མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངེད་གཉིས་ལ་གཉན་ནད་རེག་དུག་ཕོག་ཡོད་པ་རྒྱལ་པོར་ཞུས་ཡིན།

བོད་ཀྱི་དུས་བབ།
༢༠༡༥/༠༨/༠༦
Share on FacebookShare on TwitterShare on EmailShare on Whatsapp
ཁཱན་ཌི་ཌ་བྷེ་ཝུ་རེ་ཇེ་ (Candida Beveridge)ཡིས་བརྩམས། དོན་གྲུབ་ཀྱིས་བསྒྱུར།

འདས་པའི་ལོ་ཤས་ནས་བཟུང་དབང་འདུས་རྡོ་རྗེ་དང་ཚེ་རིང་ཆོས་སྒྲོན་ནི། འབྲུག་ཡུལ་མང་ཚོགས་ཁྲོད་གཉན་ནད་རེག་དུག་གི་ངོ་གདོང་ལྟ་བུ་དེ་ཆགས་ཡོད། ཁོ་གཉིས་ཀྱི་ཕྱོགས་ཁག་ནང་མི་ ༥ ཡོད་པ་མ་ཟད། འབྲུག་ཡུལ་རྒྱལ་པོའི་མདུན་དང་། དེའི་རྗེས་རྒྱལ་ཡོངས་ཀྱི་བརྙན་འཕྲིན་ཁང་བརྒྱུད་གཉན་ནད་རེག་དུག་ཕོག་ཡོད་པ་རྒྱལ་ཡོངས་ལ་ཕྱི་བསྒྲགས་བྱེད་མཁན་ཐོག་མ་དེ་ཆགས་ཡོད། དབང་འདུས་རྡོ་རྗེ་དང་ཚེ་རིང་ཆོས་སྒྲོན་བཟའ་མི་གཉིས་ལ་ཕྲུ་གུ་ ༤ ཡོད།

འབྲུག་ཡུལ་གྱི་དབྱར་དུས་ལ་རྒྱལ་ས་ཐིམ་ཕུག་ཏུ་ཁང་པ་གསར་རྒྱག་གི་སྐད་སྒྲས་ཁེངས་ཤིང་། དབང་འདུས་རྡོ་རྗེ་ཚང་གི་ཁང་མིག་གཉིས་ཅན་གྱི་སྒེའུ་ཁུང་ནས་ཀྱང་ཁྲོག་ཁྲོག་ཟེར་བའི་སྐད་སྒྲ་ཞིག་ཐོས་ཡོང་གི་འདུག ང་ཡར་ཕྱིན་ནས་ལྟ་སྐབས། ལོ་ན་ ༡༢ སོན་པའི་ཁོ་གཉིས་ཀྱི་བུ་མོས་ཐབ་ཚང་ནང་འཁྲུས་ལས་བྱེད་ཀྱིན་འདུག་ལ། སྡོད་ཁང་ཆུང་ཆུང་ཞིག་ཡོད་པ་དེའི་ནང་ཕྲུ་གུ་ཆུང་བ་ཚོས་འཇུ་རེས་འདེད་རེས་ཀྱི་རྩེད་མོ་རྩེ་བཞིན་འདུག ཁང་པའི་ནང་བརྙན་འཕྲིན་བསྟན་འདུག་ལ། གྱང་ལྡེབས་སུ་དྲི་ནོག་རིགས་གཅིག་ཀྱང་མེད་པར་གཙང་ཐང་ངེར་འདུག ཧོབ་དེ་བལྟས་ན་ཁོ་ཚོ་ནི་གཞན་གྱི་མིག་དཔེར་ལྟ་འོས་པའི་ཁྱིམ་ཚང་ཞིག་ཡིན་པར་འདོད་མོད་ཀྱང་། ཁོ་ཚོའི་འཚོ་བ་ང་ཚོའི་བསམ་ཚོད་ལས་ཧ་ཅང་རྒྱང་ཐག་རིང་ཞིང་དཀའ་ཚེགས་ཆེ་བ་ཡོད།

༢༠༠༦ ལོར་ཚེ་རིང་ཆོས་སྒྲོན་ལ་ཕྲུ་གུ་གཉིས་པ་ཆགས་ཏེ་ཟླ་གསུམ་ཕྱིན་སྐབས། བཟའ་ཟླ་དབང་འདུས་རྡོ་རྗེ་ཡིས་ཁོ་མོར་རོགས་པ་བྱས་ཏེ་སྨན་ཁང་ལ་བརྟག་དཔྱད་དུ་བསྐྱོད་དེ་ཕྱིར་ལོག་སྐབས། སྨན་ཁང་ནས་རྡོ་རྗེ་ལ་ཁ་པར་ཡོང་སྟེ། ཁོ་གཉིས་གང་མགྱོགས་ཕྱིར་སྨན་ཁང་དུ་ཡོང་དགོས་པའི་བརྡ་འབྱོར། ཁོ་གཉིས་ལམ་སང་ཕྱིར་སྨན་ཁང་དུ་ཕྱིན་སྐབས། འབྲེལ་ཡོད་འཕྲོད་བསྟེན་ལས་བྱེད་ཀྱིས་ཁོ་གཉིས་ཅོག་ཙེ་གཅིག་དང་རྐུབ་སྟེགས་བཞི་ཡོད་པའི་ཁང་པ་ཞིག་ཏུ་ཟུར་བཀག་བྱས་ཏེ་བཞག་ཅིང་། སྨན་ཁང་གི་སློབ་སྟོན་པ་སྐྱེས་པ་ཞིག་དང་བུད་མེད་ཅིག་ཡོད་པ་དེ་གཉིས་ཀྱིས་རྡོ་རྗེ་དང་ཆོས་སྒྲོན་གཉིས་ལ་སྐད་ཆ་ཚིག་གཅིག་ཀྱང་མི་བཤད་པར་ཅེར་ནས་བསྡད་འདུག

རྡོ་རྗེ་ཡིས་ང་ལ་སྐབས་དེའི་གནས་ཚུལ་བརྗོད་དོན། “ སྐབས་རེར་འཕྲོད་བསྟེན་ལས་བྱེད་དེ་གཉིས་ཀྱིས་ཧ་ཅང་ཡིད་གདུང་གི་རྣམ་པའི་ཐོག་ནས་ཕན་ཚུན་ལ་ལྟ་རེས་རེ་བྱས་ཏེ། གལ་ཏེ་ཁོ་གཉིས་ཀྱིས་ངེད་གཉིས་ལ་དངོས་ཡོད་གནས་ཚུལ་བཤད་ན་གང་འདྲ་ཆགས་ཡོང་ངམ་བསམ་ནས་ཡུད་ཙམ་རིང་བསམ་བློ་བཏང་ནས་བསྡད་རྗེས། གློ་བུར་དུ་སྐྱེས་པ་དེས་ངའི་བཟའ་ཟླ་ཕྱི་ལ་འགྲོ་རོགས་ལབ་སོང་བས། སྐབས་དེར་ང་ལ་བློ་ཚབ་ཆེན་པོ་ཞིག་སྐྱེས་སོང་བ་མ་ཟད། སྙིང་ཁམས་ཀྱི་འཕར་ལྡིང་ཡང་ཤུགས་ཆེ་རུ་ཕྱིན་སོང་། འཕྲོད་ལས་པའི་བཀའ་མངགས་ལྟར་ཆོས་སྒྲོན་ཕྱི་ལོགས་སུ་ཕྱིན་རྗེས། ང་དང་སྐྱེས་དམན་གཉིས་ཀར་གཉན་ནད་རེག་དུག་གི་ནད་འབུ་ཡོད་པ་བཤད་བྱུང་བས། ང་སྐབས་ཤིག་རིང་ཧང་སང་ནས་སྐད་ཆ་ཤོད་དཀའ་བར་འགྱུར་བ་མ་ཟད། ཡུན་ཙམ་རིང་དྲན་པ་བརླགས་ནས་ག་བྱེད་འདི་བྱེད་མེད་པ་ཆགས་ཤིང་། ངའི་སེམས་ནང་ཁྱོ་ཤུག་ཕན་ཚུན་བརྩེ་དུང་མེད་པ་ཆགས་ཏེ་མི་གཞན་དང་ལུས་འབྲེལ་བྱས་ཏེ་བྱུང་བ་ཞིག་རེད་བསམ་པ་མ་ཟད། གནད་དོན་དེ་ངའི་སྐྱེས་དམན་གྱིས་བྱས་པ་རེད་བསམ་ནས་ཁོང་ཁྲོའང་སྐྱེས་བྱུང་།” ཞེས་བརྗོད་བྱུང་།

