མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་དབང་ལུང་པའི་ནང་རང་དབང་གི་དུས་སྐབས་ལོངས་སུ་སྤྱོད་ཐུབ་དགོས།

བོད་ཀྱི་དུས་བབ།
༢༠༡༤/༠༧/༠༤
Share on FacebookShare on TwitterShare on EmailShare on Whatsapp

 

༸གོང་ས་མཆོག་གིས་ལ་དྭགས་བོད་ཁྱིམ་དུ་བོད་མི་ཚོར་བཀའ་སློབ་གནང་སྟེ། རང་དབང་ལུང་པར་ཡོད་པའི་བོད་མི་ཚོས་གཞིས་ལུས་རྒྱ་ཆེའི་མི་མང་གི་བསམ་འདུན་སེམས་ལ་བཅངས། རང་དབང་ལུང་པའི་རང་དབང་གི་དུས་སྐབས་ལོངས་སྤྱོད་ཀྱིས་བོད་སྐད་ཡིག་གཙོས་ཆོས་དང་རིག་གཞུང་ལ་བདག་པོ་རྒྱག་དགོས་སྐོར་གསུངས་སོང་།

དེ་རིང་ཞོགས་པའི་ཆུ་ཚོད་ ༨།༠༠ པ་ཡས་མས་སུ་༸གོང་ས་མཆོག་ཞི་བའི་ཚལ་གསུང་ཆོས་རྭ་བའི་ཚོགས་མགོན་དུ་ཆིགས་བསྒྱུར་གནང་རྗེས། ཏཱ་ལའི་བླ་མའི་ཐེབས་རྩས་དངུལ་གྱི་མཐུན་འགྱུར་འོག་གསར་འཛུགས་གནང་བའི་བསོད་ནམས་གླིང་གཞིས་ཆགས་ཀྱི་སྤྱི་ཁང་དབུ་འབྱེད་རབ་གནས་དང་། ཆུ་ཚོད་ ༡༡།༠༠ ཡས་མས་སུ་ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཆེ་བར་ཆིབས་བསྒྱུར་གྱིས། ལ་དྭགས་བོད་ཁྱིམ་སློབ་ཟུར་ཡོངས་ཀྱིས་སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་དང་ལ་དྭགས་བོད་ཁྱིམ་གྱི་དབུ་འཛིན་རྒན་པ་རྒན་བློ་བཟང་བསྟན་འཛིན་རྣམ་གཉིས་ལ། བཀའ་དྲིན་རྗེས་དྲན་དང་ཆེ་བསྟོད་ཆེད་གོ་སྒྲིག་གནང་བའི་གཟེངས་རྟགས་ཕུལ་སོང་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཀྱི་སྣེ་མོ་བ་དང་བོད་ནས་ཕེབས་པའི་ཆོས་ཞུ་བ། ལ་དྭགས་བྱང་ཐང་ས་ཁུལ་བརྒྱད་ནས་ཕེབས་པའི་བོད་མི། ཕྱོགས་མཐའ་ཁག་ནས་ཕེབས་པའི་བོད་མི་ཆོས་ཞུ་བ། ལ་དྭགས་བོད་ཁྱིམ་གྱི་སློབ་ཟུར། ལ་དྭགས་བོད་ཕྲུག་ཁྱིམ་སྡེ་སློབ་གྲྭ་ཆེ་བའི་དགེ་ལས་སློབ་ཕྲུག དགེ་འདུན་པ་དང་བཙུན་མ། བསོད་ནམས་གླིང་བརྒྱ་ཤོག་བཅུ་གཉིས་ཀྱི་མང་ཚོགས་བཅས་ལ་མི་ ༦༠༠༠ བརྒལ་བར་དམིགས་བསལ་བཀའ་སློབ་གནང་སོང་།

