བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༣༡ སྟེང་གི་རྩོམ་སྒྲིག་པའི་གཏམ།
ཉེ་ཆར་དབྱིན་ཡུལ་རྒྱལ་ས་ལོན་ཌོན་དུ་གཞུང་འབྲེལ་ཡིན་མིན་ཁ་གསལ་མེད་པའི་ཐོག་ནས་བོད་རིགས་འདྲེས་མའི་ལྷན་ཚོགས་དང་པོ་ཟེར་བ་ཞིག་ཚོགས་སོང་། དང་པོ་ཟེར་བའི་ཚིག་ཟུར་ལས་ད་དུང་ལྷན་ཚོགས་གཉིས་པ་དང་གསུམ་པ་སོགས་འཚོགས་འཆར་ཡོད་པ་བསྟན་ཡོད། ལྷན་ཚོགས་ཐོག་སྲིད་སྐྱོང་མཆོག་གིས་ཀྱང་འཚམས་འདྲི་ཞུས་པའི་ནང་དུ་ལྷན་ཚོགས་གཉིས་པ་རྒྱ་གར་ནང་གོ་སྒྲིག་བྱེད་འཆར་ཡོད་སྐོར་གསུངས་འདུག
སྤྱིར་བཏང་ཕ་མ་གང་རུང་བོད་རིགས་ཡིན་པའི་བྱིས་པ་སུ་ཞིག་ཡིན་ཡང་། ཨ་མ་ཡིན་ཤག་དང་ནུ་མ་ནུ་ཤག་གིས་བོད་པར་དགའ་ཞེན་དང་བོད་དོན་འཐབ་རྩོད་ལ་འབད་འབུངས་བྱེད་མཁན་ཁོ་ན་ཆགས་ཡོད། ལྷན་ཚོགས་འདི་ལ་ལྟ་ཚུལ་མཐོང་ལུགས་སྣ་ཚོགས་ཡོད་སྲིད་ཀྱང་། འཁྲུག་ཆ་དོད་པའི་དུས་རིམ་འདིར་འུ་ཅག་བཙན་བྱོལ་བོད་པ་ཚོར་འདི་ལྟ་བུའི་ལྷན་ཚོགས་ཡང་དང་དབོར་དུ་འཚོགས་དགོས་པ་ཧ་ཅང་གལ་གནད་ཆགས་ཡོད།
ཉེ་ལམ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ཨ་མས་བོད་མིའི་སྒྲིག་འཛུགས་བཀའ་ཤག་ལ། གླིང་ཚའི་བཟའ་ཟླ་ཨི་སི་རེལ་(Israel)རྒྱལ་ཁབ་ནང་ཡོད་པ་དང་། ཁོང་བཟའ་མི་གཉིས་ཀྱི་ཕྲུ་གུ་དག་བོད་པའི་ཤ་ཁྲག་ཡིན་སྟབས། ཁོང་ཚོ་ལ་འབྲེལ་བ་ཞིག་འཛུགས་ཐུབ་རྒྱུ་ཧ་ཅང་གལ་ཆེན་རེད་ཅེས་རེ་སྐུལ་ཞུས་པ་ལྟར། ཕྱི་རྒྱལ་ཁག་ཏུ་རྩ་སྦུབས་ན་བོད་ཁྲག་འདྲེས་ཤིང་རུས་རྐང་ནང་བོད་ཞག་འཁྱིལ་བ་མང་པོ་ཞིག་ད་བར་བདག་པོ་མེད་ལ་ལུས་ཡོད།
ཨ་རི་ནས་ཕེབས་པའི་བཙན་བྱོལ་བོད་མིར་དཔལ་འབྱོར་གྱི་རོགས་རམ་བྱེད་མཁན་ཞིག་དང་གླེང་མོལ་བྱས་སྐབས། བལ་ཡུལ་ཨ་རིའི་གཞུང་ཚབ་ཁང་དུ་ཕྱེད་བོད་པ་ཡིན་པའི་ཨ་རིའི་གཞུང་གི་ལས་བྱེད་ཅིག་ཡོད་པ་དང་། ཁོ་རང་བོད་པར་ཞེན་ཁོག་དང་ལ་རྒྱ་ཆེན་པོ་ཡོད་པ་མ་ཟད། ཁོ་རང་བརྒྱུད་ནས་བལ་ཡུལ་གྱི་མི་མང་སྐྱོ་བོའི་རིགས་ལ་རོགས་རམ་ཆེན་པོ་བྱེད་ཀྱིན་ཡོད་པའི་གནད་ཡོད་མི་སྣ་ཞིག་ཡིན་ཚོད་འདུག་ཀྱང་། ད་སྔ་བོད་པ་གཞུང་ཚོགས་སྒེར་གསུམ་སུས་ཀྱང་ཁོ་ལ་འབྲེལ་བ་ཞུ་མཁན་བྱུང་མི་འདུག
ཕྱི་རྒྱལ་ཁག་ཏུ་སྐྱེས་འཚར་བྱུང་བ་རྣམས་མི་རིགས་གཞན་དང་གཉེན་སྒྲིག་བྱེད་མཁན་ལོ་རེ་ནས་ཟླ་རེར་བཞིན་ཇེ་མང་དུ་འགྲོ་རྒྱུ་ཡིན་པ་ཟུར་བལྟས་ལེབ་མཐོང་དང་། འདི་དག་གི་ཕྲུ་གུ་ཡོངས་རྫོགས་བོད་རིགས་འདྲེས་མའམ་ཕྱེད་བོད་རིགས་ཆགས་རྒྱུ་ཡིན་པ་སྨོས་མེད་ཐོག ད་དུང་ཕྱེད་བོད་རིགས་ཡིན་པའི་ཕྲུ་གུ་དེ་དག་གི་ཕྲུ་གུ་ཚོ་ཡང་བོད་མིའི་ཁུངས་སུ་ཚུད་ཐབས། བོད་ཀྱི་ཡུལ་མིའི་ཆ་ཤས་ལེན་ཐུབ་ལ་གྲ་སྒྲིག་དང་འཆར་གཞི་འཐུས་སྒོ་ཚང་བ་གཏོང་དགོས།
༧གོང་ས་མཆོག་གིས་ད་རེབ་ལྷན་ཚོགས་སྟེང་འཚམས་འཕྲིན་བསྩལ་པའི་ནང་། ཁྱེད་རང་ཚོས་སོ་སོའི་རིག་གཞུང་དང་གོམས་གཤིས་ལ་དོ་སྣང་གིས་གང་ཐུབ་བྱས་ཐོག་གཅེས་འཛིན་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། གང་ལ་ཞེ་ན། བོད་པའི་རིག་གཞུང་ནི་བྱམས་སྙིང་ལྡན་པའི་རིག་གཞུང་ཞིག་ཡིན་སྟབས། འཛམ་གླིང་འདིའི་ནང་ནས་རིན་ཐང་ཆེན་པོ་ཞིག་རྩི་བཞིན་འདུག དེ་ལྟ་བུའི་རིག་གཞུང་གིས་བོད་པའི་ལས་འགུལ་ཙམ་མ་ཟད། རང་ཉིད་སྒེར་ལ་ཡང་ཕན་ཐོགས་ཆེན་པོ་ཡོང་གི་རེད། དེར་བརྟེན་ཁྱེད་རང་ཚོས་སྔར་ལྷག་དོ་སྣང་བྱེད་དགོས། ཞེས་གསུངས་པ་ལྟར། ཁོང་ཅག་གིས་བོད་དོན་ཐོག་འབད་ཅིང་འབུང་གི་ཡོད་ཀྱང་། ཚུར་ཕྱོགས་ནས་ཕར་ཁོང་ཚོར་མཐུན་འགྱུར་རོགས་རམ་ཅི་ཞིག་བསྐྲུན་རྒྱུ་ཡིན་པ་དང་། བོད་པའི་ངོ་བོ་གཏིང་ཇེ་ཟབ་ནས་ཡུན་ཇེ་རིང་ཏུ་གཏོང་རྒྱུའི་ཐབས་ལམ་ཇི་ལྟར་འཚོལ་རྒྱུ་ཡིན་ནམ།
༡༩༩༨ ལོ་དང་ ༢༠༠༩ ལོ་སོ་སོར་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་ཐེངས་དང་པོ་དང་གཉིས་པ་གནང་བའི་འགེང་ཤོག་ནང་། ཕ་མ་དང་བཟའ་ཟླ་མི་རིཊ་གང་ཡིན་གྱི་དྲི་རྟགས་དང་ཁ་སྐོང་གང་ཡང་མཐོང་མ་སོང་བས། དེ་ནི་བོད་མིའི་སྒྲིག་འཛུཊ་འཆར་འགོད་ལྷན་ཁང་གི་ལས་དོན་ཐོག་གི་འཐུས་ཤོར་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཆོག འབྱུང་འགྱུར་མི་འབོར་ཞིབ་བཤེར་སྐབས་བོད་རིགས་འདྲེས་མའི་གྲངས་འབོར་རྟོགས་ཐབས་དང་། དེ་ལ་འབབ་པའི་འཆར་འགོད་ཀྱང་བྱེད་དགོས།།