རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གནས་ཚུལ་བསྒྲགས་དོན་ལྟར་ན། རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་མི་མང་གི་ཕྱི་སྐྱོད་ལག་འཁྱེར་བཀག་སྡོམ་བྱེད་ཀྱི་ཡོད་འདུག
དེ་རིང་རེས་གཟའ་ཟླ་བའི་ཉིན། ‘རྒྱ་ནག་ལྷོ་རྒྱུད་ཞོགས་པའི་གསར་ཤོག’ཅེས་པའི་སྟེང་། རྒྱ་ནག་ནང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་(AFP)ཞེས་པས། རྒྱ་རིགས་ཡུལ་སྐོར་བ་མང་པོ་རྒྱལ་ཁབ་ཕྱི་ནང་ལ་སྤྲོ་འཆམ་དུ་འགྲོ་བཞིན་པའི་སྐབས་འདིར། པེ་ཅིན་གཞུང་གིས་བོད་དང་ཡུ་གུར་གཙོས་གྲངས་མི་རིགས་ས་ཁུལ་གྱི་ཡུལ་མི་ཚོའི་ཕྱི་སྐྱོད་ལག་འཁྱེར་བཀག་སྡོམ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག
གོང་གི་གནས་ཚུལ་ལྟར་ན། ཉེ་ལམ་རྒྱ་ནག་སྲིད་གཞུང་གིས་སྔ་རྗེས་སུ་སྒྲིག་འཛུགས་གཉིས་གསར་དུ་བཙུགས་ཏེ། སྒྲིག་འཛུགས་དང་པོ་དེ་རྒྱ་ནག་ཧན་གྲངས་མང་མི་རིགས་འདུས་སྡོད་ས་ཁུལ་ནང་བརྒྱུད་བསྒྲགས་བྱས་པ་དང་། སྒྲིག་འཛུགས་གཉིས་པ་དེ་བོད་དང་ཁ་ཆེ་གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་ཁག་ནང་ལག་བསྟར་བྱས་ཡོད་འདུག རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཚོགས་གཙོ་ལྕམ་སོ་ཧྥེ་ཡ་རེ་ཆར་ཌི་སོན་ལགས་ཀྱིས། གལ་ཏེ་ཁྱེད་རང་རྒྱ་ནག་ནང་གྲངས་ཉུང་མི་རིགས་ཀྱི་ཆོས་དད་ས་ཁུལ་ནང་སྡོད་མཁན་ཡིན་ཚེ། དོན་དངོས་སུ་ཁྱེད་ལ་ཕྱི་སྐྱོད་ལག་འཁྱེར་རེག་གི་མ་རེད། ཅེས་བརྗོད་འདུག
གོང་གི་གནས་ཚུལ་དེའི་ནང་། སྤྱིར་རྒྱ་ནག་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་མང་ཆེ་ཤོས་ནང་། ཕྱི་སྐྱོད་ལག་འཁྱེར་ཞིག་ཉིན་ ༡༥ ནང་བཟོ་བཞིན་ཡོད་པ་དང་། གལ་ཏེ་དུས་བཀག་དེ་ལས་འགོར་འགྱང་ཐེབས་ན། རྒྱ་ནག་གཞུང་ངོས་ནས་གསལ་བསྒྲགས་སྤེལ་གྱི་ཡོད། ཡིན་ནའང་། ཡུལ་མི་ས་ཡ་ ༡༠ ལྷག་འདུས་སྡོད་བྱེད་སའི་བོད་དང་ཡུ་གུར་ས་ཁུལ་ཁག་ནང་གི་ལས་བྱེད་ཚོས་ཕྱི་སྐྱོད་ལག་འཁྱེར་བཟོ་བའི་སྙན་སེང་འབུལ་སྟངས་དེ་སྔོན་མའི་བྱེད་ཐབས་རང་འཇགས་ཡིན་པ་དང་། ཕྱི་སྐྱོད་ལག་འཁྱེར་བཟོ་ཐབས་རྙིང་བ་དེ་ལ་ཁུངས་འཕེར་ཡིག་ཆ་མང་པོ་ཞིག་ཚང་དགོས་པ་མ་ཟད། སྐབས་རེར་ཆབ་སྲིད་གནད་དོན་དང་འབྲེལ་བའི་བརྟག་དཔྱད་ཞིབ་བཤེར་བྱེད་དགོས་པ་རེད་ལ། རྒྱ་ནག་གི་སྲིད་འཛིན་ས་ཁུལ་བརྒྱ་ཆའི་ ༡༠ ནང་དལ་འགོར་ཆེ་བའི་སྒྲིག་སྲོལ་རྙིང་བ་འབའ་ཞིག་ལག་བསྟར་བྱེད་ཅིང་། ལྷག་པར་དུ་གྲངས་ཉུང་མི་རིགས་ས་ཁུལ་མང་ཆེ་ཤོས་ནང་སྔར་གྱི་སྒྲིག་སྲོལ་རྙིང་བ་སོར་བཞག་བྱས་ཡོད། ཅེས་བརྗོད་འདུག
གནས་ཚུལ་ལྟར་ན། ༢༠༡༢ ལོ་ནས་བཟུང་བོད་ནང་གི་ཆབ་མདོ་ས་ཁུལ་དུ་མི་གྲངས་ ༦༥༠,༠༠༠ ཟིན་ནའང་། ས་ཁུལ་དེར་ཕྱི་སྐྱོད་ལག་འཁྱེར་གཉིས་མ་གཏོགས་བཟོས་མེད་པ་དང་། བོད་ཡུལ་དུ་ལྗོངས་རྒྱུར་སྐྱོད་མཁན་སུ་ལའང་ཕྱི་སྐྱོད་ལག་འཁྱེར་རག་གི་མེད་པ་མ་ཟད། ལོ་སྔོན་མར་ཐེ་ལན་ཌའི་ནང་བཀག་བསྐྱིལ་ཐེབས་པའི་ཡུ་གུར་སྐྱབས་བཅོལ་བ་དེ་ཚོ་རྒྱ་ནག་ནང་ཆོས་ལུགས་དམ་དྲག་གི་རྐྱེན་པས་བྲོས་བྱོལ་དུ་ཡོང་བ་ཡིན་ཞིང་། སྐྱབས་བཅོལ་བ་ཁག་ཅིག་གིས་ཁོ་ཚོ་ཏུར་ཀེ་རྒྱལ་ཁབ་ཀྱི་མི་སེར་ཡིན་ལུགས་བཤད་རྗེས། ཡུལ་གྱར་བ་ ༡༨༡ ཏུར་ཀེ་ནང་ཕྱིར་འགྲོ་རུ་བཅུག་པ་དང་། ཡུལ་གྱར་བ་ ༡༠༠ ལྷག་རྒྱ་ནག་ནང་ཕྱིར་སློག་བྱས་ཡོད་འདུག
རྒྱ་ནག་གི་དཔོན་རིགས་ཚོས་བརྗོད་དོན་ལྟར་ན། ན་ནིང་རྒྱ་རིགས་ལྗོངས་རྒྱུ་བ་མི་གྲངས་ས་ཡ་ ༡༠༠ ལྷག་ཡུལ་སྐོར་སྤྲོ་འཆམ་དུ་བཏང་ཡོད་ནའང་། མང་ཆེ་བ་ཧོང་ཀོང་དང་ཨོ་མན། ཐེ་ཝན་མཚོ་འགག་སོགས་སུ་སྐྱོད་མཁན་ཡིན་འདུག