ཕྱི་རྒྱལ་གྱི་སོའི་སྨན་པ་ཁག་ཅིག་གིས་རིན་མེད་ཐོག་ལ་དྭགས་ཁུལ་གྱི་སློབ་མ་ཚོའི་སོ་ལ་བརྟག་དཔྱད་དང་སྨན་བཅོས་བྱས་ཡོད་འདུག
ཟླ་འདིའི་ཚེས་ ༡༢ ཉིན་ནས་གཟའ་འཁོར་གཅིག་གི་རིང་ལ་དྭགས་རྒྱལ་ས་སླེ་རུ་སེང་གེ་ཚོགས་པའི་གོ་སྒྲིག་འོག འཛམ་གླིང་སོའི་སྨན་བཅོས་རོགས་སྐྱོར་ཚོགས་པས་ལ་དྭགས་ས་ཁུལ་གྱི་འབྲུག་པདྨ་དཀར་པོ་སློབ་གྲྭ་དང་དབུས་གཞུང་ནང་པའི་རིག་པའི་མཐོ་སློབ། རིགས་ལམ་སློབ་གྲྭ། འཇམ་དབྱངས་སློབ་གྲྭ་བཅས་ཀྱི་སློབ་ཕྲུག་ཚོའི་སོ་ལ་རིན་མེད་ཐོག་བརྟག་དཔྱད་བྱས་ཏེ། སོའི་དཀའ་ངལ་ཡོད་རིགས་སློབ་མ་ ༤༦༠ ལྷག་སྨན་བཅོས་དང་སོ་རུལ་པ་བཀོག་ནས་སོའི་ཚབ་བཟོ་པ་སོགས་བྱས་ཡོད་འདུག
ཐེངས་འདིར་སྨན་པ་མཱར་ཁུ་ལེ་སཱ་གྷོར་ ( Dr Mark lisagor) ལགས་ཀྱིས་མགོ་ཁྲིད་པའི་སོ་ནད་སྨན་བཅོས་ལས་གཞིའི་ཁྲོད། ཡུ་རོབ་རྒྱལ་ཁབ་ཅིག་གཙོས་ཨ་རི། ཁེ་ཎ་ཌ། རྒྱ་གར་བཅས་ཀྱི་སོའི་སྨན་པ་དང་སློབ་སྟོན་པ། ཞབས་ཞུ་བ་སོགས་མཉམ་ཞུགས་བྱས་ཡོད་འདུག
༢༠༠༢ ལོ་ནས་བཟུང་ཧི་མ་ཡ་སོའི་སྨན་བཅོས་རོགས་སྐྱོར་ཚོགས་པས། བལ་ཡུལ་དང་འབྲས་ལྗོངས། ལ་དྭགས་ཁུལ་ནང་སོ་ནད་སྨན་བཅོས་མགོ་འཛུགས་བྱས་སྟབས། ཕྱིས་སུ་ཚོགས་པ་འདིའི་མིང་འཛམ་གླིང་སོའི་སྨན་བཅོས་རོགས་སྐྱོར་ཚོགས་པར་བསྒྱུར་ཏེ་ཨེ་ཤ་ཡའི་ལྷོ་ཁུལ་གྱི་རྒྱལ་ཁབ་ཁག་ཅིག་ཚུད་ཡོད་འདུག
གསར་འགོད་པ། ལྷ་སྐྱབས་རྒྱལ།