ཁ་སང་ཧོང་ཀོང་གཞུང་གིས་ཞི་རྒོལ་བའི་ཐོག་དུག་མདའ་གཡུཊ་ནས་ཟླ་གཅིག་ལོན་པའི་རྗེས་དྲན་དགོང་ཚོཊ་ཐོག ལས་འགུལ་སྣེ་ཁྲིད་པས་སློབ་མ་ཚོ་ཕྱིར་སློབ་གྲྭར་ལོག་དགོས་པའི་གཏམ་བཤད་བྱས་འདུག
ཁ་སང་ཧོང་ཀོང་ནང་མི་མང་གིས་ཞི་རྒོལ་བྱས་ནས་ཟླ་གཅིག་ཧྲིལ་པོ་ལོན་པའི་ཉིན་མོ་དང་བསྟུན་ཏེ། ཧོང་ཀོང་ཚོང་ལས་ལྟེ་གནས་ཅིན་ཀྲུང་ཐང་ཆེན་དུ། སྲིད་གཞུང་གིས་ཞི་རྒོལ་བའི་ཐོག་དུག་མདའ་གཡུགས་ནས་ཟླ་གཅིག་ལོན་པའི་རྗེས་དྲན་དགོང་ཚོགས་བསྡུས་ཡོད་པ་དང་། དགོང་ཚོགས་ཐོག་མི་མང་སྟོང་ཕྲག་མང་པོ་འདུ་འཛོམས་བྱས་ཏེ། ཧོང་ཀོང་གཞུང་གིས་དུག་མདའ་ ༨༧ བེད་སྤྱོད་བྱས་པའི་མཚོན་དོན་དུ་ལས་འགུལ་བ་ཚང་མ་ཡར་ལངས་ཏེ་སྐར་ཆ་ ༨༧ རིང་ངག་བཅད་མྱ་ངན་དང་། ལས་འགུལ་སྣེ་ཁྲིད་པ་ཚོས་གཏམ་བཤད་བྱས་ཡོད་འདུག
དགོང་ཚོགས་ཐོག་ཧོང་ཀོང་སློབ་ཕྲུག་མཐུན་ཚོགས་དང་མི་མང་མཉམ་འབྲེལ་ཚོགས་པ་སོགས་ཀྱི་མི་སྣས་གཏམ་བཤད་བྱས་ཡོད་པ་དང་། སྐབས་དེར་ཧོང་ཀོང་དཀྱིལ་དབུས་བཙན་བཟུང་གི་ལས་འགུལ་སྣེ་ཁྲིད་པ་ཁྲིན་ཅན་མེན་དང་ཌེ་ཡོ་ཐིན་གཉིས་ཀྱིས། ཞི་རྒོལ་ནང་ཞུགས་པའི་སློབ་ཆེན་ཁག་གི་སློབ་མ་ཚོ་ཕྱིར་སློབ་གྲྭར་ལོག་ཏེ་སློབ་གསོའི་བྱ་བ་བསྐྱར་གསོ་བྱེད་དགོས་སྐོར་བརྗོད་ཡོད་པ་དང་། སློབ་མ་ཚོས་དེ་ལ་འདོད་མོས་བྱེད་ཀྱི་མེད་ཀྱང། དཀྱིལ་དབུས་བཙན་བཟུང་གི་ལས་འགུལ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་མི་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད་འདུག
ལས་འགུལ་སྣེ་ཁྲིད་པ་ཌེ་ཡོ་ཐིན་གྱིས་སློབ་གྲྭ་ཁག་གི་སློབ་གསོའི་བྱ་བ་བསྐྱར་གསོ་བྱས་ན་ལས་འགུལ་ལ་ཕྱི་བཤོལ་བྱས་པ་ཞིག་ཆགས་ཀྱི་མེད་པའི་སྐོར་ལ་ཁོང་གིས། ང་ཚོ་ཞི་རྒོལ་བྱེད་ས་དང་ཁ་བྲལ་མེད་ལ། ལས་འགུལ་དང་ཡང་ཁ་བྲལ་ཡོད་པ་མ་རེད་བསམ་གྱི་འདུག ཕྱོགས་གཅིག་ནས་བཤད་ན་ལས་འགུལ་གྱི་དུས་ཡུན་རིང་དུ་གཏོང་བར་ང་ཚོས་ངེས་པར་དུ་འཚོ་བའི་ཐོག་ལེགས་སྒྲིག་ཁག་ཅིག་བྱེད་དགོས་ཀྱི་འདུག ཅེས་བརྗོད་འདུག
ལས་འགུལ་ནང་ཞུགས་པའི་སློབ་མ་ཞིག་གིས། ལས་འགུལ་སྣེ་ཁྲིད་པ་ཚོ་སྔོན་ལ་ཕྱིར་འཐེན་བྱས་པ་དེས་མི་མང་ལ་བག་ཆགས་ངན་པ་བཞག་ཡོད་ལ། དང་ཐོག་ཁོང་ཚོས་ལས་འགུལ་ལ་སྣེ་ཁྲིད་བྱས་པ་དང་། གནད་དོན་མཇུག་མ་བསྡུས་གོང་གློ་བུར་དུ་ཕྱིར་འཐེན་བྱོས་ལབ་ན་ཁྱད་མཚར་བྱུང་། ཡིན་ནའང་། དེ་ཡིས་ཧོང་ཀོང་དཀྱིལ་དབུས་བཙན་བཟུང་གི་ལས་འགུལ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་མི་སྲིད་པའི་སྐོར་བརྗོད་འདུག
གཞན་ཡང་། ཐེངས་འདིའི་ཧོང་ཀོང་ཞི་རྒོལ་ལ་རྒྱ་ནག་ནང་ལོགས་ནས་མི་མང་པོས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ལྟར། ད་ལྟའི་བར་རྒྱ་གཞུང་གིས་མི་གྲངས་ ༤༠ ཡས་མས་འཛིན་བཟུང་བཀག་ཉར་བྱས་པའི་གནས་ཚུལ་ཐོན་ཡོད་པ་མ་ཟད། ཧོང་ཀོང་གི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཀྲུའུ་རིན་ཧྥ་དང་ལུའུ་དི་ཧྭ། ཉིང་ཁྲོ་ཝེ་སོགས་གློག་བརྙན་འཁྲབ་སྟོན་པ་དང་གཞས་པ་ཁག་ཅིག་གིས། མི་མང་གི་ལས་འགུལ་ལ་བསྟོད་གླུ་བླངས་བ་དང་རྒྱབ་སྐྱོར་གྱི་གཏམ་བཤད་བྱས་ཡོད་པར་བརྟེན། ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་རྒྱ་ནག་ཞིན་ཧྭ་གསར་ཁང་གིས། ཧོང་ཀོང་དང་ཐའེ་ཝན་གྱི་སྐུལ་འདེད་མི་བྱེད་པའི་སྒྱུ་རྩལ་བ་ ༥༠ ཙམ་གྱི་མིང་གཞུང་ཕྱིར་བསྒྲགས་བྱས་ཏེ། ཁོང་ཚོའི་དཀྱིལ་དབུས་བཙན་བཟུང་གི་ལས་འགུལ་ལ་རྒྱབ་སྐྱོར་བྱས་པའི་བྱ་སྤྱོད་ཀྱིས་མི་མང་ལ་འཁོན་སེམས་བསླངས་ཡོད་པའི་སྐྱོན་བརྗོད་བྱས་ཡོད་འདུག
གསར་འགོད་པ། པདྨ་མཚོ།