ཐའེ་ཝན་གྱི་རྒྱ་ནག་སྐམ་ས་ཆེན་མོའི་ལས་དོན་ལྷན་ཁང་གི་བློན་ཆེན་གྱིས་ཁོའི་ལས་རོགས་ཀྱིས་རྒྱ་ནག་གཞུང་ལ་ལྐོག་འབྲེལ་བྱེད་ཀྱིན་ཡོད་པའི་དོགས་གཞིའི་འོག་ལས་གནས་ནས་དགོངས་པ་ཞུས་ཡོད་འདུག
དེ་རིང་ཐའེ་ཝན་གྱི་རྒྱ་ནག་སྐམ་ས་ཆེན་མོའི་ལས་དོན་ལྷན་ཁང་གི་བློན་ཆེན་ཝང་ཡུ་ཁྲེ་(Wang Yu-chi) ཡིས། ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་ཁྲིམས་ཁང་གིས་ཁོའི་ལས་རོགས་བློན་ཆེན་གཞོན་པ་ཟུར་པ་ཁྲང་སན་ཡཱ་ (Chang Hsien-ya)ལ་ནག་ཉེས་མེད་པའི་བཅད་ཁྲ་བཏང་བ་དེར་བློ་ཕམ་གྱིས་དགོངས་པ་ཞུས་ཡོད་འདུག
ཝང་ཡུ་ཁྲེ་ཡིས་རྒྱལ་སྤྱིའི་གསར་ལམ་ཐོག “ངས་ཁྲིམས་ཁང་གིས་ཐག་གཅོད་དེར་མོས་མཐུན་རྩ་བ་ནས་བྱེད་ཐུབ་ཀྱི་མེད་ཀྱང་། འགན་འཁྲི་ཞིག་ཡོད་པའི་ཆ་ནས་བརྩི་བཀུར་བྱས་ཏེ་ལས་གནས་ནས་དགོངས་པ་ཞུས་པ་ ཡིན་”ཞེས་བརྗོད་འདུག
ཐའེ་པེ་ཁྲིམས་ཁང་གིས། “ང་ཚོར་ཁྲང་སན་ཡཱ་ཡིས་རྒྱལ་ཁབ་ཀྱི་གསང་བ་ཕྱི་གྱར་བྱས་པའི་དཔང་རྟགས་གང་ཡང་རག་མེད་པ་མ་ཟད། ཁོས་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྲུང་སྐྱོབ་ལ་གནོད་པའི་ལས་ཀ་བྱས་ཡོད་པའི་གནས་ཚུལ་གང་ཡང་ལག་སོན་བྱུང་མེད་སྟབས། ཁྲིམས་ཁང་གིས་ཁོང་ལ་ནག་ཉེས་མེད་པའི་ཐག་གཅོད་བྱས་པ་ཡིན”ཅེས་བརྗོད་འདུག
འདས་ལོར་ཝང་ཡུ་ཁྲེ་ཡིས་ཁོའི་ལས་རོགས་བློན་ཆེན་གཞོན་པ་ཁྲང་སན་ཡཱ་ཡིས་རྒྱ་ནག་གཞུང་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱི་གྱར་བྱས་པའི་སྐྱོན་འཛུགས་བྱས་ཡོད་སྟབས། སྐབས་དེར་ཁྲང་སན་ཡཱ་ཡིས་སྐྱོན་འཛུགས་ལ་ངོ་རྒོལ་བྱས་ཀྱང་ཕན་འབྲས་མ་ཐོན་སྟབས། ལས་གནས་ནས་དགོངས་པ་ཞུས་ཡོད་ཀྱང་། དེའི་རྗེས་ཁོས་འདས་པའི་ཟླ་ཤས་རིང་ཁྲིམས་ཁང་ལ་གྱོད་དོན་དེར་བསྐྱར་དུ་རྟོག་ཞིབ་བྱེད་དགོས་པའི་ཁ་མཆུ་བརྒྱབ་ཡོད་སྟབས། ཁྲིམས་ཁང་གིས་རྩད་ཞིབ་པ་བརྒྱུད་རྒྱལ་ཁབ་ཀྱི་གསང་བ་ཕྱི་གྱར་བྱས་པའི་དཔང་རྟགས་གང་ཡང་རག་མེད་སྟབས། དེ་རིང་ཁོ་ལ་ནག་ཉེས་མེད་པ་གསལ་བསྒྲགས་བྱས་ཡོད་འདུག