རྡོ་རྗེ་ཡིས་ང་ལ་དེའི་རྗེས་ཁོས་སྨན་པ་ཚོར་ན་ཚ་དེ་ཁོང་གཉིས་ལས་སུ་ཞིག་ལ་སྔོན་ལ་འགོས་ཡོད་མེད་དྲིས་པ་ཡིན། སྐབས་དེར་ངའི་སྐྱེས་དམན་ལོ་ ༡༨ ལ་སོན་ཙམ་རེད་ཅེས་བརྗོད་བྱུང་། སྨན་པ་སྐྱེས་པ་དེས། རྡོ་རྗེ་ལ་ “ཁྱེད་གཉིས་ཀྱི་ལུས་ཀྱི་ཟུངས་ཁྲག་གི་སྔོན་འགོག་ནུས་པར་བལྟས་ན། ཁྱེད་རང་ལ་སྔོན་ལ་ནད་དེ་འགོས་འདུག” ཅེས་བརྗོད་བྱུང་ཞེས། མགོ་བོ་གཡུག་གཡུག་བྱེད་བཞིན་ “ང་ནི་ནག་ཉེས་ཅན་གྱི་མི་ཞིག་ཡིན་བསམ་པའི་བློ་ཕམ་ཆེན་པོ་སྐྱེས་བྱུང་།” ཞེས་བརྗོད་བྱུང་།

རྡོ་རྗེ་ཡིས་སྨན་པས་ང་ལ་གཉན་ནད་རེག་དུག་ཕོག་ཡོད་པ་བཤད་རྗེས། “སྐྱེས་དམན་ང་ཡོད་སའི་ཁང་པར་སྐད་བཏང་སོང་། ང་ཁོ་མོའི་གདོང་པར་ལྟ་རྒྱུའི་བློ་ཁོག་མི་འདུག གང་ཡིན་ཟེར་ན། སྐབས་དེར་ཁོ་མོ་ལོ་ཆུང་ཆུང་རེད།” ཆོས་སྒྲོན་གྱིས། “སྨན་པས་ང་ལ་གཉན་ནད་རེག་དུག་ཕོག་ཡོད་པ་བརྗོད་སྟབས། ལུས་པོ་ཡོངས་རྫོགས་འདར་སིག་བརྒྱབ་སྟེ། ཁ་ནས་སྐད་ཆ་འཐོན་གྱི་མི་འདུག་ལ་མིག་ནང་དུའང་མཆི་ཞག་འཁོར་བྱུང་། གང་ཡིན་ཟེར་ན། དེ་དུས་ང་ལོ་ཆུང་ཆུང་ཡིན་སྟབས། ང་མགྱོགས་པོར་འཆི་རྒྱུ་རེད་བསམ་བྱུང་།” ཞེས་བརྗོད་བྱུང་།

སྔོན་ཆད་རྡོ་རྗེ་དང་ཁོའི་དགའ་རོགས་བར་གྱི་འབྲེལ་བ་ལམ་ལྷོངས་བྱུང་མེད་སྟབས། ཁོས་ལང་ཚོ་དར་ལ་བབ་པའི་སྐབས་ལ་གང་བྱུང་བཟི་སྨན་བེད་སྤྱོད་བཏང་ཡོད་པ་མ་ཟད། མི་གཞན་དང་སྨན་ཁབ་བརྗེ་ལེན་བྱས་ཡོད་སྟབས་ནད་གཞི་དེ་འགོས་ཡོད་འདུག ཁོ་ལ་སྨན་པས་ནད་གཞི་དེ་ཕོག་ཡོད་པ་འགྲེལ་བཤད་མ་བྱས་སྔོན་ལ་ཁོས་གནས་ཚུལ་དེའི་སྐོར་གང་ཡང་ཤེས་ཀྱི་མེད་སྟབས། སྨན་པས་ཁོ་གཉིས་ལ་གཉན་ནད་རེག་དུག་མི་གཞན་ལ་མ་འགོས་པ་བྱེད་ཐབས་དང་། མངལ་ནང་ཡོད་པའི་ཕྲུ་གུར་ནད་གཞི་དེ་མ་འགོས་པ་བྱ་རྒྱུའི་ཐབས་ལམ་སོགས་སློབ་སྟོན་བྱས་འདུག

ཆོས་སྒྲོན་གྱིས། “ངེད་གཉིས་སྨན་ཁང་ནས་ཐོན་རྗེས་ང་རང་འཇིགས་སྐྲག་སྐྱེས་ནས་དྲན་པ་ཐོར་སོང་བ་མ་ཟད། ངེད་གཉིས་ལམ་བར་ནས་སུ་ལ་ཐུག་འཕྲད་མིན་ཡང་དྲན་གྱི་མི་འདུག ང་ཉིན་གང་བོར་ངུས་པ་ཡིན། ངེད་གཉིས་ཀས་གང་མགྱོགས་ཤི་རྒྱུར་ཞེད་སྣང་བྱས་པ་མ་ཟད། དེ་ལས་ལྷག་པར་ངེད་གཉིས་ལ་སྤྱི་ཚོགས་ཀྱིས་ལྟ་སྟངས་ངན་པ་བཟུང་སྟེ་མཐར་སྐྲོད་གཏོང་རྒྱུར་སེམས་ཁྲལ་ཆེན་པོ་སྐྱེས་སོང་།” ཞེས་བརྗོད་བྱུང་།

དེའི་རྗེས་རྡོ་རྗེ་ཡིས་ང་ལ་ཁོ་གཉིས་ཀྱིས་གྲོས་མཐུན་ཞིག་བཞག་པའི་ནང་། “དགོང་མོ་ང་གཉིས་ནང་ལ་ལོག་རྗེས་མ་འོངས་པར་ག་རེ་བྱེད་དགོས་མིན་སྐོར་ལ་གྲོས་བྱས་ཏེ་གནས་ཚུལ་དེ་གསང་བ་བྱ་རྒྱུ་དང་། མ་འོངས་པར་བུ་ཕྲུག་ཚོ་ཆང་ས་མ་བརྒྱབ་བར་སོ་སོའི་ཕ་མ་བུ་ཕྲུག་ལའང་གསང་བ་བྱ་རྒྱུའི་ཁ་ཆད་བྱས་པ་ཡིན།” ཞེས་བཤད་བྱུང་།

