༧སྐུའི་འཁྲུངས་སྐར་ལ་ཕུལ་བའི་ཤིས་ཚིག
༄༅།། རང་ཅག་གངས་ཅན་སྐྱེ་འགྲོ་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད། འཛམ་གླིང་ཞེ་བདེའི་དེད་དཔོན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བདུན་ཅུ་དོན་དགུར་ཕེབས་པའི་༧སྐུའི་འཁྲུངས་སྐར་ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སའི་རྒྱུན་ལས་དང་ཚོགས་མི་ཡོངས་ནས་ལྷ་ཕྱག་གྲངས་མེད་དང་བཅས་འཚམ་འདྲིའི་བཀྲིས་བདེ་ལེགས་གྲངས་མེད་ཞུ་བ་དང་། ༧མགོན་པོ་གང་ཉིད་སྐུ་ཚེ་ཞབས་པད་རྡོ་རྗེའི་ངོ་བོར་བརྟན་པ་དང་གང་མགྱོགས་རང་ཡུལ་གངས་ཅན་ལྗོངས་ཀྱི་ཕོ་བྲང་པོ་ཏ་ལར་ཞབས་སོར་འཁོད་ཐུབ་པའི་སྨོན་འདུན་ཞུ།།
ལེགས་བྱས་བསོད་ནམས་འོ་མཚོ་ལས་བྱུང་ངོ་མཚར་མཛེས་སྐུ་ཟླ་བ་གཞོན།།
མཚན་དཔེའི་འོད་རབ་ཕྱོགས་ན་ཀུན་བཀྱེ་མཁྱེན་བརྩེ་ནུས་པའི་མཐུ་སྟོབས་ཅན།།
གངས་ལྗོངས་འགྲོ་བའི་ལྷ་ལམ་ཡངས་མོར་ལྷང་ངེ་ལྷམ་མེར་རྟག་བཞད་པའི།།
བཀྲིས་གཡང་ཆགས་སྟོན་མོ་འདི་ཀོ་མི་འཇིགས་གཡུང་དྲུང་རྒྱས་སུ་འདེགས།།
བོད་ཀྱི་གཞོན་ལྷན་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡ ལ།། །།
༸སྐུའི་འཁྲུངས་སྐར་ལ་ཕུལ་བའི་སྨོན་ཚིག
༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་ཀྱི་དགུང་གྲངས་ ༨༠ ཕེབས་པར་དགའ་དད་སྤྲོ་གསུམ་གྱིས་འཚམས་འདྲི་དང་། ངེད་དབུས་ས་གཉིས་ནས་རྒྱལ་བའི་བཀའ་བསྟན་དག་འདོན་ཞུས་ཏེ་མགོན་པོ་གང་ཉིད་ཀྱི་སྐུ་ཚེ་སྐལ་བརྒྱར་བརྟན་ཞིང་ཐུགས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ།
དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་ཕུལ།།
སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ།
འཇིག་རྟེན་ཆོས་ལུགས་ཡོངས་ཀྱི་མ་འདྲེས་པའི་མཛའ་བཤེས་ཆེན་པོ། འཛམ་གླིང་ཞི་བདེའི་དེད་དཔོན། གངས་ཅན་ཁ་བ་རི་བ་རྣམས་ཀྱི་བླ་ན་མེད་པའི་མགོན་སྐྱབས་དང་མཚོན་རྟགས་གཅིག་བུ།༸གོང་ས་ལྷ་མིའི་རྣམ་འདྲེན་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཕྱི་ལུགས་ཀྱི་དགུང་གྲངས་དོན་དགུ་དང་།བོད་ལུགས་ཀྱི་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་རྫོགས་ལྡན་སྐལ་བཟང་གི་ཉིན་མོར་དགའ་དད་སྤྲོ་གསུམ་གྱིས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། སླད་མར་ཡང་སྐུ་ཚེ་བསྐལ་བ་བརྒྱ་ཕྲག་ཏུ་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་འགྲུབ་དང་།བོད་རང་དབང་གི་བདེན་མཐའ་མྱུར་དུ་གསལ་ཏེ་གཞིས་བྱེས་བོད་མི་ལྷན་འཛོམས་ཀྱི་དགའ་སྟོན་ལ་མགྱོགས་ནས་མྱུར་དུ་ལོངས་སུ་སྤྱོད་ཐུབ་པའི་སྨོན་འདུན་གྲངས་མེད་བཅས་ཕྱི་ལོ་ ༢༠༡༤།༧།༦ ཉིན་དབུ་མའི་ལམ་མི་མང་ལས་འགུལ་ཁང་ནས།
༸སྐུའི་འཁྲུངས་སྐར་ལ་ཕུལ་བའི་ཤིས་ཚིག
༄༅།། བོད་གཞིས་བྱེས་ཡོངས་ཀྱི་འདི་ཕྱིའི་དབུ་འཁྲིད་བླ་ན་མ་མཆིས་པ་འཛམ་གླིང་ཞི་བདེའི་དེད་དཔོན་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༧༩ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་བའི་སྐལ་བཟང་བཀྲ་ཤིས་ཀྱི་ཉིན་མོར་བཞུགས་སྒར་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གི་༧སྤྱི་ཁྱབ་འགན་འཛིན་དང་། འགན་འཛིན་ལྷན་ཚོགས་ལས་བྱེད་ཐུན་མོང་ནས་ལྷ་ཕྱག་གྲངས་མེད་དང་བཅས་སྒོ་གསུམ་རབ་ཏུ་གུས་པས་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་བ་དང་ཆབས་ཅིག་༸གོང་ས་མཆོག་སྐུ་ཚེ་ཞབས་པད་སྐལ་བརྒྱར་བརྟན་པའི་སྨོན་འདུན་རྩེ་གཅིག་ཏུ་ཞུ།།
བཞུགས་སྒར་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་ནས། ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡ བཟང་པོར་ཕུལ།