ཧོང་ཀོང་ནང་ངོ་རྒོལ་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད་པ་དང་ཚེས་ ༡༧ ཉིན་ཧོང་ཀོང་སྤྱི་ཁྱབ་ཀྱིས་སློབ་མའི་ཚོགས་པ་དང་གང་མགྱོགས་གྲོས་མོལ་བྱ་རྒྱུ་ཡིན་ལུགས་བསྐྱར་དུ་བསྒྲགས་འདུག
ཧོང་ཀོང་ནང་མི་མང་གིས་ཞི་རྒོལ་བྱས་ཏེ་ཉིན་གྲངས་ ༢༠ ལྷག་འགྲོ་བཞིན་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཧོང་ཀོང་གཞུང་དང་སློབ་ཕྲུག་མཐུན་ཚོགས་ཀྱི་འཐུས་ཚབ་བར་གྲོས་མོལ་བྱ་རྒྱུའི་ཐག་གཅོད་དེ་ཧོང་ཀོང་གཞུང་གིས་ཕྱིར་འཐེན་བྱས་ཡོད་སྟབས། སློབ་ཕྲུག་དང་མི་མང་སྟོང་ཕྲག་མང་པོ་སླར་ཡང་གཞུང་ལམ་ཐོག་འདུ་འཛོམས་ཀྱིས་མི་གཅིག་ལ་གུར་གཅིག་ཅེས་པའི་ལས་འགུལ་སྤེལ་མགོ་བརྩམས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ནས་བཟུང་ཧོང་ཀོང་ཉེན་རྟོག་པ་བརྒྱ་ཕྲག་མང་པོས། ཞི་རྒོལ་བའི་སྡོད་གུར་སོགས་བཙན་གཏོར་བྱས་ཏེ་ལས་འགུལ་ལ་བཀག་སྡོམ་བྱས་ཡོད་པ་མ་ཟད། ཉེན་རྟོག་པ་མང་པོ་མཉམ་རུབ་ཀྱིས་ངོ་རྒོལ་བ་ཞིག་ལ་རྡུང་རྡེག་ཤུགས་ཆེན་བཏང་བའི་བརྙན་ཐུང་དང་པར་ཁག་ཅིག་གསར་ལམ་དུ་ཁྱབ་པར་བརྟེན། ཧོང་ཀོང་མི་མང་གིས་སྲིད་གཞུང་གི་བྱེད་སྟངས་དེ་ལ་འཁོན་སེམས་ཆེན་པོ་བཟུང་སྟེ་སླར་ཡང་ངོ་རྒོལ་ལས་འགུལ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ཧོང་ཀོང་སྤྱི་ཁྱབ་ཉིང་ཁྲིན་ཡེན་གྱིས་གང་མགྱོགས་སློབ་མའི་མཐུན་ཚོགས་དང་གྲོས་མོལ་བྱ་རྒྱུ་ཡིན་ཡང་། རྒྱ་ནག་མི་མང་འཐུས་མིའི་ཚོགས་ཆེན་ཐོག་གཏན་འབེབས་བྱུང་བའི་སྲིད་བྱུས་ཁག་ལ་འགྱུར་བ་མེད་སྐོར་བསྒྲགས་ཡོད་འདུག
ཧོང་ཀོང་སྤྱི་མང་མཉམ་འབྲེལ་ཚོགས་པའི་རྒྱུན་ལས་ཙིན་ཅན་ཁྲིན་གྱིས། ཉིང་ཁྲིན་ཡེན་གྱིས་གྲོས་མོལ་བྱ་རྒྱུ་ཡིན་ལུགས་བསྒྲགས་པ་དེ་ནི། ཕྱི་འགྱངས་ཀྱི་ཐབས་ལམ་ཙམ་ལས་སྲིད་གཞུང་གི་དམིགས་ཡུལ་ངོ་མ་ལས་འགུལ་མཚམས་འཇོག་བྱ་རྒྱུ་དེ་རེད། ང་ཚོ་ཉིང་ཁྲིན་ཡེན་ལ་རེ་བ་གང་ཡང་མེད། ཁོས་ཧོང་ཀོང་མི་མང་གི་རེ་འདོད་ལ་དོ་ཁུར་མི་བྱེད་པར་གུང་ཁྲན་ཏང་ལ་ཞབས་འདེགས་སྒྲུབ་ཀྱི་ཡོད་པ་རེད། ཁོས་དེ་སྔོན་བསྒྲུབས་པའི་ནོར་འཁྲུལ་ལ་དགོངས་དག་ཞུ་སྲིད་པ་མ་རེད། གང་ཡིན་ཟེར་ན། ཁོས་བསྒྲུབས་ཟིན་པ་ཚང་མ་ཁོ་རང་སྒེར་དང་གུང་ཁྲན་ཏང་ལ་མཚོན་ན་བྱ་བ་ལེགས་པོ་ཞིག་རེད། ཅེས་བརྗོད་འདུག
གསར་འགོད་པ། པདྨ་མཚོ།