ས་གནས་རྫོང་སྤྱི་བདེ་ཉེན་རྟོག་ཁང་གིས་གནས་ཚུལ་བསྒྲགས་པ་ལྟར་ན། མམ་བྷེ་གྲོང་ཁྱེར་དུ་ཆང་རག་ནང་དུག་རྫས་འདྲེས་པའི་རྐྱེན་ཀྱིས་ཡུལ་མི་ ༤༡ འདས་གྲོངས་སུ་གྱུར་ཡོད་པ་དང་། ད་ལྟ་ཡུལ་མི་ ༡༢ ལྷག་གི་ཚེ་སྲོག་ཉེན་ཁར་ཐུག་ཉེན་ཡོད་འདུག
དབྱིན་ཇིའི་ལྟ་སྲུང་བརྒྱུད་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཕྱི་ཚེ་ ༡༩ ཉིན་རྒྱ་གར་ནུབ་རྒྱུད་མཚོ་མཐའི་གྲོང་ཁྱེར་མམ་བྷེ་ནང་། མི་མང་དཀྱུས་མིས་སྤྱོད་ཀྱིན་པའི་ཆང་རག་ནང་དུག་རྫས་འདྲེས་པའི་རྐྱེན་གྱིས་ཡུལ་མི་ ༤༡ རྐྱེན་ལམ་དུ་ཤོར་ཡོད་པ་དང་། མམ་བྷེ་གྲོང་འཁྱེར་གྱི་སྤྱི་བདེ་ཉེན་རྟོག་ཁང་གི་དྲུང་ཆེ་གཞོན་པ་སྐུ་ཞབས་ཁུལ་ཁར་ནེས། རེས་གཟའ་ལྷག་པའི་ཉིན་གྱི་ཞོགས་པར། དུག་རྫས་ཅན་གྱི་ཆང་རག་བཏུང་བའི་མི་ཁག་ཅིག་གི་ཚེ་སྲོག་ལ་གནོད་འཚེ་ཚབས་ཆེན་ཐེབས་ཡོད་སྐོར་བརྗོད་དོན། “ཆང་རག་རྫུན་མ་བཏུང་རྗེས། ཡུལ་མི་ ༤༡ འདས་གྲོངས་སུ་གྱུར་ཅིང་། ད་ལྟ་སྨན་ཁང་དུ་ཡོད་པའི་ནད་པ་ ༢༤ ལས་ནད་པ་ ༡༢ ལྷག་གི་བདེ་ཐང་ཧ་ཅང་ཛ་དྲག་ཆེན་པོ་ཆགས་འདུག་ལ། ཐེངས་འདིའི་ཆང་རག་རྫུན་བཟོ་བྱེད་མཁན་རྟོག་ཞིབ་བ་བརྒྱུད་དེ། རེས་གཟའ་ཕུར་བའི་ཉིན། ཉེས་ཅན་མི་སྣ་གསུམ་འཛིན་བཟུང་བྱས་ཡོད”ཅེས་དང་། ཡང་ཁོང་གིས“ཕྱི་ལོ་ ༢༠༡༤ ལོར་ཆང་རག་རྫུན་བཟོ་དང་ཉོ་འཚོང་བྱས་པའི་རྐྱེན་གྱིས་ཡུལ་མི་ ༡༠༠ ལྷག་རྐྱེན་ལམ་དུ་ཤོར་ཡོད་པ་རེད”ཅེས་སོགས་འགྲེལ་བརྗོད་བྱས་འདུག
གནས་ཚུལ་ལྟར་ན། མམ་བྷེ་གྲོང་ཁྱེར་གྱི་སྤྱི་བདེ་ཉེན་རྟོག་པ་བརྒྱད་ཀྱིས་སྔ་རྗེས་སུ་ཆང་རག་རྫུན་མ་ཐོན་སྐྱེད་བྱེད་པ་དང་ཉོ་འཚོང་བྱེད་ཀྱིན་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་ནའང་། ཞིབ་བཤེར་བཀག་སྡོམ་བྱས་མེད་འདུག
རྒྱ་གར་རྒྱལ་ཡོངས་སུ་ལོ་རེ་བཞིན། རིན་གོང་ཁེ་བའི་ཆང་རག་རྫུན་མའི་རིགས་ཐོན་སྐྱེད་དང་ཉོ་འཚོང་བྱས་ཏེ། རྒྱུན་པར་ཡུལ་མི་མང་པོ་རྐྱེན་དུ་ཤོར་གྱི་ཡོད་པ་དང་། སྤྱིར་བཏང་ཆང་རག་རྫུན་མའི་རིགས་ཉོ་འཚོང་བྱེད་ས་གཙོ་བོ་གྲོང་གསེབ་ཁག་དང་འཚོ་གནས་སྐྱོ་བའི་ས་ཁུལ་ཁག་ཅིག་ཡིན་སྐོར་བརྗོད་འདུག