དེ་རིང་བོད་མི་ཚོར་བཀའ་སློབ་གནང་སྐབས་༸གོང་ས་མཆོག་གིས། ལོ་རྒྱུས་ཧ་ལམ་ལོ་སྟོང་ཕྲག་ ༣༠ ཙམ་ཡོད་པ། བོད་མདོ་སྨད་ཀྱི་ས་ཁུལ་ཁ་ཤས་སུ་ས་འོག་ནས་སི་ཊོང་ཨེ་ཆི་ཟེར་བའི་རྡོ་རིགས་ཐོན་པར་གཞིགས་ན། ལོ་སྟོང་ཕྲག་ ༣༠ བཤད་ཀྱི་འདུག བོད་དབུས་ཁུལ་ཕལ་ཆེར་ལོ་སྟོང་ཕྲག་ ༧ དང་ ༨ བཤད་ཀྱི་འདུག གང་ལྟར། ང་ཚོ་བོད་མི་རིགས་ཟེར་བ་དེ་རྙིང་མགོ་ཅིག་ཆགས་བསྡད་ཡོད་པ་རེད། ལྷག་པར་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་གོང་ནས་ཞང་ཞུང་མང་ཡུལ་ཡོད་པ་ཡིན་ན་འདྲ། ཡང་སྙིང་སྲོང་བཙན་སྒམ་པོའི་ཁ་ཐུག་ལ་བོད་ཡིག་གི་ཡིག་གཟུགས་རྒྱ་གར་གྱི་ཡིག་གཟུགས་འགར་དཔེ་བལྟས་ཏེ། ང་རང་ཚོ་རང་གི་ཡི་གེ་ཆགས་བསྡད་ཡོད་པ་རེད། དེ་དང་ཆབས་ཅིག་སངས་རྒྱས་པའི་ཆོས་རྒྱ་གར་ནས་ཐད་ཀར་གདན་ཞུ་གནང་སྟེ། ང་ཚོ་བོད་གངས་ཅན་པ་ཟེར་བ་དེ་སོ་སོའི་སྐད་ཡིག་ཟུར་དུ་ཡོད་པ། སྐད་ཡིག་དེའི་ཐོག་དེང་སང་འཛམ་གླིང་འདིའི་ཐོག་ནང་པ་སངས་རྒྱས་པའི་ཆོས། དཔལ་ན་ལེཎྡྲའི་མཁས་པ་ཚོས་མཛད་བཞག་པའི་ལྟ་སྒོམ་སྤྱོད་གསུམ་དང་ལྟ་གྲུབ། སེམས་ཁམས་རིག་པའི་ཚན་རིག་བཅས་བོད་ཡིག་ནང་ཕྱུགས་པོ་ཡོད་བསྡད་པ་ཞིག་དང་། སངས་རྒྱས་པའི་ཆོས་སྤྱི་དང་ལྷག་པར་ན་ལེཎྡྲའི་ཆོས་རྒྱུད་ཀྱི་སྐོར་བོད་ཡིག་ཕྱུགས་ཤོས་ཆགས་འདུག འཛམ་གླིང་ཐོག་ནང་པ་ཕལ་ཆེར་དུང་ཕྱུར་ ༡༠ ཙམ་ཡོད་བསྡད་པ་རེད། དེའི་ནང་ན་ལེཎྡྲའི་ཆོས་རྒྱུད་སྐོར་ལ་འགྲེལ་བཤད་ཆ་ཚང་རྒྱག་ཐུབ་པའི་སྐད་ཡིག་དེ་བོད་པའི་སྐད་ཡིག་གཅིག་པུ་རེད། དེ་འདྲའི་མི་རིགས་རྙིང་པ་ རིག་གཞུང་ཕྱུགས་པོ། ལྷག་པར་དུ་སངས་རྒྱས་ཀྱི་ཆོས་ལྟ་གྲུབ་སྐོར་ལ་ཧ་ཅང་ཕྱུགས་པོ་ཡོད་པའི་མི་རིགས་ཤིག་རེད་ཅེས་གསུངས་སོང་།

