ཁ་སང་དགོང་མོར་རྒྱ་ནག་ཧྲན་ཏུང་ཞིང་ཆེན་ཧྲོ་ཀང་གྲོང་ཁྱེར་གྱི་ལོང་ཡན་སྔོ་ཚལ་ཚོང་གཉེར་ཁང་གི་སྐྱེལ་འདྲེན་རླངས་འཁོར་ཞིག་ལ་འབར་གས་བྱུང་སྟེ་མི་ ༡༨ རྐྱེན་ལམ་དུ་ཤོར་འདུག
ཁ་སང་པེ་ཅིན་གྱི་དགོང་མོའི་ཆུ་ཚོད་ ༩།༣༠ ཙམ་ལ། རྒྱ་ནག་ཧྲན་ཏུང་ཞིང་ཆེན་ཧྲོ་ཀང་གྲོང་ཁྱེར་ལོང་ཡན་སྔོ་ཚལ་ཚོང་གཉེར་ཁང་གི་ལ་ཕུག་སྐྱེལ་འདྲེན་རླངས་འཁོར་ཞིག་ལ་འབར་གས་བྱུང་སྟེ། མི་ ༡༣ ལ་རྨས་སྐྱོན་བཟོས་ཡོད་པ་མ་ཟད། མི་ ༡༨ རྐྱེན་ལམ་དུ་ཤོར་བ་དང་མི་ ༤ བོར་བརླག་ཕྱིན་པ་དང་། ཉེ་འགྲམ་གྱི་ཁང་པ་དང་རླངས་འཁོར་སོགས་ལའང་གཏོར་བཅོམ་ཆེན་པོ་བཟོས་ཡོད་འདུག དོན་རྐྱེན་བྱུང་རྗེས། ཉེན་རྟོག་པས་ཚོང་གཉེར་ཁང་དེའི་ཁེ་ལས་འགན་འཁུར་བ་འཛིན་བཟུང་བྱས་ཏེ། འབར་གས་ཀྱི་འབྱུང་རྐྱེན་ལ་ཞིབ་བཤེར་བྱེད་བཞིན་ཡོད་འདུག
རྒྱ་ནག་གི་བཟོ་གྲྭ་ཁག་ཏུ་དོན་རྐྱེན་རིམ་པར་བྱུང་ཡོད་པ་ལྟར། འདས་ལོའི་ཕྱི་ཟླ་ ༦ ཚེས་ ༣ ཉིན་ཅི་ལིན་ཞིང་ཆེན་བདེ་ཧེ་གྲོང་ཁྱེར་གྱི་ཟས་རིགས་བཟོ་གྲྭ་ཞིག་ཏུ་འབར་གས་བྱུང་སྟེ། མི་ ༡༢༡ རྐྱེན་འདས་དང་མི་ ༧༦ ལ་རྨས་སྐྱོན་ཕོག་པ་དང་། དེ་བཞིན། འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༢ ཉིན་ཧྲན་ཏུང་ཞིང་ཆེན་ཆིན་ཏོ་གྲོང་ཁྱེར་གྱི་རྡོ་སྣུམ་བཟོ་གྲྭ་ཞིག་ལ་འབར་གས་བྱུང་ནས་མི་ ༦༢ རྐྱེན་འདས་དང་། མི་ ༡༣༦ ལ་རྨས་སྐྱོན་བཟོས་ཡོད་པ་རེད།
གསར་འགོད་པ། པདྨ་མཚོ།