ཁ་སང་ཕྱི་ཚེས་ ༢༩ ཉིན་གྱི་སྔ་དྲོར་ཆབ་སྲིད་བཙོན་ཟུར་གྲྭ་བག་གྲོ་ལགས་ཀྱིས་༼འཛིན་བཟུང༽ཞེས་པའི་དཔེ་དེབ་ཅིག་འགྲེམས་སྤེལ་བྱས་ཏེ། མ་འོངས་པར་ལོ་རྒྱུས་ཞིབ་འཇུག་པ་ཚོར་ཞིབ་འཇུག་གི་རྒྱུ་ཆ་ཞིག་ཡོང་ཆེད་ཡིན་སྐོར་བརྗོད་སོང་།
ཁ་སང་ཕྱི་ཚེས་ ༢༩ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཙམ་ལ་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་སྤྱི་ཐབ་ཏུ། བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲྭ་བག་གྲོ་ལགས་ཀྱིས་རྩོམ་སྒྲིག་གནང་བའི་༼འཛིན་བཟུང༽ཞེས་པའི་དབྱིན་དེབ་ཅིག བོད་མི་མང་སྤྱི་འཐུས་སྨན་པ་མཁྱེན་རབ་ལགས་ཀྱིས་དབུ་འབྱེད་གནང་སྟེ། རྒྱལ་སྤྱིའི་ཐོག་རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་དང་། བོད་མི་དམར་གསོད་བཏང་བའི་དངོས་བྱུང་གི་ལོ་རྒྱུས་བདེན་དཔང་བྱེད་པའི་དེབ་དེ་རིགས་གལ་ཆེན་ཡིན་སྐོར་བརྗོད་ཡོད་འདུག
གྲྭ་བག་གྲོ་ལགས་ཀྱིས་དཔེ་དེབ་རྩོམ་སྒྲིག་གི་དགོས་དམིགས་སྐོར་བརྗོད་དོན། “ཕྱི་ལོ་ ༢༠༠༦ ནས་བཟུང་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་སྣེ་ཁྲིད་དེ། རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ་མེན་དང་ཧུའུ་ཅིན་ཐའོ། ལིས་ཕུང་སོགས་ཀྱི་གཙོས་པའི་རྒྱ་ནག་གི་དཔོན་རིགས་ཚོས། བོད་མི་མང་པོ་སྡེབ་གསོད་བཏང་བའི་དངོས་བྱུང་གནས་ཚུལ་སི་པེན་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཏེ། འདས་ལོའི་ཕྱི་ཟླ་ ༡༡ པའི་ནང་སི་པེན་ཁྲིམས་ཁང་གིས་ཁོ་ཚོ་འཛིན་བཟུང་བྱ་རྒྱུ་ཡིན་པའི་བཀའ་ཁྱབ་བཏང་ཡོད་པ་མ་ཟད། ཧུའུ་ཅིན་ཐའོ་ལ་དྲི་བ་ ༤༠ ལྷག་བཏང་ཡོད་པ་རེད། གནས་ཚུལ་འདི་ད་ལྟའི་བར་བོད་མིས་ལས་འགུལ་སྣ་མང་སྤེལ་བའི་ནང་གི་རླབས་ཆེ་ཤོས་དང་ཤུགས་ཆེ་ཤོས་ཤིག་ཡིན་པ་དངོས་ཡོད་གནས་ཚུལ་ཆགས་ཡོད་སྟབས། ད་རེས་ཀྱི་དེབ་འདིའི་ནང་ཅང་ཙེ་མེན་དང་ཧུའུ་ཅིན་ཐའོ་སོགས་ཀྱིས་ཕྱི་ལོ་ ༡༩༨༨ དང་ ༡༩༨༩། ༢༠༠༨ སོགས་སུ་བོད་མི་སྡེབ་གསོད་བཏང་བའི་པར་རིས་དང་། ལྷག་པར་དུ་ ༡༩༨༨ དང་ ༡༩༨༩ ནང་ཁོ་ཚོས་བོད་ནང་སྡུག་སྦྱོང་མནར་གཅོད་ཀྱི་དྲག་སྤྱོད་གང་འདྲ་སྤེལ་ཡོད་པའི་དངོས་བྱུང་པར་རིས་བཅས་བཀོད་ཡོད། མ་འོངས་པར་རྒྱ་ནག་གི་དཔོན་རིག་ཚོར་རྒྱལ་སྤྱིའི་ཁྲིམས་ཐོག་ནས་ཉེས་པ་ཕོག་པའི་སྐོར་ལ་ལོ་རྒྱུས་ཞིབ་འཇུག་པ་ཚོར་ཞིབ་འཇུག་གི་རྒྱུ་ཆ་གལ་ཆེན་པོ་ཞིག་ཏུ་མཐོང་སྟེ། ང་རང་ལ་ཤེས་ཡོན་མེད་ཀྱང་གང་ཐུབ་ཅི་ཐུབ་ཀྱིས་དེབ་འདི་བཏོན་པ་ཡིན། ”ཞེས་བརྗོད་སོང་།
གསར་འགོད་པ། པདྨ་མཚོ།