༸གོང་ས་མཆོག་གིས། ང་ཚོ་བོད་མི་རིགས་དང་གངས་ཅན་པ་ཟེར་བ་དེ་ལོ་རྒྱུས་ཐོག་སོ་སོར་སྤོབས་པ་དང་ཡིད་ཆེས་བསླེབ་པའི་མི་རིགས་ཤིག་ཆགས་ཡོད་པ་རེད། དཀའ་ངལ་སྔར་འཕྲད་ཡོད་པ་རེད། ད་ལྟའང་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད་པ་རེད། ཡིན་ནའང་། ལོ་རྒྱུས་ཀྱི་ཐོག་ནས་མི་རིགས་དང་ཆོས་དང་རིག་གཞུང་ཕྱུགས་པོ་ཡོད་པའི་མི་རིགས་ཤིག་ཆགས་ཡོད་སྟབས། དཀའ་ངལ་ག་རེ་འཕྲད་ཀྱང་བདེན་པའི་ལམ་ནས་སེལ་ཐུབ་པ་ཞིག་དང་རྒྱལ་ཐུབ་པ་ཞིག་ཕལ་ཆེར་རེད། ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་ ༥༥ ལྷག་འགྲོ་བསྡད་ཀྱི་ཡོད། དུས་ཡུན་དེའི་རིང་བཙན་བྱོལ་ནང་ཡོད་མཁན་ཚོས། དེང་དུས་ཀྱི་ཤེས་ཡོན་ཆ་ཚང་ཡོད་པའི་ཐོག་སོ་སོའི་གནའ་རབས་ཀྱི་ཆོས་དང་རིག་གཞུང་སྲུང་ཐུབ་པར་བྱས་ཏེ་དུས་ཡུན་ཕྱིན་པ་རེད། ཁྱེད་རང་ཚོ་བོད་ཕྲུག་གཞོན་ནུ་ཚོ་མི་རབས་གསར་བ་རེད། རྒྱ་གར་ནང་སྐྱེས། རྒྱ་གར་ནང་འཚར། ཁྱེད་རང་ཚོའི་མི་རབས་དེ་ང་ཚོ་བོད་པའི་མི་རིགས་གང་དུ་ཡིན་ཡང་། དུས་ཚོད་འགྲོ་བསྡད་ཀྱི་རེད། ཁ་སང་དྲན་པའི་ཡུལ་ལ་མ་གཏོགས་ཕྱིན་ཚར་རེད། བཟོ་བཅོས་རྒྱག་རྒྱུ་ཡོད་མ་རེད། མ་འོངས་པ་འགྱུར་བ་འགྲོ་བ་ཞིག་དང་འགྱུར་བ་གཏོང་རྒྱུ་ཡོད་པ་ཞིག་རེད། བོད་མི་རིགས་དང་ང་ཚོ་བཙན་བྱོལ་བའི་ཆ་ནས། ཁྱེད་རང་ཚོ་འབྱུང་འགྱུར་གྱི་མི་རབས་ཆགས་བསྡད་ཡོད་པ་རེད། མ་འོངས་པར་སོ་སོའི་ཆོས་དང་རིག་གཞུང་དེང་དུས་ཀྱི་ཤེས་ཡོན་དང་ཟུང་འབྲེལ་ཐོག་འཛིན་ཐུབ་པ་ཞིག་དང་། བོད་ཀྱི་བདེན་མཐའ་སེལ་ཐུབ་པར་ཁྱེད་རང་ཚོར་དམིགས་བསལ་ འགན་ཡོད་སྟབས། ཁྱེད་རང་ཚོས་སློབ་སྦྱོང་ཐོག་རིག་པ་སྒྲིམ་ཏེ་ཧུར་ཐག་བྱ་དགོས། དེ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས་སོང་།

