དེ་རིང་ནས་བཟུང་ཉིན་བཞིའི་རིང་རྒྱ་ནག་རྒྱལ་སྲིད་སྤྱི་ཁབ་ཁང་ཐའེ་ཝན་ལས་དོན་ལྷན་ཁང་གི་བློན་ཆེན་ཀྲང་ཀྲི་ཅིན་ཐའེ་ཝན་ནང་སྐོར་སྐྱོད་བྱས་ཏེ་རྒྱལ་ཁབ་གཉིས་བར་ཚོང་དོན་དང་སྐྱེལ་འདྲེན་སྲིད་བྱུས་སྐོར་ལ་གྲོས་བསྡུར་བྱ་རྒྱུ་ཡིན་འདུག
དེ་རིང་ནས་བཟུང་ཉིན་བཞིའི་རིང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་ལྷན་ཁང་གི་བློན་ཆེན་ཀྲང་ཀྲི་ཅིན་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་སྐོར་སྐྱོད་ཀྱིས་ཐའེ་ཝན་གྱི་རྒྱ་ནག་སྐམ་ས་ཆེན་མོའི་ལས་འཛིན་ལྷན་ཚོགས་ཀྱི་མགོ་ཁྲིད་ཝང་ཡོའུ་ཆི་དང་ཐུག་འཕྲད་བྱས་ཏེ། ཐའེ་ཝན་དང་རྒྱ་ནག་བར་གྱི་ཚོང་དོན་དང་ཕྱིར་ཚོང་ནང་འདྲེན་གྱི་དཔྱ་ཁྲལ་ཆག་ཡང་གཏོང་ཕྱོགས། ཡུལ་སྐོར་སྤྲོ་འཆམ། ཐའེ་ཝན་ནང་རྒྱ་ནག་སྐམ་ས་ཆེན་མོའི་ཚོང་ལས་དོན་གཅོད་འཛུགས་ཕྱོགས་སོགས་ལ་གྲོས་མོལ་བྱེད་འཆར་ཡོད་འདུག འདི་ནི་ ༦༥ རྗེས་རྒྱ་ནག་སྐམ་ས་ཆེན་མོའི་བློན་ཆེན་ཞིག་ཐའེ་ནང་གཞུང་འབྲེལ་སྐོར་སྐྱོད་བྱས་པ་ཐོག་མ་དེ་ཆགས་ཡོད་འདུག
ཀྲང་ཀྲི་ཅིན་ཐེངས་འདིར་ཐའེ་ཝན་གྱི་ཐའེ་ཅིན་ (Taichung) དང་ཁའོ་སོང་ (Kaohsiung) གྲོང་ཁྱེར་གྱི་སྤྱི་ཁྱབ་པ་དང་། ཆེད་ལས་མཁས་པ་དང་སློབ་ཕྲུག ཚོང་པ་སོགས་ལ་ཐུག་སྟེ་ཐའེ་རྒྱའི་བར་གྱི་འབྲེལ་ལམ་དང་ཚོང་དོན། ཤེས་ཡོན་བརྗེ་རེས་སོགས་ཀྱི་སྐོར་ལ་གཏམ་བཤད་སྤེལ་འཆར་ཡོད་འདུག ཀྲང་ཀྲི་ཅིན་གྱིས། “ ཐེངས་འདིར་ཐའེ་ཝན་དང་རྒྱ་ནག་བར་ཚོང་དོན་དང་ཚོང་ལས་དོན་གཅོད་ཁང་གསར་འཛུགས་བྱ་ཕྱོགས་སོགས་ལས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ཐའེ་ཝན་གྱི་སྲིད་འཛིན་མཱ་ཡོན་ཅིག་ཐུག་འཕྲད་བྱ་ཕྱོགས་སོགས་ཚུད་པའི་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་གནད་དོན་གང་ཡང་གླེང་མོལ་བྱ་རྒྱུ་མིན།” ཞེས་བརྗོད་འདུག
དེ་རིང་ཀྲང་ཀྲི་ཅིན་ཐའེ་ཝན་ནང་འབྱོར་སྐབས་མང་ཚོགས་དང་སློབ་ཕྲུག་ ༥༠༠ ལྷག་གིས་ལག་ཏུ་འཕྲེད་དར་སྣ་ཚོགས་འཁྱེར་ཏེ་ངོ་རྒོལ་བྱས་ཡོད་འདུག ཆབ་སྲིད་དབྱེ་ཞིབ་ཚོས། ཀྲང་ཀྲི་ཅིན་ཐའེ་ཝན་ནང་སྐོར་སྐྱོད་བྱེད་མགོ་བཙུགས་ཡོད་ཀྱང་། རྒྱལ་ཁབ་གཉིས་ཀྱི་འཛིན་སྐྱོང་ལམ་ལུགས་ཁ་ཁ་ཡིན་སྟབས། མ་འོངས་པར་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཇེ་བཟང་དུ་འགྲོ་རྒྱུ་ཁག་པོ་ཡིན་སྐོར་བརྗོད་འདུག
༡༩༡༣ ལོར་རྒྱ་ནག་ཆིན་རྒྱལ་རབས་ཀྱི་རྒྱལ་པོ་པུ་ཡེ་ (Aisin-Gioro Puyi) ཡི་སྲིད་དབང་མགོ་རྟིང་བསློགས་རྗེས། རྒྱ་ནག་རྒྱལ་ཡོངས་ལ་ཁྱབ་པའི་ཐུབ་པའི་གཞུང་གསར་འཛུགས་ཐད་ཇང་ཅེ་ཧྲེས་མགོ་ཁྲིད་པའི་གོ་མིན་ཏང་དང་། མའོ་ཙེ་ཏུང་གིས་སྣེ་ཁྲིད་པའི་གུང་ཁྲན་ཏང་བར་ནང་འཁྲུག་བསྟུད་མར་བྱུང་མཐར། གོ་མིན་ཏང་ལ་ཕམ་ཉེས་ཤུགས་ཆེན་བྱུང་ཞིང་། ༡༩༤༩ ལོར་མའོ་ཙེ་ཏུང་གིས་རྒྱ་ནག་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅེས་པ་དང་། ཇང་ཅེ་ཧྲེས་ཐའེ་ཝན་ནང་གོ་མིན་ཏང་གཞུང་བཙུགས་རྗེས། ཕྱོགས་གཉིས་བར་ཞེ་འཁོན་ཆེན་པོ་བྱུང་སྟེ་འབྲེལ་ལམ་ཆད་ཡོད་ཀྱང་། ༡༩༨༧ ནས་བཟུང་རྒྱལ་ཁབ་གཉིས་ཀྱི་མང་ཚོགས་ཕན་ཚུན་བར་འགྲོ་འོང་དང་དཔལ་འབྱོར་མཉམ་ལས་ བྱེད་མགོ་ཚུགས་ཤིང་། ༡༩༩༢ ལོར་ཧོང་ཀོང་དུ་རྒྱལ་ཁབ་གཉིས་ཀྱི་དཔོན་རིགས་བར་རྒྱལ་ཁབ་ཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་ཕྱོགས་དང་། མ་འོངས་འབྲེལ་མོལ་སྐོར་ལ་གྲོས་མོལ་བྱས། ༡༩༩༣ ལོར་སིང་གྷ་པུར་ནང་རྒྱ་ནག་སྐམ་ས་ཆེན་མོ་དང་ཐའེ་ཝན་བར་ཆབ་སྲིད་གནད་དོན་དང་མ་འོངས་འབྲེལ་ལམ་བྱེད་ཕྱོགས་སོགས་ལ་གྲོས་ཆོད་དོན་ཚན་ ༤ བཞག་སྟེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཕྲན་བུ་བཟང་དུ་ཕྱིན་ཡོད།
༢༠༠༠ ལོར་ཐའེ་ཝན་དམངས་གཙོ་ཚོགས་པའི་ཚོགས་གཙོ་ཁྲིན་ཧྲུའུ་ཕིན་རྒྱལ་ཡོངས་འོས་བསྡུ་བརྒྱུད་ཐའེ་ཝན་གྱི་སྲིད་འཛིན་ལ་བསྐོ་བཞག་བྱུང་བ་ནས་བཟུང་། རྒྱ་ནག་སྐམ་ས་ཆེན་མོ་དང་ཐའེ་ཝན་བར་གྱི་འབྲེལ་ལམ་སླར་ཡང་ཇེ་སྡུག་ཏུ་ཕྱིན་ཏེ་རྒྱལ་ཁབ་གཉིས་བར་གྱི་འགྲོ་འོང་མཚམས་ཆད་ཡོད་ཀྱང་། ༢༠༠༥ ལོར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་ཐའེ་ཝན་གྱི་གཞུང་འཛིན་ཚོགས་པའི་མགོ་ཁྲིད་ཉན་ཀྲན་སུའུ་རྒྱ་ནག་ཏུ་གདན་ཞུ་བྱས་ཏེ། འབྲེལ་ལམ་བསྐྱར་མཐུད་བྱུང་ཡོད་པ་མ་ཟད། ༡༩༩༢ ལོར་རྒྱལ་ཁབ་གཉིས་བར་བཞག་པའི་གྲོས་ཆོད་ཀྱི་འབྲུ་དོན་གཞིར་བཟུང་འབྲེལ་མོལ་གནང་ཕྱོགས་ཐོག་གྲོས་བསྡུར་བྱས་ཡོད། ༢༠༠༨ ལོར་མཱ་ཡེན་ཅུག་ཐའེ་ཝན་གྱི་སྲིད་འཛིན་དུ་བསྡད་རྗེས་ད་བར་འབྲེལ་མོལ་ཐེངས་ ༩ ཙམ་བྱས་ཏེ་གྲོས་ཆོད་མང་པོ་ཞིག་བཞག་ཡོད།
༢༠༠༨ ལོར་རྒྱ་ནག་གཞུང་གིས་ཐའེ་ཝན་ལ་དམག་འཐབ་འཇིགས་སྐུལ་མཚམས་འཇོག་བྱས་ཏེ། མཱ་ཡེན་ཅུག་གིས་སྣེ་ཁྲིད་པའི་ཐའེ་ཝན་གཞུང་དང་ཚོང་དོན་གྲོས་ཆོད་ཁག་ཅིག་བཞག་ཡོད་པ་དང་། ༢༠༡༤ ལོའི་ཟླ་ ༢ པའི་ཚེས་ ༡༣ ཉིན་ཐའེ་ཝན་གྱི་རྒྱ་ནག་ལས་འཛིན་ལྷན་ཚོགས་ཀྱི་མགོ་ཁྲིད་ཝང་ཡོའུ་ཆི་རྒྱ་ནག་ཅང་སུའུ་ཞིང་ཆེན་ནན་ཅིན་གྲོང་ཁྱེར་དུ་སྐོར་སྐྱོད་དང་འབྲེལ་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་ལྷན་ཁང་གི་མགོ་ཁྲིད་ཀྲང་ཀྲི་ཅིན་དང་ཚོང་དོན་གྲོས་མཐུན་ཁག་ཅིག་མིང་རྟགས་བཀོད་ཡོད་འདུག
ད་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༨ ནས་ཟླ་ ༤ པའི་ཚེས་ ༡༢ ཉིན་བར་ཐའེ་ཝན་གྱི་གྲོས་ཚོགས་ར་བའི་ཕྱི་ནང་གཉིས་སུ། ཐའེ་ཝན་གྱི་སློབ་ཕྲུག་དང་མང་ཚོགས་སྟོང་ཕྲག་མང་པོས་མེ་ཏོག་ཉི་མའི་ལས་འགུལ་ཞེས་པ་ཞིག་སྤེལ་ཏེ་ཐའེ་རྒྱའི་བར་གྱི་ཚོང་དོན་གྲོས་མཐུན་ལ་ངོ་རྒོལ་བྱས་ཤིང་། གྲོས་མཐུན་དེ་དག་ལ་བསྐྱར་ཞིབ་དགོས་པ་སོགས་ཀྱི་དོན་ཚན་ ༤ ཡི་དགོས་འདུན་བཏོན་པར་། གྲོས་ཚོགས་ཚོགས་གཙོས་གྲོས་མཐུན་དེ་དག་ལ་བསྐྱར་ཞིབ་བྱས་ཏེ་ཐག་གཅོད་བྱ་རྒྱུ་ཡིན་སྐོར་གསལ་བསྒྲགས་སྤེལ་ཡོད།
གསར་འགོད་པ། དོན་གྲུབ།
ཐེ་ཝན་ལ་མགོ་བསྐོར་གཏོང་ཡ་བོད་པ་ལས་ལྡབ་ལྔ་བཅུའི་དཀའ་ལས་ཡོད་པ་རེད། བོད་པ་ཚོར་ངས་འདི་འགྲུབ་ཏུ་འཇོག་གི་ཡིན་ཟེར་བའི་ཧམ་པ་ཙམ་ལས་ཀླད་པ་རུལ་ཚར་བ་རེད།