ཁྲིམས་ལུགས་དངོས་སྦྱོང་མ་ཡིན་པའི་ཁྲིམས་རྩོད་པ་རྫུན་མ་དག་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཆེད་ལས་སྡེ་ཁག་ནས་ཕྱིར་འཕུད་གཏོང་གི་ཡོད་འདུག
ཟླ་འདིའི་ཚེས་ ༢༧ ཉིན་རྒྱ་གར་དབུས་ཁྲིམས་འཛིན་ལྷན་ཁང་ (BCI) ནས་གནས་ཚུལ་བསྒྲགས་དོན་ལྟར་ན་རྒྱ་གར་ནང་གི་ཁྲིམས་རྩོད་པའི་གསུམ་ཆ་གཅིག་རྫུན་མ་ཡིན་འདུག
གཟའ་སྤེན་པའི་ཉིན། རྒྱ་གར་ལྷོ་རྒྱུད་མངའ་སྡེ་ཊ་མེལ་ན་ཌའུ་ (Tamil Nadu) བློན་ཆེན་ཁུ་མར་མེ་ཤཱ་ར་ (Kumar Mishra) ལགས་ཀྱིས་ཚོགས་ཆེན་སྟེང་། ཁྲིམས་རྩོད་པ་རྫུན་མའི་གནད་དོན་ཐེར་འདོན་བྱེད་དོན། རྒྱལ་ནང་གི་ཁྲིམས་རྩོད་པ་བརྒྱ་ཆའི་ ༣༠ རྫུན་མ་རེད། ཁོ་ཚོས་ཁྲིམས་རྩོད་པའི་ཐོབ་ཐང་རྫུན་བཟོ་བྱས་པའམ། རྒྱལ་ཁབ་ཀྱི་ཁྲིམས་ལུགས་དངོས་སྦྱོང་བྱས་མེད་པ་མ་ཟད། ཁྲིམས་རྩོད་པའི་ཆ་ལུགས་བཀྲིས་པའི་ཁྲོད་ཀྱི་བརྒྱ་ཆའི་ ༢༠ ལྷག་ལ་ཁྲིམས་རྩོད་པ་ཚུལ་མཐུན་ཞིག་གི་ཐོབ་ཐང་རག་མེད་སྟབས། ཁྲིམས་ལུགས་དངོས་སྦྱོང་མ་ཡིན་པའི་ཁྲིམས་རྩོད་པ་རྫུན་མ་དག་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཆེད་སྦྱོང་ལས་རིགས་ཁག་ནས་ཕྱིར་འཕུད་གཏོང་དགོས། ཞེས་དང་། ཡང་ཁོང་གིས་རྒྱལ་ནང་དུ་ཁྲིམས་རྩོད་པ་རྫུན་མ་དར་ཁྱབ་ཆེ་བ་དེས་རྒྱལ་ཁབ་ཀྱི་ཁྲིམས་མཐུན་ལམ་ལུགས་ལ་གཏོར་བཤིག་ཐེབས་ཀྱི་ཡོད། ཁྲིམས་རྩོད་པ་རྫུན་མར་བརྟེན་ནས། གནད་དོན་ཆུང་གྲས་རིགས་ཧ་ཅང་གལ་པོ་ཆེའི་སྣང་ཚུལ་ཞིག་ཆགས་ཀྱི་ཡོད། གནད་དོན་འདིའི་ཐད་ལ་ང་ཚོར་སེམས་འཚབ་ཆེ། ང་ཚོས་ཁྲིམས་ཆད་ནན་མོ་ཞིག་ལག་བསྟར་བྱེད་དགོས་ཀྱི་འདུག ཅེས་བརྗོད་འདུག
གནས་ཚུལ་བཀོད་གསལ་ལྟར་ན། ཟླ་བ་སྔོན་མར་རྒྱ་གར་དབུས་ཁྲིམས་འཛིན་ལྷན་ཁང་གིས་རྒྱ་གར་རྩ་ཁྲིམས་བློན་ཆེན་ཟུར་བའི་ཁྲིམས་ལུགས་ཐོབ་ཐང་དེའང་རྫུན་བཟོ་ཡིན་པ་ཤེས་རྟོགས་བྱུང་རྗེས་ཁོང་འཛིན་བཟུང་བཀག་བསྐྱིལ་བྱས་ཡོད་འདུག
དེར་མ་ཟད། ད་ལོའི་ལོ་སྟོད་ཙམ་ལ་རྒྱ་གར་ལྷོ་རྒྱུད་མངའ་སྡེ་ཊ་མེལ་ན་ཌའུ་ཉེན་རྟོག་ཁང་ཞིག་ནས་བཟོ་ལས་འཆར་འགོད་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལས་རིགས་སོགས་ཀྱི་ལག་འཁྱེར་རྫུན་བཟོ་བྱས་ཡོད་པ་དང་། གནད་དོན་དེ་ཁྲིམས་རྩོད་པ་གསུམ་གྱིས་མངའ་སྡེ་དེ་གའི་ཁྲིམས་རྩོད་ལྷན་ཚོགས་ལ་མིང་ཐོ་འགོད་སྐབས་ཤེས་རྟོག་བྱུང་ཡོད་འདུག