ཡང་༸གོང་ས་མཆོག་གིས་ང་ཚོ་བཙན་བྱོལ་བོད་པའི་སྤྱི་ཚོགས་གང་དུ་ཡོད་ཀྱང་། སོ་སོའི་སྐད་ཡིག སོ་སོའི་ཆོས་དང་རིག་གཞུང་ཐོག་དོ་སྣང་བྱས་ཏེ། ང་ཚོ་ལོ་བཅུ་ཕྲག་ལྔ་ལྷག་ཕྱིན་པའི་རིང་ལ་ཚང་མས་ཧུར་ཐག་བྱས་ནས་གང་འཚམ་གྱི་གྲུབ་འབྲས་ཐོན་ཡོད། བོད་མི་བཙན་བྱོལ་བ་ཚོ་སྒྲིག་འཛུགས་ཡོད་བསྡད་པ་ཞིག་དང་། མི་རིགས་རིག་གཞུང་དང་བཅས་པ་འཛིན་མཁན་ཞིག་ཆགས་ཏེ། ཕལ་ཆེར་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཆགས་ཡོད། ང་ཚོ་འདི་འདྲའི་སྙིང་སྟོབས་དང་སྤོབས་པ་བསླེབ་དགོས་པའི་རྒྱུ་རྐྱེན་གཞིས་ལུས་རྒྱ་ཆེའི་མི་མང་ཆགས་བསྡད་ཡོད། གཞིས་ལུས་རྒྱ་ཆེ་མི་མང་ས་ཡ་དྲུག་ཡས་མས་ཡོད་ཀྱིས། དཀའ་ངལ་དཔག་ཏུ་མེད་པ་བརྒྱུད། ཐ་ན་སོ་སོའི་སྲོག་ལ་ཉེན་ཁ་ཡོད་པའི་གནས་སྟངས་རེད། ཡིན་ནའང་། སོ་སོའི་མི་རིགས་ཀྱི་ཆོས་དང་རིག་གཞུང་ལ་དགའ་ཞེན་དང་སོ་སོའི་སྐད་ཡིག་ལ་དོ་སྣང་། སོ་སོའི་སྐད་ཡིག་དང་རིག་གཞུང་སོ་སོའི་བླ་སྲོག་ལྟ་བུ་རེད། དཀའ་ངལ་ག་ཚོད་ཡོད་ཀྱང་གདོང་ལེན་བྱས་པ་རེད། དངོས་ནས་བྱས་ན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་། གྲངས་ཉུང་མི་རིགས་ལ་ ཆོས་དང་རིག་གཞུང་། སྐད་ཡིག་བདག་པོ་རྒྱག་རྒྱུའི་ཐོབ་ཐང་ཡོད་ཀྱང་། ས་གནས་ལས་བྱེད་པའི་བྱེད་ཕྱོགས་ཐོག་སྐབས་རེར་དམིགས་བསལ་དཀའ་ངལ་འཕྲད་བསྡད་ཀྱི་འདུག ཡིན་ནའང་། དཀའ་ངལ་དེ་དག་ལ་གདོང་ལེན་བྱས་ཏེ། བོད་མི་རིགས་ཀྱི་རུས་ཞེན་བརྗེད་ཡོད་མ་རེད། བརླག་ཡོད་མ་རེད། དེ་ལྟར་གཞིས་ལུས་རྒྱ་ཆེའི་མི་མང་གིས་རྨད་དུ་བྱུང་བའི་སྙིང་སྟོབས་དང་ལྷག་བསམ་བསྐྱེད། ཞུམ་པ་མེད་པ་བྱས་ནས་བསྡད་སྟབས། ང་ཚོ་བཙན་བྱོལ་དུ་སྡོད་མཁན་ཚོས་གཞིས་ལུས་རྒྱ་ཆེའི་མི་མང་གི་བསམ་པའི་རེ་འདུན་སེམས་ལ་བཅངས་ཏེ། རང་དབང་ལུང་པའི་ནང་རང་དབང་གི་དུས་སྐབས་དེ་ལོངས་སུ་སྤྱད་ནས་སོ་སོའི་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་ལ་བདག་པོ་ཡག་པོ་ཞིག་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྐབས་རེར་ང་ཚོ་རང་དབང་ལུང་པའི་ནང་ཡོད་བསྡད་མཁན་ཚོས་སོ་སོའི་སྐད་ཡིག་ཐོག་ལྷོད་ཡང་འགྲོ་བ་ལྟ་བུ་དང་། ཉིན་རེའི་འཚོ་བའི་ནང་ཡུལ་དེ་གའི་སྐད་ཡིག་མཁོ་གལ་ཆེན་པོ་ཡིན་སྟབས། ཡུལ་དེ་དང་དེའི་སྐད་ཡིག་ལ་དམིགས་བསལ་དོ་སྣང་བྱས་ཏེ། སོ་སོ་བོད་པའི་སྐད་ཡིག་ཐོག་སྐབས་རེར་ལྷོད་ཡང་འགྲོ་སྲིད་པ་རེད། དེ་འདྲ་མ་ཡོང་བ་ཞིང་ང་ཚོས་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས་སོང་།

