ་སོ་སོ་རང་བདག་རང་དབང་གི་འཚོ་བ་ཞིག་སྐྱེལ་རྒྱུ་ཡོད་པའི་དོན་དུ་རེད། ཁོང་གི་མི་ཚེའི་ནང་ནོར་བ་དང་འགྲིག་པ་གང་ཡིན་ཡང་། སོ་སོའི་བསམ་ཚུལ་དང་ལངས་ཕྱོགས་དེའི་ཐོག་བཤད་ཕོད་པ་དང་བསྒྲུབ་ཕོད་པ་བློས་གཏོང་ཕོད་པའི་སྙིང་སྟོབས་དང་རྣམ་དཔྱོད་ཡོད་པ་དེ་ཕུན་དབང་གིས་རིན་ཐང་དངོས་ནས་དེ་རེད་བསམ་གྱི་འདུག མི་ཞིག་ལ་ངོས་འཛིན་བྱེད་སྐབས་ཁོང་གི་ཁ་བཤད་དོན་ལ་གནས་མིན་གྱི་ཐོག་ནས་རེད། དེའི་ཐོག་ནས་བཤད་པ་ཡིན་ན། ཁོང་ཁ་ཞེ་གཉིས་མེད་དང་མི་གཤིས་བརྟན་པོ། མི་གསེར་འདྲ་བ་ཞིག་རེད་བསམ་གྱི་འདུག  ཕྱི་ལོ་ ༡༩༢༠ རྩ་གྲངས་ནས་ད་ལྟའི་བར་བོད་པའི་སྤྱི་ཚོགས་ནང་འབའ་བ་ཕུན་ཚོཊ་དབང་རྒྱལ་ལྟ་བུ་ཞིག་བྱུང་བ་དེ་བསམ་ཡུལ་ལས་འདས་པ་ཞིག་ཡིན་པ་མ་ཟད། ང་ཚོས་ཡག་སྡུག་གང་ནས་བལྟས་ཀྱང་ཁོང་ལྟ་བུ་ཞིག་བྱུང་བ་དེ་བོད་མི་རིགས་ཀྱི་གཟི་བརྗིད་རེད” ཅེས་བརྗོད་བྱུང་།

བགྲོ་གླེང་ཐོག་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་༼འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་གི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱ་ཕྱོགས་ཀྱི་ལངས་ཕྱོགས་དང་དབུ་མའི་ལམ་གྱི་དགོངས་དོན།༽ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་༼འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་དང་བོད་རྒྱལ་འབྲེལ་མོལ།༽ རྩོམ་པ་པོ་ཆུང་ཚེ་རིང་ལགས་ཀྱིས་༼འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་གི་སྐུ་ཚེའི་ལོ་རྒྱུས་དང་ཁོང་གི་ལྟ་བ།༽ བོད་ཀྱི་བང་ཆེན་རྩོམ་སྒྲིག་པ་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་༼འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་གི་བོད་ཀྱི་རྒྱལ་རབས་ཀྱི་ལྟ་བ།༽ བོད་མི་མང་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱིས་༼རྒྱལ་བ་པཎ་ཆེན་རྣམ་གཉིས་དང་འབའ་བ་ཕུན་ཚོགས་དབང་རྒྱལ་བར་གྱི་འབྲེལ་བ།༽ སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་༼འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་དང་རྒྱ་ནག་མི་རིགས་སྲིད་བྱུས།༽ བཅས་ཀྱི་ཐོག་སྐར་མ་ ༢༠ ནས་ ༢༥ བར་གཏམ་བཤད་གནང་རྗེས། དཔྱད་གླེང་བ་ཚོས་བརྗོད་གཞི་ཁག་གི་ཐད་སྐར་མ་ ༥ རིང་དཔྱད་བརྗོད་དང་མཇུག་ཏུ་དྲི་བ་དྲི་ལན་གནང་སོང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 3

  1. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    རང་གི་སྐྱེས་སྨན་གསོད་དུ་བཅུག་མཁན། གུང་བྲན་བོད་རིགས་ཀྱི་དཔའ་བོ་དེ་སུ་ཡིན་ནམ། ལགས།

