མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཇོ་ནང་པའི་ཆོས་བརྒྱུད་དང་འབྲེལ་བའི་སྐད་ཆ་འགའ།

བོད་ཀྱི་དུས་བབ།
༢༠༡༥/༠༨/༠༦
Share on FacebookShare on TwitterShare on EmailShare on Whatsapp

གཙང་ཞོལ་བདེ་གསལ།

རང་རང་སོ་སོའི་རིང་ལུགས་ལ་གཟི་བྱིན་བསྒྲུབས་པའི་ཤུགས་ཀྱིས་གཅིག་ཤོས་རིམ་གྱིས་བག་ལ་ཞ་བར་གྱུར་མོད། ཅེས་མཁས་གྲུབ་ཆེན་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྤྱིར་སངས་རྒྱས་བསྟན་པ་དང་སྒོས་བོད་ཀྱི་ས་དགེ་བཀའ་རྙིང་དང་ཇོ་ཞལ་བོ་དོང་སོགས་ཆོས་བརྒྱུད་ཁག་གི་འཕེལ་འགྲིབ་ལ་དཔྱད་འཇོག་གིས་གསུངས་པ་ཞིག་ཡིན་ལ། ལུང་དེས་རིག་གཞུང་སྣ་མང་གི་སྐྱེ་རྒ་ན་འཆི་འམ་འཇིག་རྟེན་གྱི་ཆོས་ཉིད་ཀྱང་སྟོན་གྱི་ཡོད། དེའི་ཕྱིར་སྟོབས་སུ་ཆེ་དང་རྒྱུད་འཛིན་སུ་མང་གིས་ཆོས་བརྒྱུད་ཀྱི་མཚོན་པའི་རིག་གནས་སྣ་མང་གི་དར་རྒུད་དང་འགྲན་རྩོད་ཁ་འཐབ་ཀྱི་ཡོད། ནང་བསྟན་ཆོས་གཞུང་སྟེ། རིག་གཞུང་སྦམ་མཐོན་པོ་ཞིག་གི་ཚེ་སྲོག་ལ་བརྒྱུས་པའི་རང་རེའི་ཆོས་བརྒྱུད་ཁག་གི་རིང་ལུགས་སྣང་མེད་དུ་འཇོག་མ་ཐུབ་པ་དེ་ཕ་མའི་ཁ་ཕོར་གཙང་ཞེན་ཙམ་ལ་མི་སེམས་པར་གནས་ལུགས་ཤིག་དང་སྤྱི་སེམས་ཤིག་གིས་མ་བཏང་བ་ཡིན་ཞེས་སྤོབས་པ་མཐོ་དགོས།

དུས་ཚོད་གཉན་འཕྲང་ཅན་འདི་འདྲ་ཞིག་ལ་རང་སེམས་རང་གིས་དཔང་བསྟད་དེ། ༸གོང་ས་མཆོག་གིས། རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་བཀའ་སློབ་ཀྱི་དགོངས་དོན་གཞི་ལ་འཛིན་རྒྱུ་ནི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་འཁྲི་བའི་ལས་འགན་རེད། གངས་ལྗོངས་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༸རྒྱལ་བ་ཐམས་ཅད་མཁྱེན་པའི་རླབས་ཆེན་གྱི་དབུ་ཁྲིད་འོག་དམ་ཚིག་རྡོག་རྩ་གཅིག་སྒྲིལ་ངང་གནས་རྒྱུ་ནི་བསམ་ཤེས་ཀྱི་བོད་མི་ཤི་གསོན་ཡོངས་ཀྱི་རེ་བ་རེད། འོན་ཀྱང་། བསྟན་བཤིག་ལ་སྟ་རེ་མི་དགོས་པའི་དཔེ་དོན་ལྟར་སྤྱི་ཚོགས་ཀྱི་ཟུར་རེ་རེ་ནས་ཉམས་ཆག་ལ་འགྲོ་དང་འགྲོ་མུས་ཀྱིས་མིག་མཐོང་ལག་ཟིན་གྱི་ཆག་སྒོ་ཆེན་པོ་ཞིག་གིས་ང་ཚོའི་སྒོ་བརྡུངས་ཡོང་དུས་ད་ག་རེ་བྱེད་ཀྱི་ཡིན་ནམ་ཞེས་པའི་དྲི་བ་དེ་རེད། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས། ཐབས་གང་ཞིག་གིས་འཕེལ་བར་འགྱུར་སྙམ་པའི།། རྣམ་པར་དཔྱོད་པས་ཉིན་མཚན་འདའ་བར་ཤོག །གསུངས་པ་བཞིན། བཙན་པོ་དཔོན་སློབ་ཚོས་སྐུ་དྲིན་གྱིས་འཛམ་གླིང་རིག་གནས་ཀྱི་བང་མཛོད་ནང་དུ་བོད་རིག་པའི་འོད་སྣང་དེའི་ལོ་རྒྱུས་ཀྱི་སྤོབས་པ་མ་ཉམས་པའི་ངང་ནས་ཐབས་གང་ཞིག་དང་སྒོ་གང་ཞིག་ནས་རྒྱུད་འཛིན་དར་སྤེལ་གྱི་ཕྱོགས་སུ་རྣམ་རིག་སྒྲིམ་དགོས་པའི་རེ་སྐུལ་ཞུ་བཞིན་ཡོད། དེ་བཞིན་བོད་མིའི་ལས་སྣང་དང་འགྲོགས་པའི་དཔལ་ལྡན་ཇོ་ནང་པའི་ཆོས་བརྒྱུད་དེ་ཡང་ཉམས་ཆག་གི་སྒོ་ཅི་མང་ཞིག་བརྒྱུད་མྱོང་ཡོད་པ་བཤད་ཅི་ལ་དགོས། ཆོས་བརྒྱུད་དེའི་ཡོངས་གྲགས་ཀྱི་གདན་རབས་དང་པོ་རྗེ་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་དང་། ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་སློབ་བརྒྱུད་དང་བཅས་པས་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་རིག་གནས་འཛིན་སྐྱོང་ལ་མཛད་པ་རླབས་པོ་ཆེ་བསྐྱངས་ཡོད་པ་མ་ཟད། ཇོ་ནང་མ་དགོན་དང་། ཆོས་ལུང་བྱང་རྩེ། རྟག་བརྟན་ཕུན་ཚོགས་ཆོས་གླིང་སོགས་དབུས་གཙང་ཁུལ་དུ་དགོན་གནས་གྲགས་ཅན་མང་པོ་གསར་འདེབས་མཛད་དེ་ཐུན་མོང་མ་ཡིན་པའི་མཐོང་པ་བརྒྱུད་པའི་ཕྱག་ལེན་དང་ངེས་དོན་སྙིང་པོའི་བསྟན་པའི་འོད་སྟོང་གིས་ཁྱབ་པར་མཛད།

བོད་རབ་བྱུང་བདུན་པའི་ཤིང་སྤྲུལ་སྤྱི་ལོ་༡༤༢༤ནས་དཔལ་ལྡན་ཇོ་ནང་གི་རང་རྐང་འཛིན་པའི་ཤར་འཛམ་ཐང་དགོན་ཆེན་སོགས་མདོ་ཁམས་ཕྱོགས་སུ་དར་ཁྱབ་ཕྱིན་ཏེ་ད་ལྟའི་བར་དུ་ཇོ་ནང་པའི་བསྟན་པ་བསྟན་འཛིན་གྱི་སྡེས་བོད་མིའི་སེམས་ངོས་སུ་གོ་གནས་ངེས་ཅན་ཞིག་ཟིན་ཡོད་པ་རེད། དེ་ལྟ་ན། ཆོས་བརྒྱུད་དེའི་བསྟན་འཛིན་སྐྱེས་ཆེན་དག་དང་། དགེ་འདུན་འདུས་མང་། ལྷ་འབངས་ཡོན་བདག་དང་བཅས་པའི་དད་སེམས་དང་ཐོབ་ཐང་ལ་བརྩི་བཀུར་ཞུ་དགོས་པ་ལས། ང་ཚོས་སྣང་མེད་དུ་འཇོག་རུང་པ་ཞིག་གཏན་ནས་མ་རེད།

༢༠༠༦ ལོར་དྷ་རམ་ས་ལ་ནོར་བུ་གླིང་གར་བཙན་བྱོལ་བོད་ཀྱི་ཆོས་བརྒྱུད་ཀྱི་ཚོགས་འདུ་ཐེངས་དགུ་པ་འཚོགས་པ་རེད། དེ་དུས་ཇོ་ནང་པར་བོད་ཀྱི་ཆོས་བརྒྱུད་སྤྱི་མཚུངས་ལྟར་གྱི་གྲོས་ཚོགས་སུ་འཐུས་མི་འགྲོ་དགོས་མིན་སོགས་ཀྱི་གསུང་གླེང་གནང་དུས། སྐབས་དེའི་ས་སྐྱའི་སྤྱི་འཐུས་སོགས་ཀྱིས་ཇོ་ནང་ས་སྐྱའི་ཆོས་བརྒྱུད་ཀྱི་ཁུངས་ཡིན་པས་ཇོ་ནང་ཚབ་མཚོན་འཐུས་མི་གྲོས་ཚོགས་སུ་ཡོང་ན་མི་འགྲིག་པའི་དགག་བྱ་བྱས་པ་རེད་ཟེར་བའི་གསར་འགྱུར་དེ་གོ་ཐོས་བྱུང་། དེ་ནས་ཡོངས་གྲགས་ཀྱིས་ཤུགས་ཆེ་རུ་བཏང་སྟེ་ས་སྐྱའི་སྤྱི་འཐུས་དང་ས་སྐྱའི་གནད་ཡོད་མི་སྣ་འགས་བོད་ཀྱི་ཆོས་བརྒྱུད་ཚོགས་འདུ་ཐེངས་དུ་མར་ལན་གཅིག་མ་ཡིན་པར་མུ་མཐུད་ནས་ཤུགས་བརྒྱབ་པ་རེད། རང་ཉིད་ཇོ་ནང་པར་དམིགས་བསལ་གྱིས་ཆོས་དམ་ཚིག་གི་འབྲེལ་བ་མེད་ན་ཡང་། བོད་ཀྱི་ཆོས་བརྒྱུད་ཁག་གི་ད་ལྟའི་གནས་བབ་དང་འདས་པའི་ལོ་རྒྱུས་ལ་དོ་སྣང་ཡོད་མཁན་ཞིག་ཡིན་པའི་ཆ་ནས། སྤྱིའི་ཆོས་བརྒྱུད་ཁག་གི་མཐུན་ལམ་དང་དད་པ་དམ་ཚིག་ལ་བསམ་སྟེ་དེའི་སྐོར་གྱི་རྩོམ་ཡིག་རེ་འབྲི་ཁུལ་བྱས་པ་ཡིན།

༢༠༠༧ལོར་ས་སྐྱའི་སྤྱི་འཐུས་ཚེ་རིང་པོ་ལགས་ཀྱིས་ཇོ་ནང་ས་སྐྱའི་ཁོངས་གཏོག་ཡིན་པའི་སྒྲུབ་བྱེད་ཀྱི་དེབ་(གསལ་བར་བཤད་ན་བདེ་བླག་ཏུ་གྲུབ་པའི་གཏམ་ཨེ་མ་ཧོ་ཞེས་བྱ་བ་བཞུགས་སོ།།)ཟེར་བ་ཞིག་འགྲེམ་སྤེལ་བྱས་བྱུང་། སྐབས་དེར་སྤྱི་ཚོགས་སུ་རྩོམ་དེབ་དེ་ས་སྐྱའི་མཁན་པོ་རྒྱ་མཚོ་ལགས་ཀྱིས་བརྩམས་གནང་པ་རེད། ཚེ་རིང་པོས་དེ་འདྲ་ཤེས་ཀྱི་མ་རེད་ཟེར་བའི་སྐད་ཆ་མང་པོ་ཡོང་གི་འདུག ས་སྐྱའི་སྤྱི་འཐུས་ཀྱིས་ཡོངས་སུ་གྲགས་པའི་གསུང་བཤད་དེ་དག་ཇོ་ནང་པ་ཚོར་གཏམ་གསར་པ་ཞིག་ཡིན་ཙ་ན། བཙན་བྱོལ་བོད་ཀྱི་ཚགས་པར་ཁག་ཏུ་དེའི་སྐོར་གྱི་གནས་ཚུལ་གསལ་བཤད་ཀྱི་ལན་འདེབས་ནང་མང་ཙམ་ཐོན་པ་རེད།དེ་ནས་ཚེ་རིང་པོས་(ཇོ་ནང་མུན་སེལ་ཉི་མ་)ཟེར་བ་ཞིག་བོད་ཀྱི་དུས་བབ་ཏུ་བཀོད་ཅིང་། ཇོ་ནང་ས་སྐྱའི་ཁོངས་ཡིན་པ་སྒྲུབ་ཁུལ་བྱས་འདུག དེ་རྗེས་ཡང་(དཔལ་ཇོ་ནང་པའི་ཆོས་འབྱུང་དང་གདན་རབས་བསྐལ་བཟང་སངས་རྒྱས་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་ཞུགས་སོ།། དེབ་ཕྲེང་གཉིས་པ།)ཟེར་བ་ཞིག་འགྲེམ་སྤེལ་བྱས། ༢༠༠༨ལོར་ཇོ་ནང་ངོས་ནས་ལན་འདེབས་ཀྱི་རྩོམ་དེབ་(དཔལ་ལྡན་ས་ཇོའི་གྲུབ་མཐའ་གཅིག་འཛིན་གྱི་ལོག་རྟོག་རྙོག་མ་སེལ་བའི་ནོར་བུ་ཀེ་ཏ་ཀའི་འཕྲེང་བ་ཞེས་བྱ་བ་བཞུགས་སོ།།) ཇོ་ནང་ནང་བསྟན་རིག་གཞུང་སྲུང་སྤེལ་མཐུན་ཚོགས་ནས་དཔར་བསྐྲུན་འགྲེམ་སྤེལ་ཞུས་པ་རེད། རྩོམ་ཡིག་དེ་དག་བོད་ནས་བསྐུར་ཡོང་པ་རེད་འདུག སྤྱིར་བཏང་བོད་དུ་དར་བའི་ཆོས་བརྒྱུད་དེ་དག་ཕན་ཚུན་ཁོངས་གཏོགས་ཡིན་པའི་ས་མཚམས་ཞིག་འཇོག་དགོས་ཚེ། ཆོས་བརྒྱུད་དེ་དང་དེའི་ཁོངས་གཏོགས་ཡིན་དགོས་པ་ལ། ཆོས་བརྒྱུད་དེའི་ཐོག་མའི་དབུ་འཛིན་པ་དེ་ཚོ་དེ་དང་དེའི་སློབ་རྒྱུད་ཡིན་ཞིང་། དེའི་ཐུན་མིན་གྱི་ཟབ་ཆོས་དག་གི་རྒྱུད་འཛིན་བསྙོན་མེད་ཅིག་དགོས་ཀྱི་རེད། ད་དུང་མ་དགོན་བུ་དགོན་གྱི་འཛིན་སྐྱོང་ཕྱག་ལེན་བཅའ་ཡིག་ཀྱང་ཅི་ལ་མི་དགོས། དེ་འདྲ་གཅིག་ཀྱང་མེད་པར་ཧམ་པ་བཤད་ན་བསྟན་པ་བཤིག་རྒྱུ་ལས་ཅི་ཞིག་ཡོད།

ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་སོགས་ས་སྐྱར་ཕྱིན་ཏེ། དཔལ་ས་སྐྱའི་མཁས་གྲུབ་དམ་པ་ཚོར་ཆོས་དམ་ཚིག་གི་འབྲེལ་བ་ཡོད་པ་ཙམ་གྱིས་ཇོ་ནང་པ་ཟེར་བའི་ཆོས་བརྒྱུད་དེ་ས་སྐྱའི་ཁོངས་གཏོགས་ཡིན་མི་དགོས། རྗེ་ཀུན་སྤངས་པར་ཐོག་མར་ཇོ་མོ་ནག་རྒྱལ་དུ་རི་ཁྲོད་ཅིག་ཡོད་པ་དེ་ས་སྐྱའི་བླ་མ་སུ་ཞིག་གིས་བཀའ་བཏང་ནས་བཞེངས་པ་རེད། ཡང་ན་བླ་མ་ཀུན་སྤངས་པས་རི་ཁྲོད་ཅིག་བཞེངས་ཏེ་ས་སྐྱར་ཕུལ་ནས་མ་དགོན་བུ་དགོན་གྱི་འབྲེལ་བའི་བཅའ་ཡིག་བཀའ་ཐམ་ས་སྐྱ་པ་སུ་ཞིག་གིས་གནང་པ་རེད། དེ་ཚོའི་གྲས་ཀྱི་དཔང་རྟགས་ཁུངས་སྐྱེལ་གྱི་ཡིག་ཆ་རེ་ཡོད་ན་ད་ལྟ་འཛིན་སྐྱོང་གི་ཁོངས་སུ་བསྡུ་བྱེད་ལ་མེད་དུ་མི་རུང་པའི་ལོ་རྒྱུས་ཀྱི་ཁུངས་ལུང་ཞིག་ཏུ་འགྲོ་བ་ལས། ཇོ་ནང་གི་གདན་རབས་འཛིན་པ་མང་པོ་ཞིག་ས་སྐྱར་ཆོས་འབྲེལ་མཆོད་ཡོན་གྱི་བཀའ་དྲིན་ཆེ་ཚུལ་དང་། རྗེ་བཙུན་ཏཱ་ར་ནཱ་ཐས་ས་སྐྱར་ཕོ་རུས་ཡོད་གསུངས་པ་ཙམ་གྱིས་ས་སྐྱའི་ཁོངས་ཡིན་པའི་སྒྲུབ་བྱེད་ལ་གཏན་ནས་འགྲོ་ཡི་མ་རེད། མི་སྐྱ་ང་འདྲ་ལྟ་བུ་ལའང་བོད་ཀྱི་ཆོས་བརྒྱུད་ཁག་ལ་ཕོ་རུས་ལ་རྒྱ་སེམས་གཏིང་ནས་ཡོད།

༡༩༩༧ལོ་ནས་སྐྱབས་མགོན་ཁལ་ཁ་རྗེ་བཙུན་དམ་པ་མཆོག་གིས་ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་བསྩལ་གནང་ཡོང་པའི་སྙན་ཞུ་ཐོག་མ་སྐུ་སྒེར་ཡིག་ཚང་ལ་ཕུལ་བ་དང་། ༡༩༩༩ལོར་སིམ་ལ་ཇོ་ནང་མ་དགོན་དང་ཁལ་ཁ་རྗེ་བཙུན་རིན་པོ་ཆེས་བཀའ་ཤག་ལ་སྙན་ཞུ་ཕུལ། དེའི་རྗེས་བོད་གཞིས་བྱེས་ཀྱི་ཇོ་ནང་པའི་དགོན་སྡེ་མང་པོས་ཆོས་དོན་ལས་ཁུངས་དང་གྲོས་ཚོགས་སུ་སྙན་ཞུ་རབས་དང་རིམ་པ་མང་པོ་ཕུལ་ཏེ་ད་བར་དུ་ཡོང་པ་རེད། གང་ལྟར། ཇོ་ནང་པ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ལམ་ལུགས་ཐོག་བསྐྱོད་པ་ལ་འགོག་རྐྱེན་མང་ཙམ་སྤྲད་ཡོང་དུས། ༸རྒྱལ་བ་པཎ་ཆེན་གྱིས་ཇོ་ནང་པར་དགོངས་པ་བཞེས་ཕྱོགས་དང་ཇོ་ནང་དགོན་ཐོ་བསྡུ་རུབ་ཀྱིས་ཆོས་དོན་དང་གྲོས་ཚོགས་སུ་ཕུལ་བ་དང་གཞིས་བྱེས་ཇོ་ནང་བླ་གྲྭ་ལྷན་རྒྱས་ཀྱི་མངོན་འདོད་རེ་བ་ཆུད་ཟོས་སུ་མི་འགྲོ་བའི་ཆེད་དུ། ས་དགེ་བཀའ་རྙིང་གཡུང་དྲུང་བོན་དང་བཅས་པའི་བོད་ཀྱི་བླ་ཆེན་དབུ་འཛིན་རྣམ་པའི་དྲུང་དུ་བཅར་ཏེ་ཐུགས་ཁུར་རྒྱབ་སྐྱོར་ཡོང་པའི་ཞུ་གསོལ་བཏབ་པར། ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་ཕྱག་ཡིག་དང་བཀའ་སློབ་ཕེབས་པ་ཁག་གཤམ་གསལ།

དང་པོ།

ཕུན་ཚོགས་ལུགས་བརྒྱའི་དཔལ་ལྡན་བོད་མི་དམངས་སྤྱི་འཐུས་ལྷན་རྒྱས་པའི་དྲུང་དུ།       ཆེད་འབུལ།

…ཇོ་ནང་གྲུབ་མཐའ་འདི་བཞིན་སྔོན་བྱུང་རྣམ་ཐར་ལོ་རྒྱུས་ཁག་ནང་རྟེན་གཞི་ས་སྐྱ་པ་ལས་གྱེས་པ་གསལ་པོ་ཡོད་རུང་། ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་གནང་ཕྱོགས་སྐོར་སྔོན་བྱུང་ལོ་རྒྱུས་ལ་དཔྱད་ཞིབ་དང་། ད་ལྟའི་དངོས་ཡོད་གནས་ཚུལ་ལ་དགོངས་བཞེས་ཀྱིས་དེ་གའི་ལྷན་ཚོགས་ནས་ཐག་གཅོད་མཛད་གནང་ཡོད་པ་ཞུ་རྒྱུ་བཅས་དགོངས་འཇགས་ཞུ། ར་ཛ་པུར་ནས། ས་སྐྱ་ཁྲི་འཛིན་པས། ༢༠༠༥ཟླ་༡༠ཚེས་༥དགེ་བར་ཕུལ།།

གཉིས་པ། ༢༠༠༧ ལོའི་ཕྱི་ཟླ་ ༡༢ ཚེས་ ༢༠ ཉིན།

…ལོ་རྒྱུས་དང་ཆོས་འབྱུང་སོགས་ལ་ཁུངས་གཏུགས་ཏེ། རྡ་རམ་ས་ལ་ནས་བཙན་བྱོལ་བོད་གཞུང་གིས་ཐག་བཅད་དགོས་པ་ཞིག་རེད་ལ། དེ་ལྟར་ཐག་བཅད་པ་ཡིན་ན། ང་ཚོ་ས་སྐྱ་སྤྱི་བའི་ངོས་ནས་དགག་བྱ་རྩ་བ་ནས་བྱེད་ཀྱི་མེད།

གསུམ་པ། ༢༠༠༩ཟླ་ཕྱི་༣ཚེས་༡༡ཉིན།

…སྤྱིར་ང་ཚོས་སྔོན་གྱི་ལོ་རྒྱུས་ཙམ་ཞུས་པ་ལས་ད་སྐབས་ཁྱེད་ཇོ་ནང་པར་ཆོས་བརྒྱུད་ཀྱི་ཐོབ་ཐང་ལ་དགག་བྱ་རྩ་བ་ཉིད་ནས་བྱེད་ཀྱིན་མེད།

བཞི་པ། ༢༠༡༥ཕྱི་ཟླ་༣ཚེས་༡༣ཉིན། ང་ཚོ་ས་སྐྱ་དང་ཇོ་ནང་གཉིས་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་དེ་ཇོ་ནང་རང་གི་ཡིག་ཆའི་ནང་ཡོད་པ་དེ་ག་རེད། འོན་ཀྱང་ལྟ་གྲུབ་ཀྱིས་མཚོན་པའི་ཆོས་བརྒྱུད་རང་རྐང་ཚུགས་པ་ཞིག་ཡོད་པ་གསལ་བོ་རེད། སོང་ཙང་། ངོས་ཀྱིས་ཚོགས་ཆེན་སྟེང་ནས་(བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཆོས་ཚོགས་ཐེངས་བཅུ་གཅིག་པ། ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༢ ནས་ ༢༤ བར་)གསལ་བོ་བཤད་རྒྱུ་བྱུང་ལ། ཁྱེད་རང་ཚོར་ཡི་གེ་ཡང་ཕུལ་ཡོད། ཆོས་རིག་ལས་ཁུངས་དང་། ཆོས་བརྒྱུད་གཞན་ཁག་གིས་ཐག་གཅོད་ག་རེ་གནང་ན་ང་དེ་ག་རང་ཡིན། རྒྱབ་སྐྱོར་ཡོད། ཅེས་གསུངས་ཡོད།

དེ་ལྟར་སྔ་ཕྱིར་སིམ་ལ་ཇོ་ནང་མ་དགོན་གྱི་མཁན་པོ་མཁན་ཟུར་དང་བལ་ཡུལ་ཇོ་ནང་དགོན་པའི་འཐུས་ཚབ། འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་ལ་གནང་པའི་ས་སྐྱ་གོང་མ་རིན་པོ་ཆེའི་བཀའ་སློབ་ཕྱག་རིས་དེ་དག་ལ་ང་རང་ཚོས་གུང་བསྒྲིག་ནས་དགོངས་པ་ལེན་ཤེས་ཀྱི་མེད་ལ། གྲོས་ཚོགས་སུ་ཕེབས་པའི་ས་སྐྱའི་སྤྱི་འཐུས་རྣམ་པ་གཉིས་དང་ས་སྐྱའི་གནད་ཡོད་མི་སྣ་མང་པོ་ཞིག་གིས་མངོན་གསལ་དོད་པོས་ཇོ་ནང་ལ་དཀའ་ངལ་སྤྲད་ཡོང་པ་མཐོང་དུས་ས་སྐྱ་སྤྱིའི་ལངས་ཕྱོགས་དང་གོང་མ་ཁྲི་རིན་པོ་ཆེའི་དགོངས་པ་དང་མཐུན་གྱི་ཡོད་མེད་བཤད་ཚོད་ཐིག་པ་ཞིག་མ་རེད། གང་ལྟར། ཆོས་རིག་ལས་ཁུངས་ཀྱི་བཀོད་སྒྲིག་འོག་༢༠༡༡ཕྱི་ཟླ་༩ཚེས་༢༢ནས་༢༤བར་འཚོགས་པའི་ཐེངས་བཅུ་གཅིག་པའི་བོད་ཀྱི་ཆོས་བརྒྱུད་ཀྱི་ཚོགས་མགོན་དུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕེབས་ཏེ་བཀའ་གནང་དོན། ཇོ་ནང་ཆོས་བརྒྱུད་ཀྱི་ཁོང་ཚོས་དེ་རིང་ཐག་གཅོད་དགོས་ཀྱི་ཡོད་ཅེས་པའི་ངོས་ལ་སྙན་ཞུའི་ཡི་གེ་ཞིག་བཏང་འདུག རྩ་བའི་ཇོ་ནང་ངོས་ཀྱིས་ནམ་རྒྱུན་བཀའ་ཆོས་སྐབས་ཤོད་ཀྱི་ཡོད། དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གི་ཉམས་ལེན་ལ་ཐུག་ན། ཇོ་ནང་གིས་ད་ལྟའི་བར་བསྟན་པ་བཟུང་ནས་བསྡད་པའི་བཀའ་དྲིན་རྗེས་སུ་དྲན་དགོས་པ་རེད། …ངོས་ཀྱི་འདི་བྱེད་འདི་མ་བྱེད་ཤོད་རྒྱུ་གང་ཡང་མེད་ཀྱང་། ཁྱེད་རང་ཚོས་དབྱིན་སྐད་ནང་བརྗོད་ན་(Seriously)དོན་གལ་ཆེན་པོ་བྱས་ཏེ་དགོངས་པ་བཞེས་རྒྱུའི་གནད་འགག་ཅིག་འདུག ཅེས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྤྱི་ཕེབས་གནང་སྟེ། སྐབས་དེའི་བླ་ཆེན་རྣམ་པ་དང་སྤྱི་མོས་ཀྱི་ཐག་གཅོད་ལ་དགོངས་པ་ཆེ་བཞེས་གནང་པ་དང་། ཐེངས་བཅུ་གཅིག་པའི་ཆོས་ཚོགས་སྟེང་ཆོས་དོན་ལས་ཁུངས་ནས་ཁྱེར་ཡོང་པའི་གྲོས་གཞི་དོན་ཚན་བརྒྱད་པ་ལ། གྲོས་ཆོད་ཀྱིས་གཏན་ལ་ཕབ་པའི་འབྲུ་དོན། རྒྱལ་བ་ཇོ་ནང་པ་ནི། ལྟ་གྲུབ་དང་ཆོས་བརྒྱུད་ཀྱི་ཆ་ནས་རང་རྐང་ཚུགས་པ་ཞིག་ཡིན་པར་ཆོས་ཚོགས་འདི་ཐོག་ནས་ངོས་འཛིན་བྱུང་བར་བརྟེན། ཞིབ་འཇུག་ཚོགས་ཆུང་དགོས་གལ་མ་མཆིས། འོན་ཀྱང་ཇོ་ནང་པར་ཆོས་བརྒྱུད་སྤྱི་འཐུས་ཀྱི་ཐོབ་ཐང་གནང་མིན་ནི་ཁྲིམས་བཟོ་ལྷན་ཚོགས་ཀྱི་འགན་དབང་ཡིན་པ་ལས་ཆོས་ཚོགས་འདིར་འབྲེལ་བ་མེད་པའི་ངོས་འཛིན་བྱུང་། ཞེས་དཔལ་ས་སྐྱ་གོང་མ་རིན་པོ་ཆེའི་མཚོན་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང་། ཆོས་དོན་བཀའ་བློན། ཆོས་བརྒྱུད་ཁག་གི་སྤྱི་འཐུས་བཅས་ཀྱིས་སྐབས་དེའི་གྲོས་ཆོད་ཁག་ལ་མང་མོས་ཀྱིས་ཐུགས་གཏན་ཁེལ་ཏེ་མཚན་རྟགས་བསྐྱོན་པ་རེད།

༸གོང་ས་མཆོག་གི་བཀའ་སློབ་གནང་དོན་དང་ཆོས་དོན་ལས་ཁུངས། ཆོས་བརྒྱུད་ཁག་སྤྱི་ནས་ཇོ་ནང་པར་སྤྱི་འཐུས་སོགས་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་སྤྲད་པ་ལ་དགག་བྱ་མེད་པར་ཐག་ཆོད་པ་རེད། ས་ཇོ་གཉིས་མ་དགོན་དང་བུ་དགོན་གྱིས་འབྲེལ་བའི་འཛིན་སྐྱོང་བཅའ་ཡིག་ནི་མེད་ལ། ཇོ་ནང་པ་ལྟ་གྲུབ་དང་ཆོས་བརྒྱུད་ཀྱི་ཆ་ནས་རང་རྐང་ཚུགས་པ་ཞིག་ཡིན་པར་སྤྱི་མོས་ཀྱིས་ཁས་ལེན་ཐག་གཅོད་གནང་པ་ཡིན་ན། ཁོངས་གཏོགས་ཟེར་བའི་སྐད་ཆ་དེ་བཤད་ས་མེད་པར་གྱུར་བ་རེད། ས་དགེ་བཀའ་རྙིང་གི་ཐ་སྙད་དེ་ཡང་ལྟ་གྲུབ་དང་ཆོས་བརྒྱུད་སོགས་ཀྱི་ཆ་ནས་རང་རྐང་ཚུགས་པ་རེ་ཡིན་པས་ངོས་འཛིན་དེ་ལྟར་བྱུང་པ་རེད། ཉི་མ་དེ་ནས་བཟུང་ཇོ་ནང་པ་ཚོས་བློ་སེམས་གཅིག་གིས་ཁྲིམས་བཟོ་ལྷན་ཚོགས་སམ་གྲོས་ཚོགས་སུ་བློ་ལེང་གིས་བཀལ་བ་རེད།

ད་ལོ་༢༠༡༥ཕྱི་ཟླ་༣པའི་གྲོས་ཚོགས་ཚོགས་དུས་དགུ་པ་ལ་སླེབས་དུས་ད་དུང་སྔོན་མ་ནང་ལྟར་དཔལ་ས་སྐྱའི་སྤྱི་འཐུས་ཀྱིས་དགག་བྱ་ཤུགས་ཆེན་བྱས་པ་དང་། གང་ལྟར་༣/༢༦ཉིན་གྲོས་ཚོགས་ནང་རྒྱབ་སྐྱོར་མ་ཐོབ་པར་ཕམ་སོང་པ་རེད། ང་རང་ཚོ་བོད་ཆོས་ལྡན་གྱི་སྤྱི་ཚོགས་ཤིག་ཡིན་པ་དང་། མི་མང་སྤྱི་བྱིངས་ཀྱི་དད་སེམས་དང་ཐོབ་ཐང་ལ་འབྲེལ་བ་ཤུགས་ཆེན་ཡོད་པའི་དོན་དག་འདི་འདྲར་ཕོག་ཐུག་ཤོར་སོང་བའི་ཆ་ནས། སྐབས་དེར་ཇོ་ནང་པའི་སེར་སྐྱ་ཕོ་མོ་དབྱེར་མ་མཆིས་པར་ཧ་ཅང་བློ་ཕམ་ཡིད་ཆད་ཀྱིས་གཏམ་བཤད་དང་རྩོམ་ཡིག་གི་གྲངས་ཀ་འབོར་ཆེན་སྤེལ་ཡོང་སྟངས་ལ་བལྟས་དུས། བོད་གཞིས་བྱེས་གཉིས་སུ་གྱེས་པའི་དུས་གཉན་པོ་འདིར་རེ་བ་དང་ཡིད་ཆེས་བཅངས་པའི་སྤུན་ཟླ་ཚོའི་སེམས་ཁམས་ལ་བདག་སྐྱོང་མ་ཐུབ་པར་དགྲ་དགའ་གཉེན་སྡུག་གི་ལས་སུ་གྱུར་ན་ཅི་བྱའམ་སྙམ་པའི་ང་ཚོར་སེམས་ཁྲལ་ཆེན་པོ་ཡོང་གི་འདུག

ཇོ་ནང་གི་དོན་དག་དེ་ཁ་ཡར་བསྒྱུར་མར་བསྒྱུར་གྱིས་ཆབ་སྲིད་པའི་རྩེད་ཆས་སུ་གྱུར་སོང་པ་དེ་བློས་མི་བཟོད་པ་ཞིག་རེད། འདིར་འཛོམས་ཀྱི་ཇོ་ནང་པ་ཚོ་བོད་མིའི་དང་བླང་དཔྱ་ཁྲལ་འབུལ་མཁན་ཞིག་ཡིན་པའི་ཆ་ནས། བཙན་བྱོལ་བོད་མིའི་ཁྲིམས་མཐུན་གྱི་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱད་དེ་གྲོས་ཚོགས་སྒོ་འགྲམ་ལ་རྣམ་འགྱུར་ཞིག་བསྟན་ནས་བསྡད་པ་ལ། འགྲེལ་བཤད་གཞན་པ་བརྒྱབ་སྟེ་ཁ་ཕྱོགས་ལོག་ལམ་ལ་འཁྲིད་ཨེ་ཐུབ་བལྟ་མཁན་གྱི་ཚོགས་སྡེ་དང་མི་སྒེར་མང་ཙམ་ཡོད་ཚོད་རེད། ཇོ་ནང་པས་ང་ཚོར་བཏོན་པའི་རེ་འབྲས་ལ་སྨྱུ་གུ་ཐོགས་སུ་མ་བཅུག་པར། བོད་ཀྱི་ཆོས་བརྒྱུད་ཅིག་གི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང་འབྲེལ་བ་ཏན་ཏན་ཡོད་པའི་དོན་དག་ཅིག་ལ་ཚོད་འཛིན་མགོ་གནོན་བྱས་ན་བོད་མི་མང་གི་ཡིད་ངོར་འཚམ་པ་ཞིག་གཏན་ནས་མིན། འཐུས་མི་རྣམ་པ་ཚོས་བོད་སྤྱིའི་འཕྲལ་ཕུགས་ལ་ཐུགས་འགན་བཞེས་ཏེ། ང་རང་ཚོའི་ནང་ཁུལ་གྱིས་སེལ་ཐུབ་པའི་དཀའ་ངལ་དེ་དག་ཕ་རོལ་དགྲ་བོའི་མཐོང་སར་གོ་སྐབས་དམ་འཛིན་བྱས་ཏེ་སྤྱི་ཚོགས་སམ་མི་མང་གིས་ཡིད་ཆེས་ངོས་ཟིན་ཐོབ་པའི་མིག་ལྟོས་བཟང་པོ་འཇོག་དགོས་པ་ལས། ནང་ཁུལ་ལ་འབུར་འཇོམས་གཏོང་རྐྱང་བྱས་ཏེ་སྒེར་དོན་སྤྱི་ལ་ཁྱེར་བའི་ངོ་གདོང་སྐྱོ་ཐག་ཆོད་རེ་བསྟན་ཡོང་ན་མི་མང་འཐུས་མི་ཞིག་གི་འགན་འཁྲིའི་དམ་ཚིག་མ་སྲུང་བ་རེད། ས་ཇོ་གཉིས་བོད་ཀྱི་ཆོས་བརྒྱུད་བྱེ་བྲག་པ་རེ་རེ་ཡིན་པ་གང་ཞིག་ལ། ཆོས་འབྲེལ་དང་ཐུགས་མཐུན་མཉེས་གཤིན་གྱི་དམ་ཚིག་ལ་ཉམས་ཆག་བཏང་པ་འདི་ཅི་འདྲའི་ཕངས་སེམས་སྐྱེ་དགོས་པ་ཞིག་རེད།

དུས་སྐབས་འདི་འདྲ་ཞིག་ལ་ཆབ་སྲིད་པའི་བྲན་གཡོག་ཏུ་གྱུར་ཏེ་བསྟན་སེལ་སྡེ་འཁྲུག་བསླངས་པ་འདི་ཧ་ཅང་ཐབས་སྐྱོ་པོ་རེད། ཆོས་བརྒྱུད་སྤྱི་འཐུས་རེའི་མིང་ཁུར་ཡང་། ཆོས་བརྒྱུད་ནང་ཁུལ་གྱི་འབྲེལ་བའི་དམ་ཚིག་ལ་བསམ་བློ་སྤུ་རྩེ་ཙམ་ཡང་མི་གཏོང་པར་སོ་སོའི་འགན་འཁྲི་སྣང་མེད་དུ་གཡུགས་པ་དངོས་གནས་ཡ་མཚན་རེད། སྤྱི་འཐུས་རྣམ་པ་ཚོས་ཇོ་ནང་པའི་དོན་དངོས་ཀྱི་དཀའ་ཁག་དང་གནས་ལུགས་གཞི་ལ་བཞག་སྟེ་ཐུགས་བསམ་ཆེ་བཞེས་གནང་རྒྱུ་ནི་དངོས་གནས་གནད་འགག་ཅིག་མི་འདུག་གམ། ཇོ་ནང་པ་ཚོར་ཡང་ད་རེས་གྲོས་ཚོགས་སུ་རྒྱལ་ཁ་མ་ཐོབ་པ་དེ་ཙམ་གྱིས་གཞུང་སྒེར་གཉིས་ཆ་ལ་མཚན་སྨོད་ཞུ་བ་དང་མཆོང་ཆོག་ཆོག་གི་བསམ་བློ་ཁུར་ན་ཉེན་ཁ་འཕྲད་ཀྱི་རེད། རང་སྣང་གང་དྲན་གྱིས་རླུང་ཁར་མི་གཡེང་བར་ཚུགས་ཟིན་པ་དང་གཞུང་དྲང་པོ་གནང་རྒྱུ་གལ་ཆེན་རེད། སྔ་ཕྱི་མ་གཏོགས་ཇོ་ནང་པའི་དོན་དག་འདི་མུར་ལྷག་འགྲོ་ས་གཏན་ནས་མེད་པར་གནས་ལུགས་དང་སྤྱི་ཚོགས་ཀྱིས་རྒྱལ་ཁ་སྤྲད་ཡོང་གི་རེད། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག །

༢༠༡༥ཕྱི་ཟླ་༤ཚེས་༢༡ ཉིན་བཞུགས་སྒར་དྷ་རམ་ས་ལར་བྲིས་པ་དགེ

འབྲེལ་ཡོད་གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེན་པོ་མཆོག་ནས་ལ་དྭགས་གླེ་ཇོ་བོའི་གཙུག་ལག་ཁང་བསྐྱར་བཞེངས་ཀྱི་རྨང་རྡོ་དབུ་འབྱེད་རབ་གནས་མཛད། ༢༠༢༥།༠༨།༠༣ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་ལུས་ཀྱི་ཆ་ལུགས་བརྗེས་བ་ཙམ་མ་ཡིན་པར་སློབ་གཉེར་རྒྱག་རྒྱུ་གལ་ཆེན་པོ་རེད་ཅེས་བཀའ་སློབ་བསྩལ།

ཆུ་ཚོད་ ༡༡ སྔོན་ལ།
རྒྱ་ནག་རྐང་རྩེད་སྤོ་ལོའི་མཐུན་ཚོགས་སྒྲིག་ཁྲིམས་འགན་འཛིན་ཟུར་པར་ལོ་ ༡༠ ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

རྒྱ་ནག་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ནང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་བསྟུད་མར་བྱུང་།

༢༠༢༥/༠༨/༠༢
Mobile App

དབྱིན་ཡུལ་གྲོས་ཚོགས་འོག་མས་རྒྱ་ནག་ཉིན་རེའི་ཚགས་པར་འགྲེམས་སྤེལ་བཀག་འགོག་གནང་།

༢༠༢༥/༠༨/༠༢
དྲ་ལམ་གྱི་པར།
Mobile App

ཁུང་ཙིའི་སློབ་གླིང་ཁག་སྒོ་རྒྱག་རྒྱུ་ཡིན་པའི་ཉེན་བརྡ་བཏང་།

༢༠༢༥/༠༨/༠༢
Former Pakistan prime minister Imran Khan, gestures as he speaks with Reuters during an interview, in Lahore, Pakistan March 17, 2023. REUTERS/Akhtar Soomro
Mobile App

པཱ་ཀི་སི་ཐན་གྱི་གྲོས་ཚོགས་འཐུས་མི་ཟུར་བ་ ༡༠༨ ལ་ལོ་བཅུ་རེའི་ཁྲིམས་ཐག་བཅད།

༢༠༢༥/༠༨/༠༡
ལྷོ་སོག་གི་མགོ་ཁྲིད་ཟུར་བ་ཏུའུ་ཙེ་ལ་ལོ་ ༡༥ ཡི་ཁྲིམས་ཐག་བཅད་འདུག
Mobile App

ལྷོ་སོག་གི་མགོ་ཁྲིད་ཟུར་བ་ཏུའུ་ཙེ་ལ་མི་ལོ་ ༡༥ ཡི་ཁྲིམས་ཐག་བཅད་འདུག

༢༠༢༥/༠༨/༠༡

མཆན། 2

  1. ས་ཇོ། says:
    ལོ་ 10 སྔོན།

    བདེ་གསལ་ལགས། ༸གོང་ས་ལྔ་བའི་སྐབས་ཇོ་ནང་པ་གཙང་ནས་མདོ་སྨད་དུ་རྒྱང་འབུད་བཏང་དོན་དང་། ཆོས་ཚོགས་ཐེངས་ ༡༡ པའི་སྐབས་༸གོང་ས་མཆོག་གིས། “ཁོང་ཚོས་ངོས་ལ་ཡི་གེ་འདི་བྲིས་པ་རེད། ངོས་ཀྱིས་འདིར་བཤད་ཡོད་དོ་ཞེས་བརྗོད་ནས་འགྲོ་གི་ཡིན། ཤེས་སོང་ངམ། ངོས་ཀྱིས་བརྗོད་མི་འདུག་ཟེར་ན་ཆོ་མེད། ངོས་ཀྱི་ཞྭ་མོ་ཕུད་པ་ཡིན། ག་རེ་བྱེད་མིན་ཁྱེད་རང་ཚོས་ཐག་གཅོད་རྒྱུ་རེད།” ཅེས་གསུངས་པའི་སྐོར་གཉིས་ལ་དྲང་བདེན་གྱི་འགྲེལ་བཤད་རེ་དགོས་རྒྱུ་གལ་ཆེ་སྙམ། ད་དུང་ཆོས་ཚོགས་ཐེངས་ ༡༢ པའི་སྐབས་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན། ཞེས་པ་ལས། ཇོ་ནང་ཞེས་པ་བཅུག་མི་དགོས་པ་མང་མོས་ཐག་གཅོད་བྱས་ཡོད་སྐད་འདུག་པས་ངན་ཁག་རྣམས་ཆོས་ལུགས་སྤྱི་འཐུས་རང་ལ་བཀལ་ན་མི་འགྲིག་པར་སྙམ།

    Reply
  2. གཙང་ཞོལ་བདེ་གསལ། says:
    ལོ་ 10 སྔོན།

    གསལ་བཤད་དགོས་པ་ཞིག་ལ།
    (གསལ་བར་བཤད་ན་བདེ་བླག་ཏུ་གྲུབ་པའི་གཏམ་ཨེ་མ་ཧོ་ཞེས་བྱ་བ་
    བཞུགས་སོ།། ས་སྐྱ་སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ་ནས་འགྲེམས་སྤེལ་
    ཞུས།།) ཟེར་བ་དང་། གཞན་པ་དེ།
    (དཔལ་ཇོ་ནང་པའི་ཆོས་འབྱུང་དང་གདན་རབས་བསྐལ་བཟང་སངས་རྒྱས་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་ཞུགས་སོ།། དེེབ་ཕྲེང་གཉིས་པ། དཔལ་ས་
    སྐྱ་སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོས་བརྩམས།།)ཞེས་བྲིས་འདུག གང་ལྟར་དེབ་ཕྲེང་དང་པོ་དེ་འགྲེམས་སྤེལ་ཞུས་ཟེར་བ་ཙམ་ལས་གསལ་ཆ་མི་འདུག དོན་དངོས་སུ་མཁན་པོ་རྒྱ་མཚོ་ལགས་ཀྱིས་བྲིས་པ་ཡིན་ནམ་མིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese