ཁ་སང་ཨ་རིའི་རྒྱལ་དོན་དྲུང་ཆེ་དང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གཉིས་ནང་ཁུལ་གྱི་ཐུག་འཕྲད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་དང་ཁ་ཆེ་དྲག་སྤྱོད་པར་གདོང་ལེན་བྱེད་ཕྱོགས་སོགས་ལ་གྲོས་མོལ་བྱས་ཡོད་འདུག
ཁ་སང་དགུང་དྲོར་ཨ་རིའི་གྲོང་ཁྱེར་བྷོ་སི་ཊོན་ (Boston)ནང་ཡོད་པའི་ཨ་རིའི་རྒྱལ་དོན་དྲུང་ཆེ་ཇོན་ཁད་རེའི་ཁྱིམ་དུ། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་དབྱང་ཅེ་ཁྲི་ (Yang Jiechi) དང་ཇོན་ཁད་རེ་རྣམ་གཉིས་ནང་ཁུལ་གྱི་ཐུག་འཕྲད་བྱས་ཏེ། ཟླ་རྗེས་མའི་ཚེས་ ༡༢ ཉིན་ཨེ་ཤ་ཡ་ཞི་མཐུན་མཉམ་འབྲེལ་གླེང་སྟེགས་ཞེས་པའི་ཚོགས་འདུའི་སྟེང་། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་ཐུག་འཕྲད་བྱེད་ཕྱོགས་དང་། ཨི་རག་དང་སེ་རི་ཡའི་ནང་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་ (ISIS) ལ་གདོང་ལེན་བྱེད་ཕྱོགས། ཨི་བྷོ་ལ་ནད་ཡམས་འགོག་ཐབས། དེ་བཞིན། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་འབྲེལ་བཅས་ཀྱི་སྐོར་ལ་གྲོས་མོལ་བྱས་ཡོད་འདུག
གྲོས་མོལ་འདིའི་ཐད་མིང་བརྗོད་འདོད་མེད་པའི་ཨ་རིའི་རྒྱལ་དོན་ལས་ཁུངས་ཀྱི་ལས་བྱེད་ཅིག་གིས་རོའུ་ཊར་གསར་འགོད་པར། ཇོན་ཁད་རེ་དང་དབྱང་ཅི་ཁྲི་གཉིས་ཀྱིས་དགོང་ཟས་མདུན་ཅོག་སྟེང་ནས་རྒྱལ་ཁབ་གཉིས་ཀྱི་ཕྱི་སྲིད་དང་ཚོང་ལས་གཏིང་ཟབ་ཏུ་གཏོང་ཐབས། འཛམ་གླིང་སྤྱི་དང་ནང་སྒོས་སུ་ས་ཁུལ་རིམ་པའི་དཀའ་རྙོག་དག་གི་སྐོར་ལ་གྲོས་མོལ་བྱས་ཡོད་ཅེས་བརྗོད་འདུག
ཐེངས་འདིའི་གྲོས་མོལ་ཐད་རྒྱལ་སྤྱིའི་གསར་ལམ་ཁག་ནང་གནས་ཚུལ་ཐོན་པ་ལྟར་ན། ཝ་ཤིན་ཊོན་དང་པེ་ཅིན་གཉིས་ཀྱིས་ཁ་ཆེ་འཇིགས་སྐུལ་བའི་དཔལ་འབྱོར་ཡོང་ཁུངས་དང་འགྲོ་འདུག་སྐོར་གྱི་གསང་བའི་གནས་ཚུལ་ཕན་ཚུན་མཁོ་སྤྲོད་སྐོར་ལ་གྲོས་མོལ་བྱས་ཡོད་པ་མ་ཟད། ལྷོ་རྒྱ་ནག་རྒྱ་མཚོའི་དཀའ་རྙོག་དང་། དྲ་ཚིགས་གསང་མྱུལ་སོགས་ལའང་གྲོས་མོལ་བྱས་ཡོད་ཚུལ་བརྗོད་འདུག
ཉེ་ལམ་ཨ་རིའི་སྲིད་འཛིན་ཨོ་བྷ་མས། འཛམ་གླིང་གི་རྒྱལ་ཁབ་ཚང་མས་མཉམ་འབྲེལ་ཐོག་ཨི་རག་དང་སེ་རི་ཡའི་འཇིགས་སྐུལ་བར་གདོང་ལེན་རྩ་མེད་བཟོ་ཐུབ་བྱེད་དགོས་པའི་འབོད་སྐུལ་བྱེད་སྐབས། རྒྱ་ནག་གཞུང་གིས་འཇིགས་སྐུལ་རིང་ལུགས་པར་འཇབ་རྒོལ་བྱེད་ཆོག་ཀྱང་། རྒྱལ་ཁབ་དེ་གཉིས་ཀྱི་རང་བཙན་བདག་དབང་ལ་བརྩི་འཇོག་བྱེད་དགོས་པའི་རྣམ་འགྱུར་བསྟན་ཡོད་འདུག
གནད་དོན་དབྱེ་ཞིབ་པ་ཚོས། རྒྱ་ནག་གིས་ཨ་རི་དང་མཉམ་དུ་དཀྱིལ་ཤར་ཨེ་ཤ་ཡའི་ནང་གི་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པར་གདོང་ལེན་བྱས་ཏེ། ཨ་རིས་རྒྱ་ནག་ནང་ཡོད་པའི་ཡུ་གུར་རང་དབང་འཐབ་རྩོད་པ་ཚོ་འཇིགས་སྐུལ་རིང་ལུགས་པར་ངོས་འཛིན་ཡོང་ཐབས་ལ་འབད་བརྩོན་བྱེད་ཀྱིན་ཡོད་སྐོར་ཡང་རྗོད་བཞིན་ཡོད་འདུག
གསར་འགོད་པ། ལྷ་སྐྱབས་རྒྱལ།
ཡ་ཡ་ཨ་རིའི་བོད་པ་ཚོ་མགོ་སྐོར་མ་གཏོང་བ་ཤོག།། རྒྱ་དང་ཨ་རི་གཉིས་ལྐོག་ཏུ་སྐད་ཆ་རེས་བྱས། དངོས་སུ་སྐད་ཆ་རེས་བྱས།།།