༢༠༡༥ ལོའི་ཡུ་རོབ་བོད་དོན་ལས་འགུལ་ཆེན་མོ།
༄༅།། ཡུ་རོབ་རྒྱལ་ཁབ་འདྲ་མིན་གྱི་ནང་དུ་གནས་བཞུགས་བོད་རིགས་སྤུན་ཟླ་ཡོངས་ཀྱི་སྙན་ལམ་དུ།
ཆེད་ཞུ།
ཚང་མའི་དགོངས་མངའ་བཞིན་བོད་ནང་ལ་རྒྱ་གཞུང་གིས་དྲག་པོའི་དཔུང་ཤུགས་ཁོ་ནའི་བེད་སྤྱོད་དབང་བསྒྱུར་འོག་ཏུ་ཚུད་པའི་གཞིས་ལུས་རྒྱ་ཆེའི་མི་མང་གི་ཆོས་སྲིད་རིག་འབྱོར་སོགས་ཀྱི་གནས་སྟངས་ཧ་ཅང་སྐྱོ་བོའི་ཐོག་ད་ལྟའི་ཆར་ཕྱོགས་ཡོངས་ནས་ཛ་དྲག་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར། ཡུ་རོབ་བོད་རིགས་ཚོགས་པ་རྣམས་ཀྱིས་མགྲིན་དབྱངས་གཅིག་གྱུར་གྱི་སྒོ་ནས་བོད་དོན་གྲོས་ཆོད་བཞག་པ་གཞིར་བཟུང་གིས། འཆར་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༤ རེས་གཟའ་སྤེན་པའི་ཉིན་ཞོགས་པ་ཆུ་ཚོད་ ༡༡ དང་སྐར་མ་ ༣༠ ཙམ་ནས་ཡུ་རོབ་བོད་དོན་ལས་འགུལ་ཆེན་མོ་ཞེས་པ་དེ། ཧྥ་རན་སིའི་རྒྱལ་ས་པ་རེ་སིའི་ས་ཆ་ (Trocadero) ནས་མགོ་འཛུགས་བྱས་ཏེ་ཡུ་རོབ་བོད་དོན་ལས་འགུལ་ཆེན་མོ་འདི་ཉིད་སྤེལ་རྒྱུ་གཏན་འཁེལ་བྱུང་བར་བརྟེན། ཡུ་རོབ་གླིང་ཆེན་དུ་གནས་བཞུགས་རྒྱ་ཆེའི་བོད་རིགས་མི་མང་ཚང་མས་གལ་ཆེན་དོན་ཆེན་དུ་བརྩིས་ཏེ་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཆེད་དུ་ལོ་རྒྱུས་རང་བཞིན་ལྡན་པའི་ཡུ་རོབ་བོད་དོན་ལས་འགུལ་ཆེན་མོའི་ནང་དུ་ཆ་ཤས་ངེས་པར་དུ་ལེན་ཐུབ་པར་གནང་རོགས་ཞེས་སྙིང་ཐག་པ་ནས་འབོད་བསྐུལ་ཞུ་བཞིན་ཡོད།
དེས་ན་ད་ལྟ་ནས་བཟུང་སྟེ་བོད་མི་ཚང་མས་སོ་སོའི་ལས་ཀ་ནས་གང་མགྱོགས་དགོངས་པ་ཞུ་ཕྱོགས་དང་། དུས་ཚོད་སྟབས་བསྒྲིགས་ཏེ་འགྲིམ་འགྲུལ་ལག་འཁྱེར་ཉོ་རྒྱུའི་གྲ་སྒྲིག་སོགས་ཚགས་ཚུད་ཡོང་ཆེད་ད་ལྟ་ནས་གསལ་བསྒྲགས་གཏོང་གི་ཡོད་མོད། ལས་འགུལ་ནང་མཉམ་ཞུགས་གནང་མཁན་བོད་མི་ཚང་མས་བོད་ཆས་གཙང་མ་གྱོན་ཏེ་ཡུ་རོབ་བོད་དོན་ལས་འགུལ་ཆེན་མོའི་ནང་བོད་མི་རང་ཉིད་ཕེབས་ཐུབ་པར་བྱ་རྒྱུ་མ་ཟད། སོ་སོའི་ངོ་ཤེས་པའི་བོད་ཀྱི་གྲོགས་པོ་ཡུལ་མི་གང་མང་མང་ཞིག་མཉམ་དུ་ཁྲིད་ཡོང་ཐབས་གནང་རོགས་ཞུ་རྒྱུ་བཅས།
ཡུ་རོབ་བོད་དོན་ལས་འགུལ་ཆེན་མོའི་འགན་འཛིན་ལྷན་ཚོགས་ཀྱི་སྤྱི་ཁྱབ་འབྲེལ་མཐུད་པ་ཚ་ཁོ་ཐུབ་བསྟན་རྒྱ་མཚོས་ཧྥ་རན་སིའི་རྒྱལ་ས་པ་རེ་སི་ནས།
ཕྱི་ལོ་ ༢༠༡༤ ཟླ་བ་ ༡༢ ཚེས་ ༣ ཉིན་བཟང་བོར་ཕུལ།