༢༠༠༦ ལོར་ཁོ་གཉིས་ལ་ཐོག་མར་ནད་གཞི་དེ་ཕོག་ཡོད་པ་ཧ་གོ་སྐབས། འབྲུག་ཡུལ་ནང་ནད་གཞི་དེའི་གོ་ཐོས་དཀོན་པོ་ཡིན། དེ་ནི་འབྲུག་ཡུལ་ས་བབ་ཀྱི་ཆ་ནས་ལུང་ཁུག་ནང་ཆགས་ཡོད་པ་དང་། འཕྲོད་བསྟེན་གོ་རྟོགས་ཞན་པོ་ཡིན་པ་སོགས་ལ་བརྟེན་ཏེ། ནད་གཞི་དེ་འབྲུག་ཡུལ་ནང་ག་ཚོད་ཁྱབ་རྡལ་ཕྱིན་ཡོད་མེད་རྟོགས་དཀའ། དེ་སྔོན་གྱི་འབྲུག་ཡུལ་རྒྱལ་པོའི་བཙུན་མོ་བཞིའི་གྲས་ཀྱི་བཙུན་མོ་སངས་རྒྱས་ཆོས་སྒྲོན་དབང་ཕྱུག་ནི། མཉམ་འབྲེལ་རྒྱལ་ཚོགས་མི་འབོར་ཐེབས་རྩ་ཁང་གི་མཐུན་སྒྲིལ་གྱི་ཕོ་ཉ་ཡིན་པ་མ་ཟད། ཚོགས་པ་དེས་བུ་ཕྲུག་སྐྱེ་འཕེལ་དང་འཁྲིག་སྤྱོད་སྐོར་ལ་གོ་རྟོགས་སྤེལ་གྱིན་ཡོད། ༢༠༠༨ ལོར་འབྲུག་རྒྱལ་ཡོངས་སུ་མི་འབོར་འབུམ་བདུན་ཡོད་ཁོངས་ནས་གཉན་ནད་རེག་དུག་ཕོག་མཁན་ ༡༤༤ ཡོད་པའི་ཐོ་འགོད་བྱས་ཡོད་ཀྱང་། ད་ལྟ་འབྲུག་དང་རྒྱ་དཀར་ནག་གཉིས་བར་ས་མཚམས་འཁེལ་ཡོད་སྟབས། གཉན་ནད་རེག་དུག་ཕོག་མཁན་གྱི་གྲངས་འབོར་ཇེ་མང་དུ་ཕྱིན་ཡོད།

མཉམ་འབྲེལ་རྒྱལ་ཚོགས་གཉན་ནད་རེག་དུག་ཚན་པས་འབྲུག་ནང་གཉན་ནད་རེག་དུག་གི་ནད་པ་ ༥༠༠ ལྷག་ཡོད་སྐོར་བརྗོད་ཡོད་པ་དང་། དེས་འབྲུག་གི་མི་འབོར་གྱི་བརྒྱ་ཆ་ ༠།༠༡ ཙམ་ཟིན་གྱི་ཡོད་སྟབས། འཕྲོད་བསྟེན་ལ་དོ་སྣང་ཡོད་མཁན་པའི་ཚེ་རིང་དངོས་གྲུབ་ལགས་རྒྱལ་ས་ཐིམ་ཕུག་ཏུ་བསྐྱོད་དེ། མང་ཚོགས་ལ་འགྱིག་ཤུབས་མཁོ་སྤྲོད་བྱེད་ཀྱིན་ཡོད་པ་དང་། ཁོས་རླངས་འཁོར་དཀར་པོ་ཞིག་གི་ཐོག་བརྗོད་ཚིག་ ༼སང་ཉིན་གྱི་བདེ་སྐྱིད་ཆེད་དུ་དེ་རིང་འགྱིག་ཤུབས་རག་པ་བགྱིས༽ཞེས་བྲིས་ནས་རྒྱལ་ས་ཐིམ་ཕུག་ནང་སྐོར་སྐྱོད་བྱེད་ཀྱིན་ཡོད། ཁོས་ནམ་རྒྱུན་འགྱིག་གི་ཕོ་མཚན་ཞིག་འཁྱེར་ཏེ། ཁང་པ་གསར་རྒྱག་བྱེད་ས་དང་། དོས་སྐྱེལ་རླངས་འཁོར་དང་གླ་གཏོང་རླངས་འཁོར་ས་ཚིགས་སོགས་སུ་ཕྱིན་ཏེ། འགྱིག་ཤུབས་ཇི་ལྟར་བེད་སྤྱོད་གཏོང་དགོས་མིན་སྐོར་ལ་མང་ཚོགས་ལ་ལམ་སྟོན་བྱེད་ཀྱི་ཡོད་སྟབས། དུས་རྒྱུན་ཁོ་ལ་འཕྱ་སྨོད་དང་དཀའ་ངལ་རིགས་ཀྱང་སྣ་ཚོགས་ཤིག་འཕྲད་བཞིན་ཡོད།

༡༩༨༠ ལོར་འབྲུག་གཞུང་གིས་གཉེན་སྒྲིག་བཅའ་ཡིག་མ་བཟོས་བར། འབྲུག་ཡུལ་ནི་གུ་ཡངས་སྤྱི་ཚོགས་ཤིག་ཡིན་པ་མ་ཟད། གྲོང་གསེབ་ཀྱི་བུད་མེད་ཚོས་ཁྱོ་ག་གཅིག་ལས་མང་བ་ལེན་གྱི་ཡོད། འོན་ཀྱང་མང་ཚོགས་ཀྱིས་ངོ་ཚར་རྩིས་ཏེ་འཁྲིག་སྦྱོད་སྐོར་ཁ་སང་པོས་ཤོད་ཀྱི་མེད་སྟབས། ནད་གཞི་དེའི་སྐོར་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུར་དཀའ་ལས་ཁག་པོ་ཡོད། དངོས་གྲུབ་ལགས་ཀྱིས། “ང་ཚོས་ཁོ་ཚོ་དང་མཉམ་དུ་གཤིབ་པ་དང་ཀྱལ་ཀ་རྩེད་བ་སོགས་བྱས་ཏེ། ཁོ་ཚོའི་གནས་བབ་ལ་ལྟ་ཐུབ་པ་བྱེད་དགོས།” ཞེས་བརྗོད།