༸གོངས་མཆོག་གིས་མུ་མཐུད་གསུང་དོན། ང་ཚོ་བོད་པར་སེམས་པ་བཟང་པོ་དང་དྲང་པོ། རྒྱབ་མདུན་མངོན་ལྐོག་མེད་པ། གཞུང་བཟང་པོ་བྱེད་རྒྱུ་ང་ཚོ་བོད་པའི་གཤིས་ཀར་ཡོད་པ་རེད། འཛམ་གླིང་གང་སར་ཡོད་པའི་བོད་མི་བཙན་བྱོལ་བ་ཚོར་ཡུལ་དེ་དང་དེའི་ཡུལ་མིས་བསྔགས་བརྗོད་བྱེད་ཀྱི་འདུག རྒྱ་གར་ལ་མཚོན་ནའང་། བོད་མིའི་གཞིས་ཆགས་ཉེ་འཁོར་དུ་ཡོད་པའི་ཡུལ་པ་ཚོ་སྤྱི་ཡོངས་ཀྱི་ཆ་ནས་ཧ་ཅང་ཡག་པོ་རེད། ཚང་མས་བསྔགས་བརྗོད་བྱེད་ཀྱི་འདུག ལ་དྭགས་ཁུལ་ལ་མཚོན་ནའང་། སྔོན་འདིར་ང་ཇོ་ར་རིག་འཛིན་དང་བཀའ་མོལ་བྱུང་། ཁྱེད་རང་ཚོ་ཡུལ་མི་དང་བོད་མི་བཙན་བྱོལ་བའི་འབྲེལ་བ་གང་འདྲ་ཡོད་ཅེས་དྲིས་སྐབས། ཧ་ཅང་ཡག་པོ་ཡོད་གསུང་གི་འདུག ནམ་རྒྱུན་ནས་ང་ཚོས་མཐོང་བསྡད་པ་རེད། ང་རང་ཚོ་མི་ཡ་རབས་དང་དྲང་པོ། སྐྱག་རྫུན་མ་བཤད། མགོ་བདེ་དྲན་འཁྲུལ་མ་བྱས་ན་མི་སུ་ཡིན་ཡང་དགའ་བོ་བྱེད་ཀྱི་རེད། སོ་སོས་དྲང་པོ་དྲང་བཞག་དང་ལྷག་བསམ་རྣམ་དག་བྱས། ཚུར་ཐུབ་ཚོད་བྱེད་མཁན་བྱུང་ན་ང་ཚོས་མགྲིན་པར་ཞགས་རྩི་བྱུགས་ཆོག་གི་རེད། རྩ་བ་སོ་སོའི་ངོས་ནས་ལྷག་བསམ་རྣམ་དག མི་ཡ་རབས་སྤྱོད་བཟང་ཚད་ལོངས་པ་ཞིག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།  སངས་རྒྱས་པའི་ཆོས་གཞི་རྒྱ་ཆེན་པོ་ཤེས་མ་ཤེས་གང་ལྟར་ཡང་། བསླབ་བྱ་སྙིང་པོ་མི་བཟང་པོ་དང་མི་ལ་ཕན་སེམས་བྱས། དྲང་པོ་དེ་འདྲ་བྱས་ན་ཕྱི་གསལ་ནང་གསལ་ཡོང་ཐུབ་ཀྱི་རེད། ཕྱི་གསལ་ནང་གསལ་བྱས་ན་གྲོགས་པོ་མང་པོ་ཡོང་གི་རེད། སོ་སོར་དབང་དང་དཔལ་འབྱོར། ཤེས་ཡོན་ཡོད་ཀྱང་ཕྱི་གསལ་ནང་གསལ་མེད་པར་རྐྱང་སྐུམ་བྱས་ཏེ་ཆས་པ་ཡིན་ན་མིས་ཡིད་ཆེས་གནང་གི་མ་རེད། ང་ཚོ་མིའི་སྤྱི་ཚོགས་ནང་བསྡད་ཡོད་པ་རེད། ང་ཚོར་གྲོགས་པོ་དགོས་པ་རེད། གྲོགས་པོ་ཡོང་བར་ཡིད་ཆེས་དགོས་པ་རེད། ཡིད་ཆེས་ཡོང་བར་ཕྱི་གསལ་ནང་གསལ་དང་ལྷག་བསམ་རྣམ་དག་བྱས་ན་གྲོགས་པོ་ཡོང་གི་རེད། དེ་ཁྱེད་རང་ཚོས་སེམས་ལ་ཞོག ཅེས་གསུངས་སོང་།

