གསང་སྟབས་ཀྱིས་དངུལ་ལོ་བརྗེ་གཏོང་བྱས་པའི་ནག་ཉེས་འོག་ཏུ། ཨི་ཊ་ལིའི་བྱང་རྒྱུད་གྲོང་ཁྱེར་མེ་ལིན་ནང་ཡོད་པའི་རྒྱ་ནག་གི་དངུལ་ཁང་དང་ལས་མི་ ༣༠༠ ཁྲིམས་བཤེར་བྱེད་ཀྱི་ཡིན་འདུག
བྷེ་བྷེ་སེ་གསར་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། གཟའ་ཟླ་བའི་ཨི་ཊ་ལིའི་བྱང་རྒྱུད་གྲོང་ཁྱེར་མེ་ལིན་ནང་ཡོད་པའི་རྒྱ་ནག་གི་དངུལ་ཁང་ཞིག་གིས་རྒྱལ་ས་ཧྥི་ལོ་རན་སིའི་ནང་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ ༥.༡ གསང་བའི་ངང་ཨི་ཊ་ལི་ནས་རྒྱ་ནག་ལ་བརྗེ་གཏོང་བྱས་ཡོད་པ་ཁུངས་བསྐྱལ་བྱས་ཡོད་འདུག་ལ། དེ་ཡང་སྨད་འཚོང་དང་དངུལ་ལོ་རྫུན་བཟོ། རྒྱལ་ཁབ་ཀྱི་དཔྱ་ཁྲལ་ལ་གཡོལ་བ། ངལ་རྩོལ་མི་མང་ལ་བཤུ་གཞོག་བཏང་བ་ལས་གསོག་གཉེར་བྱས་པ་ཡིན་སྐོར་སོགས་བརྗོད་ཡོད་པ་མ་ཟད། ཨི་ཊ་ལིའི་གཞུང་འབྲེལ་མིན་པའི་གསར་ཁང་ (ANSA) གིས། རྒྱ་ནག་གི་དངུལ་ཁང་དེའི་མཐོ་རིམ་དོ་དམ་པ་ ༣ ལ་ཐེངས་འདིའི་ཉེས་དོན་སྐོར་འདྲི་གཅོད་དང་ཁྲིམས་བཤེར་ནན་མོ་བྱེད་དགོས་ཡོད་སྐོར་བརྗོད་འདུག
གནས་ཚུལ་རྟོག་ཞིབ་བྱས་པ་ལྟར་ན། གོང་སྨོས་ཨི་ཊ་ལིའི་བྱང་རྒྱུད་གྲོང་ཁྱེར་མེ་ལིན་ནང་ཡོད་པའི་རྒྱ་ནག་གི་དངུལ་ཁང་དེས་ཕྱི་ལོ་ ༢༠༠༧ ནས་ ༢༠༡༠ ལོའི་བར་ཡུ་སྒོར་ཁྲག་ཁྲིག་ཆེན་མོ་ ༤.༥ ལྷག་གསང་བའི་ངང་རྒྱ་ནག་ལ་བརྗེ་གཏོང་བྱས་ཡོད་པ་མ་ཟད། ད་རེབ་དངུལ་ལོ་བརྗེ་གཏོང་ཚོགས་ཆུང་ལའང་ཡུ་སྒོར་སྟོང་ཕྲག་ ༧༥༨.༠༠༠ ལྷག་གི་ཁེ་སྤོགས་ཐོབ་ཡོད་འདུག
ཨི་ཊ་ལིའི་ཁྲིམས་ཁང་ནས་རྒྱ་ནག་གི་དངུལ་ཁང་དང་ལས་མི། ཡང་ན་ཁྲིམས་འགལ་གྱི་དངུལ་ལོ་གསོག་གཉེར་དང་བརྗེ་གཏོང་བྱེད་མཁན་མི་སྒེར་ཚང་མར་ཁྲིམས་བཤེར་བྱེད་དགོས་མིན་ཐག་གཅོད་བྱེད་རྒྱུ་ཡིན་པ་དང་། གོང་སྨོས་རྒྱ་ནག་གི་དངུལ་ཁང་དང་རྒྱ་ནག་གཞུང་གཉིས་ནས་ཉེས་སྤྱོད་འདི་རིགས་ངོས་ལེན་དང་གསལ་འདེབས་བྱེད་དགོས་ཡོད་སྐོར་བཀོད་འདུག་ལ། ཡང་ཨི་ཊ་ལིའི་དཔོན་རིགས་ཤིག་གིས། ཨི་ཊ་ལིའི་རྒྱལ་ནང་གི་བཟོ་གྲྭ་ཁག་ཅིག་རྒྱ་ནག་གི་ཁྲིམས་འགལ་སྒྲིག་འཛུགས་དང་འབྲེལ་བ་དམ་ཟབ་ཡོད་ཚུལ་འགྲེལ་བརྗོད་བྱས་འདུག