    Reply
  2. དཔའ་ཆེན་དོན་གྲུབ། says:
    ལོ་ 11 སྔོན།

    བགྲོ་གླེང་འདིའི་སྔོན་དུ་ང་ཕོད་མ་དྲན་པ་དེ་ཡ་མཚར་རེད། ལྷག་པར་ཏུ་མཁས་དབང་ཟམ་གདོང་བའི་གསུང་བཤད་ཀྱི་དབུ་བྱང་ནང་དུ་༼མི་རིགས་ཀྱི་གནད་དོན་ཐག་གཅོད་བྱ་ཕྱོགས་ཀྱི་ལངས་ཕྱོགས་༽ཟེར་བ་ཞིག་བཀོད་འདུག འདི་ཁྱད་མཚར་རེད། ཡིག་སྐྱོན་རྩ་ནས་བཤད་ཀྱི་མེད། དོན་རང་གི་སྟེང་ནས་ཕུན་དབང་གི་ལོ་རྒྱུས་དང་འབྲེལ་ནས་གནད་འགག་ཅན་རེད། དང་པོ་ཕུན་དབང་ལ་མི་རིགས་ཀྱི་གནད་དོན་ཐག་གཅོད་ཀྱི་དབང་ཆའམ་དབང་ཚད་གང་བྱུང་མྱོང་། དེ་ལས་ཕྱག་ལས་གང་གནང་མྱོང་། ཡང་ན། མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཚོགས་ཆུང་གང་དུ་ཕྱག་ལས་གནང་མྱོང་།

    དེ་ནས་༧གོང་ས་མཆོག་གིས་སྲིད་དབང་ཡོངས་སུ་རྩིས་སྤྲོད་གནང་ནས་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཀྱི་འགན་དང་པོ་བཞེས་གནང་མཁན་མཁས་པ་ཟམ་གདོང་རིན་པོ་ཆེས་གསུང་བཤད་དེ་ཁ་གསལ་མེད་པ་ཞིག་རེད། གཅིག་ནས་ཁོང་གིས་ཕུན་དབང་གི་མི་རིགས་སྲིད་བྱུས་མི་ཤེས་གསུངས་ཡོད། གཉིས་ནས་ཕུན་དབང་མི་རིགས་ལ་ཤ་ཞེན་ཡོད་པ་བསྒྲགས་གནང་ཡོད། གསུམ་ནས་བསམ་འཆར་ཡིག་ཆའི་ནང་ཕུན་དབང་གི་ཚིག་མང་པོ་ཁོང་གིས་མཁྱེན་པའི་ཐོག་ནས་བེད་སྤྱོད་བྱས་ཡོད་གསུངས། མཐའ་མའི་འབབ་སྟེགས་དེ་སྤྱི་བསྡོམས་བྱས་ཡོང་དུས་ཟམ་གདོང་རིན་པོ་ཆེས་ཕུན་དབང་གི་རྩོམ་ལས་བསམ་འཆར་ཡིག་ཆའི་ནང་བླངས་ཡོད་པ་དེ་ཚོ་གཞུང་ལུགས་ཀྱི་ཚིག་ཡིན་པས་༼ཚིག་ནུས་པ་ཅན་ཞིག་བེད་སྤྱོད་མ་བཏང་བ་ཡིན་ན། ནང་དོན་འགྱུར་བའི་ཉེན་ཁ་ཡོད་སྟབས་བེད་སྤྱོད་བཏང་བ་རེད།༽ཅེས་ཕུན་དབང་དེ་གུང་ཁྲན་རིག་པའི་གཞུང་ལུགས་ལ་མཁས་པ་ཙམ་གྱི་གདང་འཇོག་ལས་གང་ཡང་ཐོབ་མེད། ཐོག་མ་ཐོག་མའི་ངོས་འཛིན་འོག་མ་འོག་མས་རིམ་པས་བཤིག་ཡོང་བའི་སྲོལ་གྱི་གསུང་སྲོལ་འདི་ནི་ཁ་ཏ་རྣམས་འུར་འགྲོགས་མེད་པར་ཞིབ་འཇུག་དང་སློབ་སྦྱོང་བྱེད་དགོས་པ་གནད་ཆེན་པོ་འདུག་བསམ།

    དེ་ནས་གོང་དུ་ཡ་མཚར་རེད་ཟེར་དོན་དེ་ཡིན། རོ་ཡུབ་སྐུ་ཚབ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཕུན་དབང་ངོ་མཚར་གྱི་ཚད་དུ་འཛིན་པའི་གཞི་རྩ་སྐུ་ཚབ་རིམ་པར་ཐུག་འཕྲད་གནད་ཡོད་གསུངས་པ་དེ་རེད། སོང་ཙང་། ཕུན་དབང་སྔོན་དུ་ང་ཕོད་གྲོངས་དུས་ངོ་མཚར་གྱི་ཚད་དུ་མ་བཟུང་བ་དེ་ཡ་མཚར་རེད། གང་ཡིན་ཞུས་ན་སྐུ་ཚབ་རིམ་པའི་ནང་ང་ཕོད་མ་ཐུག་པ་ཡོད་ཚོད་མེད། དབུ་མའི་ལམ་དང་ཕུན་དབང་གི་རྩོམ་ཡིག་གི་སྐོར་ལ་མཐའ་མའི་འབའ་ས་གཅིག་རེད་གསུང་གནང་བ་དེ་ལ་དགོས་པའི་དབང་གིས་བསམ་འཆར་མེད་པ་བྱས་ཆོག སྤྱིར་ན་མ་འདྲ་བ་རེད།

    ཆུང་ཚེ་རིང་ལགས་ཀྱིས་སྒོ་སི་ཊིན་གྱི་བརྩམས་སྒྲུང་སྦྱོར་ཀློག་གནང་བར་ཞུ་རྒྱུ་མེད་ཀྱང་། མཐའ་མར་ཕུན་དབང་ཁོ་མི་རིགས་རང་ལུགས་པ་རེད་མི་རིགས་ལ་ཤ་ཞེན་ཆེ་བའི་བཙོན་ལ་ཚུད་པ་རེད་ཟེར་བ་སོགས་ཕུན་དབང་ཁོས་ཁས་ལེན་རྒྱུ་མ་རེད། གང་ཡིན་ཟེར་ན་ཕུན་དབང་ཁོ་གུང་ཁྲན་རིང་ལུགས་མི་རིགས་ཚང་་མ་འདྲ་མཉམ་དུ་བལྟ་མཁན་ཞིག་ཡིན་པས་མི་རིགས་རང་ལུགས་ཀྱི་གཞི་རྩ་ཡོད་པ་མ་རེད་ལ་བོད་ལ་ཤ་ཚ་བ་ནང་བཞིིན་གྱིས་རྒྱ་ལའང་ཤ་ཚ་བོ་ཡོད་རེད།

    སོང་ཙང་། ཕུན་དབང་ལ་ད་སྔ་བོད་ཀྱི་ཆེ་རྒུ་ཁག་ཅིག་གིས་ངོས་འཛིན་བྱས་པའི་ཁྲོད་དུ་ལྷག་བསམ་རྣམ་དག་དང་། བོད་ལ་ཤ་ཞེན་ཡོད་པ། འདི་གཉིས་ལས་ད་དུང་གང་རག་མི་འདུག་ཀྱང་། ག་ལེར་བཟོས་ཆོག་སྲིད།

    Reply
  3. ཆོས་འཕེལ། says:
    ལོ་ 11 སྔོན།

    མདོར་བསྡུས་ན་བོད་གཞུང་དང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གང་བཤད་འདོད་ཀྱི་ཡོད་པ་རེད་ཟེར་ན།
    འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་རྒྱལ་ཚོང་བ་ཞིག་མིན་པ་དང་། ཁོང་ནི་མི་རིགས་ཀྱི་ལ་ཞེན་ཅན་ཞིག་དང་སྙིང་སྟོབས་ཅན་ཞིག བོད་མི་རིགས་ལ་ཤ་ཚ་བྱས་རྗེས་ཡོད་མཁན་ཞིག་མི་རླབས་ཆེན་ཞིག་ཡིན་སྐོར་བསྒྲུབ་ཏེ། ད་ལྟའི་གཞུང་གི་ལངས་ཕྱོགས་དབུ་མའི་ལམ་དང་རྒྱ་ནག་ལ་སྤྲད་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེ་ཕུན་དབང་སོགས་ཀྱི་དགོངས་འཆར་ཡིན་པ་སྒྲུབ་འདོད་ཀྱི་ཡོད་པ་དེ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese