དེ་རིང་ཞོཊ་པར་ཐའེ་ཝན་གྱི་ཀོ་ཞོང་གྲོང་ཁྱེར་ནང་རླངས་རྫས་འབར་གད་ཀྱི་དོན་རྐྱེན་བྱུང་སྟེ་མི་ ༢༤ རྐྱེན་འདས་དང་མི་ ༢༧༡ ལ་རྨས་སྐྱོན་ཕོག་ཡོད་འདུག
ཐའེ་ཝན་ཉེན་སྐྱོབ་རུ་ཁག་གིས་གསར་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཞོགས་པ་ས་གནས་ཀྱི་ཆུ་ཚོད་ ༣།༣༠ ཙམ་ལ། ཐའེ་ཝན་གྱི་གྲོང་ཁྱེར་ཆེ་ཤོས་ཀོ་ཞོང་དུ་རླངས་རྫས་བུ་གུར་འབར་གད་ཀྱི་དོན་རྐྱེན་ཞིག་བྱུང་སྟེ། དུད་ཁྱིམ་ཁྲི་ ༢ ལྷག་གི་རླངས་རྫས་ཆད་ཅིང་། ཁྱིམ་ཚང་ཁྲི་ ༡ ལྷག་གི་གློག་ཆད་པ་དང་། ཁང་པ་དང་གཞུང་ལམ་སོགས་ལ་གཏོར་སྐྱོན་ཚབས་ཆེན་བཟོས་ཡོད་པ་མ་ཟད། ཉེན་རྟོག་པ་དང་ཉེན་སྐྱོབ་རུ་ཁག་གི་མི་སྣ་ ༩ ཚུད་པའི་མི་གྲངས་ ༢༤ རྐྱེན་ལམ་དུ་ཤོར་བ་དང་། མི་ ༢༧༡ ལ་རྨས་སྐྱོན་ཕོག་སྟེ་མྱུར་སྐྱོབ་བྱེད་བཞིན་ཡོད་འདུག
ཐའེ་ཝན་གཞུང་ཕྱོགས་ནས་བརྗོད་ན། ད་རེས་ཀྱི་དོན་རྐྱེན་དེ་ཐའེ་ཝན་གྱི་ལོ་རྒྱུས་ནང་འབར་གད་ཁྲོད་ཤི་རྨས་བྱུང་བ་ཚབས་ཆེ་ཤོས་ཤིག་ཆགས་ཡོད་པ་དང་། ཕྱི་ལོ་ ༡༩༩༦ ཟླ་ ༢ ཚེས་ ༢ ཉིན། ཐའེ་ཝན་ཞིན་པའེ་གྲོང་ཁྱེར་དུ་སོལ་རླངས་འབར་གད་ཀྱི་དོན་རྐྱེན་ཞིག་བྱུང་སྟེ། དུད་ཁྱིམ་ ༡༡༩ ཡི་སྡོད་ཁང་དང་རླངས་འཁོར་ ༩༠ ཙམ་ལ་གཏོར་སྐྱོན་བཟོས་ཡོད་པ་མ་ཟད། མི་གྲངས་ ༡༢ ལ་རྨས་སྐྱོན་ཕོག་ཡོད་འདུག
གསར་འགོད་པ། པདྨ་མཚོ།