མཇུག་ཏུ་རྒན་རྒོན་ཚོར ༸གོང་ས་མཆོག་གིས། དེ་རིང་འདིར་རྒན་རྒོན་མང་པོ་ཞིག་འདུག མི་ཚེ་རིང་པོར་བསྡད་དེ་གཞུག་དེར་རྒན་རྒོན་ཆགས་རྒྱུ་ཆོས་ཉིད་རེད། ང་རང་ལ་མཚོན་ན། ང་དགུ་ལོར་བཙན་བྱོལ་དུ་ཡོང་དུས་ལོ་ ༢༤ དང་ ༢༥ ཞིག་རེད། ད་ལྟ་ལོ་བརྒྱད་ཅུའི་མཚམས་ལ་བསླེབ་འགྲོ་གི་ཡོད་པ་རེད། ང་ཡང་རྒན་རྒོན་གྱི་གྲས་སུ་བསླེབ་འདུག ཡིན་ནའང་། ང་རང་ཚོའི་སངས་རྒྱས་པའི་ཆོས་རྒྱ་གར་གྱི་ཆོས་རྒྱུད་མང་པོ་ཞིག་གི་ཐོག་ནས་རྣམ་པར་ཕྱེ་བའི་རྒྱུན་ལ་ཐོག་མ་མེད་ཅེས་དང་། བདག་གཅིག་རང་དབང་འདོད་པའི་བདག་དེ་ཐོག་མ་མེད་པ་ནས་ཡོད་ཅེས་སྐྱེས་བ་སྔ་ཕྱི་བཤད་བསྡད་ཀྱི་ཡོད་པ་རེད། སངས་རྒྱས་ཆོས་ཀྱི་ངོས་ནས་ཀྱང་སྐྱེས་བ་སྔ་ཕྱི་བཤད་བསྡད་ཀྱི་ཡོད་པ་རེད། སྐྱེས་བ་སྔ་ཕྱིའི་རྟགས་མཚན་སྐྱེས་བ་སྔོན་མ་དྲན་མཁན་ཡོང་གི་ཡོད་པ་རེད། དེ་གསལ་བོ་རེད། ང་ཚོ་ཚེ་འདིར་བརྒལ་ཏེ་མི་ཚེ་རྫོགས་ལ་ཉེ་བ་ཡོད་ཀྱང་། སྐྱེས་བ་ཕྱི་མར་བསམ་བློ་གཏོང་རྒྱུ་ཡོད་པ་རེད། རྒན་རྒོན་ཚོས་གང་ཐུབ་ཀྱིས་སངས་རྒྱས་ཆོས་གསུམ་ལ་དད་པའི་གྱི་ནས་གང་ཐུབ་ཀྱིས་སྐྱབས་འགྲོ་དང་སེམས་སྐྱེད་བསམ་བློ་ཡག་པོ་བཏང་། དེ་འདྲའི་བསམ་བློའི་ཐོག་མ་ཎི་བགྲང་། ང་ཚོ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་གི་མི་རེད། དེ་འདྲའི་ཐོག་དམིགས་བསལ་གྱི་ལས་འབྲས་ཡོད་རེད། མ་ཎི་ཁ་ནས་བགྲང་བ་ལས་བསམ་བློ་གཏོང་རྒྱུ་མེད་ན་དེ་ཙམ་གྱིས་ནུས་པ་ཡོད་མ་རེད། དེར་བརྟེན། སངས་རྒྱས་ཆོས་གསུམ་ལ་དད་པའི་སྟེང་ནས་སྐྱབས་འགྲོ་སེམས་སྐྱེད་ཀྱི་བློ་དེ་སེམས་ལ་གང་ཐུབ་ཀྱི་བཞག དེ་འདྲའི་བསམ་བློའི་ཐོག་ནས་མ་ཎི་ཡག་པོ་བསགས། སོ་སོའི་མི་ཚེ་བོད་ཁ་བ་གངས་ཅན་ཆོས་ལྡན་གྱི་ཞིང་ཁམས་སུ་སྐྱེས་པ་རེད། ག་ཚོད་མེད་ལབ་ཀྱང་ཞར་དང་ཞོར་ལ་དགེ་བ་བསྒྲུབ་རྒྱུ་ཞིག་བྱུང་ཡོད་པ་རེད། དགེ་བ་གང་བསྒྲུབ་པ་དེས་སྐྱེས་བ་རྗེས་མར་སྐྱེས་གནས་བཟང་པོ་ཞིག་ཡོང་ཐུབ་པ་དང་། ཁྱེད་རང་ཚོ་མང་ཆེ་བ་སོ་སོའི་མི་རིགས་ཀྱི་ལ་རྒྱ་ཞེན་ཁོག་ཡོད་སྟབས། ཕལ་ཆེར་བོད་པའི་ནང་སྐྱེས་མདོག་ཁ་བོ་རེད། མི་གསར་བ་ཞིག་གིས་ལུས་གསར་བ་ཞིག་བླངས་ཏེ་སངས་རྒྱས་ཀྱི་བསྟན་པ་དང་འགྲོ་བའི་བདེ་དོན་བསྒྲུབ་ཐུབ་པར་ཁྱེད་རང་ཚོས་སྨོན་ལམ་རྒྱོབས་སྐྱེ་བ་བསྔོ། དེ་བྱས་ན་ཡག་པོ་ཡོང་གི་རེད། ཅེས་གསུངས་སོང་། 

གསར་འགོད་པ་དོན་གོས་ལ་དྭགས་རྒྱས་ས་སླེ་ནས།
 

འབྲེལ་ཡོད་གསར་འགྱུར།

དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

ཆུ་ཚོད་ ༤ སྔོན་ལ།
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese