ཉེ་ལམ་ཧི་མ་ཅལ་མངའ་སྡེའི་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཨགྷི་ནེ་ཧོ་ཊརེ(Kuldip Chand Agnihotri) ལགས་ཀྱིས་རྒྱ་གར་སྲིད་བློན་གསར་བ་མུ་ཌེ་སྲིད་གཞུང་གིས་དེང་གི་བོད་དོན་ཐོག་བཟུང་བའི་ལངས་ཕྱོགས་ལ་འགྱུར་བ་གཏོང་སྲིད་པ་རེད་ཅེས་བརྗོད་བྱུང་།
ཁ་སང་རྒྱ་གར་གསར་ལམ་(Indiatoday)ཞེས་པའི་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། འདི་ཟླའི་ཚེས་ ༨ ཉིན་རྒྱལ་ས་ལྡི་ལིར་བརྟན་གཞི་བྱས་པའི་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་ (TCV Youth Hostel) དུ་བསྐོང་ཚོགས་གནང་བའི་བོད་རྒྱ་མཛའ་འབྲེལ་ཚོགས་པའི་ (BTSM) སྐུ་ཚབ་ཁག་ཅིག་དང་མཇལ་འཕྲད་ཀྱིས་གླེང་མོལ་གནང་སྐབས། ཧི་མ་ཅལ་མངའ་སྡེའི་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཨགྷི་ནེ་ཧོ་ཊརེ་ལགས་ཀྱིས། “ཉེ་ཆར་རྒྱ་གར་སྲིད་གཞུང་གིས་བོད་དོན་ཐོག་འཛིན་པའི་ལངས་ཕྱོགས་ལ་འགྱུར་བ་གཏོང་སྲིད་པའི་གནས་ཚུལ་ཐེངས་འགར་རྒྱ་ནག་སྲིད་གཞུང་ལ་གློག་འཕྲིན་བརྒྱུད་ལམ་ནས་སྙན་སེང་ཞུས་དོན། ‘བོད་ནི་རྒྱ་དཀར་ནག་གི་མཐའ་མཚམས་རྒྱལ་ཁབ་ཅིག་ཡིན་པ་ལས། རྒྱ་ནག་གི་ཆ་ཤས་མ་ཡིན་པ་གསལ་བརྗོད་གནང’བར། རྒྱ་ནག་གཞུང་གིས་རྒྱ་གར་གཞུང་གིས་བོད་དོན་ཐོག་བཟུང་བའི་ལངས་ཕྱོགས་ལ་འགྱུར་བ་གཏོང་ངེས་ཡིན་པར་སེམས་འཚབ་བྱེད་ཀྱིན་ཡོད་པ་རེད”ཅེས་བརྗོད་ཡོད་ཚུལ་བཀོད་འདུག
གནས་ཚུལ་དེའི་ནང་མུ་མཐུད་དུ་བཀོད་དོན། སློབ་དཔོན་ཆེན་མོ་ཨ་གྷི་རེ་ཧོ་ཌི་རེ་མཆོག་ནི་མཚན་སྙན་རླུང་ལྟར་གྲགས་པའི་དེང་གི་རྒྱ་གར་རྒྱལ་ཞེན་ལྷན་ཚོགས་སམ་གཡས་ལྷུང་ཚོགས་པའི་ (RSS) མཁས་དབང་ཆེན་པོ་ཞིག་རེད་ལ། (BJP) ཚོགས་པའང་སྲིད་དོན་ཚོགས་པ་འདིའི་གཤོག་པ་ཡ་གཅིག་ལྟ་བུ་ཡིན་འདུག
ཐེངས་འདིའི་ཚོགས་ཆེན་མ་བསྐོང་བའི་སྔོན་ཏག་ཏག་ལ། རྒྱལ་ས་ལྡི་ལིར་༼རྒྱ་གར་ཕྱི་འབྲེལ་སྲིད་ཇུས་གསར་བ་དང་བོད་ཀྱི་གནད་དོན༽ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་ཆེན་ཞིག་ཚོགས་ཡོད་པ་མ་ཟད། ཉེ་སྔོན་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུའི་འཁྲུངས་སྐོར་དང་བསྟུན་ཏེ། བོད་རྒྱ་མཛའ་འབྲེལ་ཚོགས་པའི་ཡན་ལག་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་རྒྱ་ནག་གི་ཚོང་ཟོག་ནང་འདྲེན་བཀག་སྡོམ་ལས་འགུལ་སྤེལ་ཕྱོགས་ཐད་ལའང་དམིགས་བསལ་ཚོགས་འདུ་བསྐོང་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ལྷ་སྐྱིད་རྡོར་རྗེ་དང་རྒྱལ་ས་ལྡི་ལིའི་གཞིས་གྲོང་སམ་ཡེ་གླིང་གི་རྒྱལ་དཔོན་སྐལ་ལྡན་ཚེ་རིང་ལགས་གཉིས་ཀྱིས་ཐེངས་འདིའི་ཚོགས་ཞུགས་པ་རྣམས་ལ་ཁ་བཏགས་སྒྲོན་འབུལ་ཞུས་ཏེ་ཚོགས་འདུ་མཇུག་བསྒྲིལ་སོང་། ཞེས་སོགས་བཀོད་འདུག
་་་་་་་་་་ ‘བོད་ནི་རྒྱ་དཀར་ནག་གི་མཐའ་མཚམས་རྒྱལ་ཁབ་ཅིག་ཡིན་པ་ལས། རྒྱ་ནག་གི་ཆ་ཤས་མ་ཡིན་པ་གསལ་བརྗོད་གནང’བར། རྒྱ་ནག་གཞུང་གིས་རྒྱ་གར་གཞུང་གིས་བོད་དོན་ཐོག་བཟུང་བའི་ལངས་ཕྱོགས་ལ་འགྱུར་བ་གཏོང་ངེས་ཡིན་པར་སེམས་འཚབ་བྱེད་ཀྱིན་ཡོད་པ་རེད” ་་་་་་་་་་་་