༢༠༠༦ ལོའི་བར་འབྲུག་ཡུལ་ནང་གཉན་ནད་རེག་དུག་ཕོག་ཡོད་མཁན་ཚོ་སྐུང་ནས་སྡོད་ཀྱི་ཡོད། རྡོ་རྗེ་ཡིས་བརྗོད་དོན། “ང་ལ་འགོས་ནད་དེ་ཕོག་ཡོད་པ་བརྗོད་བྱུང་བ་མ་ཟད། ནད་གཞི་དེའི་སྐོར་ལ་གང་ཡང་ཤེས་ཀྱི་མེད། མི་མང་གིས་ཤེས་པ་ནི་གཉེན་ནད་རེག་དུག་ནི་ཁ་རོག་གེར་མིའི་ཚེ་སྲོག་འཕྲོག་མཁན་གྱི་གཤེད་མ་ཞིག་ཡིན་པ་མ་ཟད། མང་ཚོགས་ནང་དལ་བུར་སིམ་འཛུལ་གྱིས་གནོད་པ་སྐྱེལ་མཁན་ཞིག་ཡིན་པ་ལས་གཞན་གང་ཡང་ཤེས་ཀྱི་མེད། སྐབས་དེར་འབྲུག་ཡུལ་མང་ཚོགས་ཁྲོད་ནད་དེ་ཕོག་མཁན་ཚོ་གསོན་སྲེག་བྱེད་དགོས་པའམ། ཡང་ན་མང་ཚོགས་ཀྱིས་ཁོ་ཚོ་ངོ་རྟགས་ཆོད་ཆེད་ཁོ་ཚོའི་བརླ་ཤའི་ཐོག་རྟགས་འདེབས་དགོས་པའི་བསམ་ཚུལ་ཡང་བྱུང་ཡོད། འདི་ནི་མང་ཚོགས་ཚོས་ནད་གཞི་འདིར་འཛིན་པའི་ལྟ་སྟངས་ཡིན་སྟབས། ངའི་སེམས་ནང་གལ་སྲིད་ཕ་མ་དང་གཅེན་གཅོང་རྒན་གཞོན་ཚོས་ང་ལ་གཉན་ནད་རེག་དུག་ཕོག་ཡོད་པ་ཤེས་པའམ། ཡང་ན་སྤྱི་ཚོགས་ཀྱིས་གནས་ཚུལ་དེ་གོ་ཐོས་བྱུང་ཚེ། ཁོ་ཚོས་ང་ལ་གང་འདྲ་བསམ་ཡོང་ངམ། དེ་ནི་ངའི་ཞེད་སྣང་སྐྱེས་ཡུལ་ཆེ་ཤོས་དེ་རེད།” ཅེས་བརྗོད་འདུག

ཟླ་ཤས་རྗེས་ཆོས་སྒྲོན་ལ་ཕྲུ་གུ་བུ་མོ་ཞིག་བཙས་པ་མ་ཟད། བུ་མོར་གཉན་ནད་རེག་དུག་འགོས་མེད་སྟབས་དགའ་ཚོར་ཆེན་པོ་བྱུང་ཡོད། འོན་ཀྱང་། ཁོ་གཉིས་ཀྱི་དགའ་སྤྲོའི་ཚོར་བ་དེ་མི་གཞན་སུ་གང་ལའང་བཤད་ཐབས་མེད། རྡོ་རྗེས་སྨན་ཁང་དང་ཚོགས་སྡེ་གཞན་བརྒྱུད་དེ་གཉན་ནད་རེག་དུག་ཕོག་མཁན་ཚོར་ཐུག་འཕྲད་བྱེད་མགོ་བཙུགས། ཁོས་གཉན་ནད་རེག་དུག་ཕོག་མཁན་དེ་ཚོ་སྤྱི་ཚོགས་དང་ནང་མི། བུ་ཕྲུག་དང་སློབ་གྲྭ་སོགས་ལས་རྒྱང་འཕུད་གཏོང་གི་ཡོད་པ་དངོས་སུ་མཐོང་སྐབས། ཁོ་ཁོང་ཁྲོ་ཆེན་པོ་ལངས་ཡོད་ཀྱང་ཁོ་ཚོར་རོགས་རམ་བྱེད་ཐབས་བྲལ། གང་ཡིན་ཟེར་ན། ཁོ་རང་གིས་ཀྱང་གསང་བའི་གནས་ཚུལ་ཆེན་པོ་ཞིག་གི་འོག་ཏུ་འཚོ་བ་སྐྱེལ་བཞིན་ཡོད་སྟབས། གཞན་ལ་རོགས་བྱེད་པའི་ནུས་པ་གང་ཡང་མེད།

༢༠༠༩ ལོར་བརྙན་འཕྲིན་ཁྱབ་བསྒྲགས་ཤིག་གི་ནང་། སྟོད་ཐུང་དང་དོར་མ་ནག་པོ་གྱོན་ཞིང་། ལྷམ་ཡུ་རིང་ནག་པོ་གྱོན་པའི་མི་ཞིག་སྲང་ལམ་སྟོང་པ་ཞིག་ཏུ་ཁེར་རྐྱང་གིས་འགྲོ་བཞིན་ཡོད་པ་དང་། མཐའ་མར་ཁོས་གདོང་པ་བཀབ་སྟེ་ཁང་སྟོང་ཞིག་ཏུ་ཕྱིན་ཏེ་རྐུབ་སྟེགས་སྟེང་བསྡད་དེ། “ཕོ་གསར་ཚོ། གཟབ་གཟབ་བྱོས། གལ་སྲིད་ཁྱེད་ལ་གཉན་ནད་རེག་དུག་ཕོག་ན། ཁྱེད་རང་ང་ལྟར་མཐོང་ས་མེད་པར་འགྱུར་རྒྱུ་རེད།” ཅེས་ལབ་རྗེས། མི་དེ་བརྙན་འཕྲིན་ནང་ནས་མཐོང་རྒྱུ་མེད་པ་ཆགས་སྟབས། ཕ་རོལ་བོར་དྲི་རྟགས་མང་པོ་ཞིག་བཞག་པ་རེད། ཆོས་སྒྲོན་གྱིས་ཁྱབ་བསྒྲགས་དེ་མཐོང་རྗེས། ཁོ་མོ་ངུ་བཞིན་དུ་ཁྱོ་གར། “ང་མགྱོགས་པོར་འཆི་གི་རེད། ང་ལོ་ཆུང་ཆུང་ཡིན། ང་འཆི་རྒྱུ་རེད།” ཅེས་བརྗོད་སྟབས། རྡོ་རྗེ་ཡིས་ཁོ་མོའི་སྡུག་བསྔལ་དེ་བཟོད་ཐབས་བྲལ་ནས། “ངས་སྡུག་བསྔལ་འདི་ལས་གྲོལ་རྒྱུའི་ཐག་གཅོད་བྱས་པ་མ་ཟད། ད་ལྟ་ཟ་བཞིན་པའི་སྨན་དེ་སྦས་ནས་མི་མང་ལ་མགོ་སྐོར་གཏོང་རྒྱུ་མིན་པར། ཡོངས་ཁྱབ་ཏུ་གསལ་བསྒྲགས་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན།” ཞེས་བརྗོད་བྱུང་།
 
རྡོ་རྗེ་ཡིས་གཉན་ནད་རེག་དུག་གིས་མནར་ནས་འཚོ་བ་སྐྱེལ་བཞིན་པའི་མི་གཞན་གསུམ་ལ་སྐུལ་སློང་བྱས་ཏེ། ཁོ་དང་མཉམ་དུ་མང་ཚོགས་ཀྱི་མདུན་ལ་འཐོན་ནས་ཁོ་ཚོའི་གནས་སྟངས་གང་ཡིན་འགྲེལ་བཤད་རྒྱག་དགོས་པའི་དུས་ལ་བསླེབས་ཡོད་པར་བརྗོད་པ་མ་ཟད། ཁོས་བཟའ་ཟླ་ཆོས་སྒྲོན་ལའང་ཁོ་རང་གི་ཐག་གཅོད་དེ་བཤད་སྐབས། ཁོ་མོར་ཕོག་ཐུག་ཆེན་པོ་ཕྱིན་ཏེ་བརྗོད་དོན། “ང་ཁོའི་སྟེང་ལ་ཁྲོང་ཁྲོ་ཆེན་པོ་ལངས་བ་མ་ཟད་ཞེད་སྣང་ཡང་སྐྱེས་བྱུང་བས། ངས་ཁོ་ལ་གལ་སྲིད་ཁྱོད་ཀྱིས་དེ་འདྲ་བྱས་པ་ཡིན་ན། ངས་ཁྱོད་རང་གཡུག་ནས་འགྲོ་རྒྱུ་ཡིན། ངས་ཕྲུ་གུ་ཚོ་ཁྲིད་དེ་ཕ་ཡུལ་ལ་ལོག་རྒྱུ་ཡིན། གང་ཡིན་ཟེར་ན། འབྲུག་ཡུལ་ནི་སྤྱི་ཚོགས་ཆུང་ཆུང་ཞིག་ཡིན་པ་དང་། མི་ཚང་མས་གཅིག་གིས་གཅིག་ངོ་ཤེས་ཀྱི་ཡོད་པ་མ་ཟད། ང་རྡོ་རྗེའི་སྐྱེས་དམན་ཡིན་པ་ཤེས་ཀྱི་ཡོད་སྟབས། རྡོ་རྗེ་མང་ཚོགས་དཀྱིལ་དུ་ལངས་རྒྱུར་ང་ལ་འདོད་པ་མེད། ” ཅེས་བརྗོད་བྱུང་། ཁོ་མོས་རྡོ་རྗེ་ལ་ཟླ་བ་གཅིག་མ་ཟིན་ཙམ་རིང་ཁ་ཡང་མ་གྲགས་པ་མ་ཟད། ཁོ་གཉིས་བར་གྱི་དམ་བཅའ་རྩིས་མེད་བཏང་སྟེ། མགོ་སྐོར་བསླུ་བྲིད་བྱས་པའི་ཚོར་བ་ཞིག་ངང་གིས་སྐྱེས་པ་རེད།

རྡོ་རྗེ་ཡིས་ ༢༠༡༡ ལོའི་ཟླ་ ༡༢ ཚེས་ ༡ ཉིན་འཛམ་གླིང་གི་གཉན་ནད་རེག་དུག་ཉིན་མོ་དང་བསྟུན་ཏེ། མང་ཚོགས་ཁོ་རང་ལ་གཉན་ནད་རེག་དུག་ཕོག་ཡོད་པ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པའི་ཐག་གཅོད་བྱས་ཡོད་སྟབས། ཉི་མ་དེ་ཉིན་རེ་བཞིན་ཐག་ཉེ་རུ་འོང་གིན་པ་དང་མཉམ་དུ་ཆོས་སྒྲོན་གྱི་སེམས་པར་འགྱུར་བ་ཐེབས་མགོ་བཙུགས། རྡོ་རྗེ་ཡིས་ང་ལ་མཚན་བཟང་ཞིག་ལ་སྐྱེས་དམན་གྱིས་ཁོ་མོ་ཡང་མང་ཚོགས་མདུན་དུ་འཐོན་འདོད་ཡོད་བརྗོད་བྱུང་བས། ཁོས་ཁོ་མོར་བྲེལ་ཚུབ་བྱས་ནས་ཐག་གཅོད་མ་བྱེད། གནད་དོན་འདིར་བསམ་བློ་ཡག་པོ་བཏང་སྟེ་ཐག་གཅོད་བྱེད་དགོས། ཁྱོད་ཀྱིས་ལམ་ཁ་འདི་བདམས་རྗེས་མི་ཚོས་ཁྱོད་རང་དབྱེ་འབྱེད་བྱེད་ཡུལ་ཞིག་ཆགས་རྒྱུ་ཡིན་པ་མ་ཟད། གཞན་གྱིས་མིག་ཅེར་ནས་ལྟ་ས་ཉག་ཅིག་ཆགས་རྒྱུ་རེད། གལ་སྲིད་ཁྱོད་ཀྱིས་དེ་ཚོར་བཟོད་སྒོམ་བྱེད་ཐུབ་ན་ཧ་ཅང་ཡག་པོ་རེད་ཅེས་བརྗོད་པ་ཡིན་ལབ་བྱུང་། རྡོ་རྗེ་ཡིས་ཉིན་མོ་དེ་དྲན་གསོ་བྱས་ནས་ང་ལ་སྐད་ཆ་དེ་ཚོ་ཤོད་སྐབས་གདོང་པར་འོད་མདངས་འཕྲོ་བཞིན་འདུག ཆོས་སྒྲོན་གྱིས་ང་ལ་ཁོ་མོས་མང་ཚོགས་ལ་ཁྱབ་བསྒྲགས་བྱེད་དགོས་དོན་ནི། ཁོ་མོ་ཡིག་རྨོངས་བ་ཞིག་ཡིན་སྟབས་ཁོ་མོས་ཁོ་མོའི་སྤྱི་ཚོགས་ལ་ལེགས་སྐྱེས་ཤིག་འབུལ་ཐུབ་པ་ཡིན་ན། བློས་གཏོང་བྱེད་དགོས་ཀྱང་བྱེད་རིན་ཡོད་པ་ཞིག་རེད་ཅེས་བརྗོད་བྱུང་།

རྡོ་རྗེ་དང་ཆོས་སྒྲོན་ཐེ་པའི་ནད་གྲོགས་འགར་འབྲུག་ཡུལ་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་གིས་སྒེར་གྱི་མཇལ་ཁ་གནང་ཡོད་སྟབས། ཆོས་སྒྲོན་གྱིས་ང་ལ་སྐབས་དེར་ཁོ་མོས་རྒྱལ་པོ་མཆོག་ལ་ཁོ་མོའི་ནད་གཞི་གང་ཡིན་སྙན་སེང་ཞུ་མ་ཕོད་ཀྱང་། ང་བསོད་བདེ་ཆེན་པོ་ཞིག་ཡིན་བསམ་པ་ཞིག་དྲན་བྱུང་། གང་ཡིན་ཟེར་ན། མི་ཁ་ཤས་ལ་མ་གཏོགས་རྒྱལ་པོ་མཆོག་ལ་མཇལ་རྒྱུའི་གོ་སྐབས་རེག་གི་ཡོད་པ་མ་རེད། ཅེས་བརྗོད་བྱུང་། དེ་བཞིན། རྡོ་རྗེ་ཡིས་ང་ལ་སྤོབས་སེམས་ཆེན་པོས་ཁོ་བོའི་འདས་པའི་གནས་ཚུལ་བསྐྱར་དྲན་བྱས་དོན། རྒྱལ་པོ་མཆོག་གིས་ང་ཚོ་ཕྱིར་འཕུད་མ་བཏང་བ་མ་ཟད། ནད་རིགས་འདི་ཡོད་པར་ངོ་ཚ་མི་དགོས་པའི་ཚོར་བ་ཞིག་སྤྲད་བྱུང་།  ཁོང་གིས་ང་ཚོའི་མི་ཚེ་སྐྱེལ་སྟངས་སྐོར་ལ་སྤྱིར་བཏང་གི་གསུང་མོལ་གནང་ཞིང་། ནད་གཞི་འདི་ལས་ལྷག་པའི་ཉེན་ཚབས་ཅན་གྱི་ནད་རིགས་མང་པོ་ཡོད་པའི་སྐོར་གསུངས་བྱུང་། སྐབས་དེར་ཁང་པའི་ནང་མི་ ༡༠༠༠ ལྷག་ཡོད་པ་མ་ཟད། རྒྱལ་མོ་མཆོག་གིས་ཁོ་ལ་འཐམ་འཁྱུད་ཅིག་གནང་བྱུང་བས།  དེས་ག་རེ་འགྲེལ་བཤད་བྱས་པ་རེད་ཟེར་ན། གཉན་ནད་རེག་དུག་འདི་འཐམ་འཁྱུད་དང་ཐུག་རེག་སོགས་བྱས་ན་འགོས་ཀྱི་མེད་པའི་བརྡ་ལན་སྤྲད་པ་རེད། ཅེས་བརྗོད་བྱུང་།

རྒྱལ་པོ་མཆོག་ལ་མཇལ་རྗེས་རྒྱལ་ཡོངས་ཀྱི་བརྙན་འཕྲིན་ཐོག་ང་ཚོ་གཉན་ནད་རེག་དུག་ཕོག་མཁན་གྱི་མི་ལྔའི་སྐོར་བསྟན་སོང་། ཆོས་སྒྲོན་ལ་མཚོན་ན། འདི་ནི་དཀའ་ཚེགས་ཅན་གྱི་དུས་ཚོད་ཅིག་མགོ་བཙུགས་པ་རེད། ཁོ་མོས། “ང་ཚོར་སེམས་ཁྲལ་ཞེ་དྲགས་བྱུང་བ་མ་ཟད། ངའི་སྙིང་གི་རྡིག་སྒྲ་ཆེ་རུ་ཕྱིན་ནས་ཁ་ནས་ཕྱིར་འཐོན་གྲབས་བྱེད་ཀྱི་ཡོད་པ་ཞིག་ཚོར་སོང་། གལ་སྲིད་ང་ལ་གོ་སྐབས་གཉིས་པ་ཞིག་ཡོད་ན་ང་བྲོས་འགྲོ་ས་རེད།” ཅེས་བརྗོད་བྱུང་།

འབྲུག་ཡུལ་གྱི་མང་ཚོགས་རྒན་དར་གཞོན་གསུམ་གྱིས་ཁོ་ཚོའི་སྐོར་གྱི་བརྙན་འཕྲིན་ལ་བལྟས་ཡོད་པ་མ་ཟད། ད་བར་མི་སུ་གང་གིས་ཀྱང་གཉན་ནད་རེག་དུག་གི་ནད་ཕོག་སྟེ་འཚོ་བ་བསྐྱལ་ནས་སྡོད་མཁན་གཅིག་ཀྱང་མཐོང་མྱོང་མེད། རྡོ་རྗེ་ཡིས་མི་ཚོགས་མང་བའི་ཆང་ཁང་ཞིག་ནས་ཁོ་བོའི་གྲོགས་པོ་ཞིག་གིས། “ཁོ་ཚོ་བརྙན་འཕྲིན་ནང་སྟོན་སྐབས་ཆང་ཁང་ནང་སྐད་སྒྲ་གཅིག་ཀྱང་མ་གྲགས་པར་ཁུ་སིམ་སིམ་ཆགས་སོང་བ་མ་ཟད། མི་མང་ཚོས་དོ་སྣང་ཆེན་པོས་ལྟ་ཉན་བྱས་ཏེ། གཉན་ནད་རེག་དུག་ཕོག་མཁན་ཚོའི་གཟུགས་དབྱིབས་དང་སྐད་ཆ་ཤོད་སྟངས་སོགས་ལ་དོ་སྣང་ཆེན་པོ་བྱས་སོང་།” ཞེས་བརྗོད་བྱུང་། ཅེས་ང་ལ་བཤད་བྱུང་། སང་ཉིན་དེར་ཆོས་སྒྲོན་དང་རྡོ་རྗེ་གཉིས་ཁྲོམ་ལ་འགྲོ་སྐབས། མི་མང་པོ་ཞིག་གིས་ཁོ་གཉིས་ངོ་ཤེས་ཏེ་མིག་ཅེར་རེར་བལྟས་ནས་སྡོད་པ་དང་། ཕྲུ་གུ་ཚོས་ཀྱང་ཁོ་གཉིས་མཐའ་སྐོར་ནས་ཡག་པོར་བལྟས་རྗེས་བྲོས་འགྲོ་བཞིན་འདུག

ཆོས་སྒྲོན་གྱིས་ཞོགས་པ་དེར་ཁོ་མོར་སེམས་ཁྲལ་ཆེན་པོ་བྱུང་བ་མ་ཟད། ངོ་ཚ་ཡང་སྐྱེས་ནས་སྐད་ཆ་བཤད་མ་ཐུབ་པ་ཆགས་ཏེ། ལུས་པོ་ཡོངས་རྫོགས་འདར་སིག་བརྒྱབ་སྟེ་སྐད་ཆ་ཚིག་གཅིག་ཀྱང་ཁ་ནས་འཐོན་མ་སོང་། དེའི་རྗེས་རྡོ་རྗེའི་པ་ལགས་ཀྱིས་ཁ་པར་འབྱོར་ཏེ། “ བུ། ང་ལ་ང་ཚོའི་ཕ་ཡུལ་གཅིག་པ་ཚོས་ཁྱེད་ཀྱི་སྡུག་རབས་མང་པོ་ཞིག་ཤོད་ཀྱི་འདུག ཡུལ་མི་ཚོས་ཁྱེད་ལ་གཉན་ནད་རེག་དུག་ཕོག་ཡོད་པ་རེད་ཟེར་གྱི་འདུག” ཅེས་བརྗོད་སོང་བས། རྡོ་རྗེ་ཡིས་པ་ལགས་སུ། “པ་ལགས་ཁྱེད་ཀྱིས་གོ་བ་ཚང་མ་བདེན་པ་རེད།” ཅེས་ལན་བརྒྱབ་སོང་བས་པ་ལགས་ཀྱིས་སྐད་ཆ་ཚིག་གཅིག་ཀྱང་ཁ་ནས་མ་འཐོན་པར་ཡུན་རིང་བསྡད་རྗེས། ཁོང་གིས་ “བུ། ངས་ཁྱེད་རང་འབྲུག་ཡུལ་གྱི་ཆུ་ཚན་དུ་འཁྲིད་རྒྱུ་ཡིན།” ཞེས་བརྗོད་སོང་། རྡོར་རྗེ་ཡིས། “ པ་ལགས། ནད་གཞི་འདི་ཆུ་ཚན་གྱིས་དྲག་སྐྱེད་ཐུབ་པ་ཞིག་མ་རེད།” ཅེས་བརྗོད་སོང་། ཁོ་ལ་ཨ་མ་དང་སྲིང་མོས་སྐད་ཆ་ཤོད་རྒྱུ་མིན་པའི་ཁས་ལེན་བྱས་སོང་ཞེས་བརྗོད་བྱུང་།

ཟླ་ཤས་རྗེས་རྡོ་རྗེ་དང་ཆོས་སྒྲོན་གྱི་ཁང་བདག་གིས་ཁོ་གཉིས་ཕྱིར་འཕུད་བཏང་ཡོད་སྟབས། ཕྲུ་གུ་བཞི་དང་མཉམ་དུ་སྲང་ལམ་ཐོག་འཁྱམས་དགོས་བྱུང་འདུག སྐབས་དེར་ཆོས་སྒྲོན་གྱིས་ང་ལ།  “ངའི་ཁང་བདག་ལ་ཤེས་ཡོན་མེད་པ་མ་ཟད། རྒན་འཁོགས་རེད། ངས་ཁོ་ལ་ངེད་གཉིས་འཕྱིར་འཕུད་གཏོང་དགོས་དོན་གང་ཡིན་དྲིས་པར། ཁོ་ཚོས་ཁྱེད་ཚོའི་ས་ནས་གཉན་ནད་རེག་དུག་འགོ་སྲིད་པར་སེམས་ཁྲལ་བྱེད་ཀྱི་འདུག་སྟབས། གལ་སྲིད་ཁྱེད་གཉིས་ཁང་པ་འདིའི་ནང་མུ་མཐུད་བསྡད་ན་ཁང་པ་གླ་མཁན་གཞན་པ་ཚོ་སྤོ་དགོས་པ་ཆགས་རྒྱུ་རེད།  ” ཅེས་བརྗོད་འདུག ཁོ་ཚོས་རྡོ་རྗེའི་གཅེན་པོར་ངེད་གཉིས་ལ་ཁང་པ་འཚོལ་རོགས་ལབ་འདུག

ངའི་བུ་མོ་རྒན་ཤོས་དེ་སློབ་གྲྭར་འཕྱ་སྨོད་བྱ་ཡུལ་ཞིག་ཏུ་འགྱུར་ཡོད་འདུག ང་ལ་ཆོས་སྒྲོན་གྱིས། “ཁོ་མོར་སློབ་གྲྭའི་ནང་གི་གྲོགས་པོ་གྲོགས་མོ་ཚོས་ཕ་མར་གཉན་ནད་རེག་དུག་ཡོད་སྟབས། ཁྱེད་རང་ལའང་ཡོད་སྲིད་པ་རེད། དེར་བརྟེན། ང་ཚོ་ཁྱེད་རང་དང་གྲོགས་པོ་བསྒྲིག་གི་མིན་ཞེས་བརྗོད་སྟབས། བུ་མོ་ནང་ལ་བསླེབས་རྗེས་ངུས་ནས་སྡོད་ཀྱི་ཡོད་པ་མ་ཟད། སློབ་གྲྭར་འགྲོ་གི་མིན།” ཞེས་རྗོད་ཀྱི་འདུག་སྟབས། ངས་བུ་མོར། “ གནས་ཚུལ་འདིར་གདོང་ལེན་བྱ་རྒྱ་ལས་སློབ་གྲྭ་བརྗེ་པོ་བརྒྱབ་ན་ཡག་པོ་ཡོད་པ་མ་རེད། དུས་ཚོད་ཀྱི་འགྱུར་འགྲོས་ཀྱི་དབང་གིས་ནམ་ཞིག་ཁོ་ཚོས་ཧ་གོ་ཡོང་གི་རེད་ཅེས་སོགས་ལབ་པས་ཁོ་མོས་ངའི་ཁ་ལ་ཡག་པོ་ཉན་བྱུང་། ཞེས་བརྗོད་བྱུང་།

སྐབས་དེར་ཆོས་སྒྲོན་གྱི་བུ་མོ་ཐབ་ཚང་བརྒྱུད་ནས་སྡོད་ཁྱིམ་ནང་ཕྱིན་སོང་། ད་ལྟ་ཁོ་མོ་ལོ་ ༡༢ སོན་ཙམ་ཡིན་པ་མ་ཟད། སློབ་གྲྭའི་སྦྱངས་འབྲས་ཀྱང་ཡག་པོ་ཡོད། བུ་མོ་དེས་ངོ་ཚ་བྱེད་ཀྱིན་ངའི་གམ་དུ་བཅར་ཏེ། ང་ལ་ཁོ་མོའི་ཕ་མ་གཉིས་ཀྱི་རྒྱལ་ཡོངས་བརྙན་འཕྲིན་བརྒྱུད་ནས་གཉན་ནད་རེད་དུག་ཕོག་ཡོད་པ་ཕྱི་བསྒྲགས་བྱས་རྗེས། “ངས་གྲོགས་པོ་གྲོགས་མོ་ཚོར། ཐུགས་རྗེ་གཟིགས། ཁྱེད་ཚོས་ང་ལ་གཉན་ནད་རེག་དུག་ཡོད་པ་རེད་མ་ལབ་རོགས་ཞེས་བརྗོད་པ་ཡིན། ང་ལ་ཕ་མ་གཉིས་ཀྱི་ས་ནས་ནད་གཞི་དེ་འགོས་མེད། གང་ཡིན་ཟེར་ན། ངས་ནད་གཞི་དེའི་སྐོར་ལ་ཏོག་ཙམ་ཤེས་ཀྱི་ཡོད། གལ་སྲིད་ཁྱེད་ཀྱིས་འགྱིག་ཤུབས་བེད་སྤྱོད་མ་བཏང་ཚེ། གཉན་ནད་རེག་དུག་འགོས་རྒྱུ་རེད། ཁྱེད་ཚོ་སེམས་ཁྲལ་བྱེད་དགོས་པ་མ་རེད། གལ་སྲིད་ང་ཚོར་ན་ཚ་དེ་འགོས་པའི་དབང་དུ་བཏང་ཡང་། ང་ཚོ་འཆི་གི་མ་རེད།” ཅེས་བརྗོད་པ་ཡིན་ཟེར།

རྡོ་རྗེ་དང་ཆོས་སྒྲོན་གྱིས་སྤྱིར་བཏིང་གི་མི་ཚེ་ཞིག་བསྐྱལ་ཏེ་མི་འབོར་འཕེལ་རྒྱས་སུ་གཏོང་རྒྱུའི་ཐག་གཅོད་བྱས་ཡོད་པ་རེད། ཁོ་གཉིས་ཀྱིས་ཕྲུ་གུ་ཞིག་སྐྱེས་པ་ཡིན་ན་ནད་འབུ་དེ་ཕྲུ་གུ་དེར་འགོས་རྒྱུ་ཉག་ཅིག་རེད་བསམ་པའི་སེམས་ཁྲལ་བྱུང་ཡོད་ཀྱང་། ཆོས་སྒྲོན་ལ་ཁོ་གཉིས་ཀྱི་ཕྲུ་གུ་གཉིས་པ་བཙའ་སྐབས། ཕྲུ་གུ་དེར་ནད་གཞི་དེ་མེད་སྟབས། ཁོ་གཉིས་ཀྱིས་སྨན་པའི་སར་ཕྱིན་ཏེ་ཕྲུ་གུ་གཞན་ཞིག་སྐྱེ་རྒྱུ་ཡིན་ཞེས་བརྗོད་འདུག ང་ལ་ཆོས་སྒྲོན་གྱིས། “ཨེམ་ཆིས་མང་ཚོགས་མདུན་ལ་ང་གཉིས་ལ་གཤེ་གཤེ་ཚ་ཐག་ཆོད་ཅིག་བཏང་བྱུང་བ་མ་ཟད། ཕྲུ་གུ་དགོས་ཟེར་བ་དེ་རྐང་བཙུགས་ནས་མངལ་ཆགས་བཅུག་པ་ཡིན་ནམ་ནོར་འཁྲུལ་ཤོར་ནས་ཕྲུ་གུ་ཆགས་པ་རེད་ཅེས་དྲིས་བྱུང་བས། ངས་ཨེམ་ཆིའི་མདུན་དུ་ཡོང་སྟེ་རྐང་བཙུགས་ནས་ཆགས་བཅུག་པ་ཡིན་ཞེས་བརྗོད་པ་ཡིན།” ཞེས་དང་། དེའི་རྗེས་ཨེམ་ཆི་ལགས་ཀྱིས་ཁོ་མོར། “ཕྲུ་གུ་འདི་སྐྱེས་རྗེས་ངས་ཁྱེད་རང་ལ་གཤག་བཅོས་བྱ་རྒྱུ་ཡིན། དེ་འདྲ་བྱུང་ཚེ་ཁྱེད་རང་ལ་ཕྲུ་གུ་མང་པོ་ཡོང་གི་མ་རེད།” ཅེས་བརྗོད་པ་ལྟར། ངས་ཁོང་ལ་ཁས་ལེན་བྱས་པ་ཡིན་པས་ཁོང་གིས་ངས་ཕྲུ་གུ་བཞི་པ་བཙས་རྗེས། ངའི་སྐྱེ་མགོ་བཀག་སོང་།” ཞེས་བརྗོད་བྱུང་། ད་ལྟ་ཁོ་གཉིས་ལ་གཉན་ནད་རེག་དུག་གི་ན་ཚ་མེད་པའི་མཁུར་མཚོས་དམར་ཅན་གྱི་བུ་ཕྲུག་སྙིང་རྗེ་པོ་ ༤ ཡོད་པ་མ་ཟད། ཁོ་ཚོ་ནང་མི་གཞན་དང་གཅིག་མཚུངས་ཀྱིས་མཉམ་དུ་ཟས་ཟ་བ་དང་མཉམ་དུ་ཉལ་བ་སོགས་བྱས་ཏེ་མི་ཚེ་སྐྱེལ་བཞིན་ཡོད་འདུག ཆོས་སྒྲོན་གྱིས། “ད་ལྟ་ང་ཚོས་གང་བྱས་ཀྱང་ཕལ་ཆེ་བ་མཉམ་དུ་བྱེད་ཀྱི་ཡོད་ཀྱང་། ངས་ཁོ་ཚོ་དང་ངའི་ཁྲག་རིགས་ནམ་ཡང་མ་འདྲེས་པ་བྱེད་ཀྱི་ཡོད། འདི་ནི་ངས་དོ་སྣང་བྱེད་དགོས་པའི་གནད་དོན་གཅིག་པུ་དེ་ཡིན།” ཞེས་བརྗོད་བྱུང་།

ལྟ་ན་སྡུག་པའི་ཆོས་སྒྲོན་དང་རྡོ་རྗེ་བཟའ་ཚོ་གཉིས་ལག་སྦྲེལ་ནས་འབོལ་སྟེགས་ཐོག་བསྡད་ཡོད་པ་མ་ཟད་ལྟ་སོ་ཡང་དོད་པོ་ཡོད་སྟབས། ཁོ་གཉིས་ནི་འབྲུག་ཡུལ་ནང་གཉན་ནད་རེག་དུག་ཕོག་མཁན་ཁྲོད་ཀྱི་ཕན་ནུས་ལྡན་པའི་ངོ་ཚབ་ལྟ་བུ་ཆགས་ཡོད། ནད་གཞི་འདིས་ཁོ་ཚོའི་མི་ཚེའི་ཁ་ཕྱོགས་འདྲ་མིན་སྣ་ཚོགས་ཤིག་གི་ཐོག་ཁྲིད་ཡོད་སྟབས། ད་ལྟ་རྡོ་རྗེ་ནི་འབྲུག་ཡུལ་གྱི་གཉན་ནད་རེག་དུག་གི་ནད་པ་མཉམ་རུབ་བྱེད་མཁན་གྱི་བདེ་རྩའི་འགན་འཛིན་ཡིན་པ་དང་། བདེ་རྩ་ཁང་འདིས་ཁོ་ཚོ་ཕན་ཚུན་སེམས་ཚོར་དྲག་པོའི་ཐོག་ནས་མཉམ་རུབ་ཡོང་ཐབས་བྱས་ཏེ་ཐག་ཇེ་ཉེ་རུ་གཏོང་གི་ཡོད།

མཇུག་ཏུ་ཆོས་སྒྲོན་གྱིས་ང་ལ། “ངེད་གཉིས་ལ་ནད་གཞི་འདི་མ་ཕོག་སྔོན་ལ་ཁ་རྩོད་ཡང་ཡང་ཤོར་ཀྱི་ཡོད་པ་མ་ཟད། འཁྲུག་པའང་ཡང་ཡང་ཤོར་གྱི་ཡོད། ད་ལྟ་ངེད་གཉིས་ལ་ནད་གཞི་འདི་ཕོག་རྗེས་འབྲེལ་བ་ཧ་ཅང་ཡག་ཏུ་ཕྱིན་སོང་། ད་ལྟ་ངེད་གཉིས་ནི་ཕན་ཚུན་གྱི་རྟེན་ས་ཁོ་ན་དེ་ཡིན་སྟབས། གཅིག་གི་གཅིག་ལ་གང་ཐུབ་ཀྱིས་བརྩི་འཇོག་བྱེད་རེས་བྱེད་ཀྱིན་ཡོད། ངས་ང་གཉིས་ལ་ནད་གཞི་འདི་ཕོག་པ་ནས་བཟུང་ད་བར་ཁ་རྩོད་ཤོར་བ་དྲན་གྱི་མི་འདུག་པ་མ་ཟད། དེ་ལས་ལྡོག་སྟེ་བརྩེ་དུང་ཆེ་རུ་ཕྱིན་སོང་།” ཞེས་བརྗོད་བྱུང་།

མ་རྩོམ་གྱི་འབྲེལ་ཐག http://www.bbc.com/news/magazine-33697521?ocid=socialflow_facebook

 

འབྲེལ་ཡོད་གསར་འགྱུར།

བོད་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་དང་ལྷ་སྡེ་མི་སྡེར་སྔོག་བཤེར་བྱས་ནས་༧གོང་ས་མཆོག་གི་སྐུ་པར་བཙན་འཕྲོག་བྱེད་བཞིན་པ། པར་དུས་བབ་ཀྱི་བསྒྲིགས།
Mobile App

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་མང་པོ་བཙན་འཕྲོག་བྱས་འདུག 

ཆུ་ཚོད་ ༤ སྔོན་ལ།
རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་དྷ་སར་བར་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། ༢༠༢༥།༡༠།༢༡ པར་འབྲེལ་ཡོད་མཁོ་སྤྲོད་གནང་།
Mobile App

རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་དྷ་སར་བར་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

ཆུ་ཚོད་ ༧ སྔོན་ལ།
བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

གཞས་པ་ཨ་སངས་ལགས་མུ་མཐུད་བཀག་ཉར་འོག་ཡོད་འདུག

༢༠༢༥/༡༠/༡༨
Zhang Youxia (front), newly-elected Vice Chairman of the Central Military Commission of the People's Republic of China, swears an oath with members of the Central Military Commission (L-R) Zhang Shengmin, Liu Zhenli, He Weidong, Li Shangfu, and Miao Hua, after they were elected during the fourth plenary session of the National People's Congress (NPC) at the Great Hall of the People in Beijing. photo credit: Reuter
Mobile App

རྒྱ་ནག་གཞུང་གིས་དམར་ཤོག་དཔོན་རིགས་དགུ་ཕྱིར་ཕུད་བཏང་།

༢༠༢༥/༡༠/༡༨
མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་བརྟན་གསུམ་འདེགས་འབུལ་ཞུས། ༢༠༢༥།༡༠།༡༨ དུས་བབ་ཀྱི་པར།
Mobile App

མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས།

༢༠༢༥/༡༠/༡༨
Richard Gere receiving the Human Rights First Visionary Award. Photo: ICT
Mobile App

བོད་དོན་རྒྱབ་སྐྱོར་བ་རེ་ཆར་ཌི་གྷེ་རེ་ལགས་སུ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཐོབ།

༢༠༢༥/༡༠/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese