མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འོས་བསྡུའི་སྒྲིག་སྲོལ་སྐོར་ལ་དོགས་འདྲི་ཁག་ཅིག་ཞུས།

བོད་ཀྱི་དུས་བབ།
༢༠༡༥/༠༨/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་བོད་མིའི་སྒྲིག་འཛུགས་འོས་བསྡུ་ལྷན་ཁང་གིས་སྐབས་བཅུ་དྲུག་པའི་སྤྱི་འཐུས་དང་སྐབས་གཉིས་པའི་སྲིད་སྐྱོང་འོས་བསྡུའི་ལས་རིམ་སྐོར་ལ་སྒྲིག་གཞི་ཁག་ཅིག་གསལ་བསྒྲགས་གནང་བ་དང་བསྟུན་ཏེ། འདི་གའི་གསར་འགོད་པས་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་སུ་འོས་བསྡུའི་ལས་རིམ་ཐོག་གི་བྱེ་བྲག་གི་གནད་དོན་འགའི་ཐོག་དོགས་འདྲི་ཁག་ཅིག་ཞུས། 

དྲི་བ། འོས་བསྡུའི་སྒྲིག་གཞིའི་ནང་སྲིད་སྐྱོང་གི་འོས་བསྡུའི་ཁྱབ་བསྒྲགས་ཆེད་ཧིན་སྒོར་འབུམ་ ༨ དང་། སྤྱི་འཐུས་འབུམ་ ༣ བཅས་ཀྱི་འགྲོ་སོང་ལས་གཏོང་ཆོག་གི་མེད་སྐོར་བཀོད་འདུག འགྲོ་སོང་ཇི་ལྟར་བཏང་བ་དང་ག་ཚོད་ཅིག་ཡོད་མེད་ཀྱི་གཞི་འཇོག་ས་གང་འདྲ་ཡོད་དམ།

ལན། ང་ཚོས་གཏན་འབེབས་བྱས་པའི་སྐབས་སུ་འགྲོ་སོང་གི་གཞི་འཛིན་ས་འདི་རེད་ཅེས་རྡོག་རྡོག་གང་ཡང་མེད་ཀྱང་། སྤྱིར་བཏང་སྲིད་སྐྱོང་གི་འོས་གཞི་བཞེངས་མཁན་ཞིག་བོད་པའི་གནས་ཡུལ་ཁག་ལ་ཕེབས་པ་དང་ཚོགས་འདུ་སྐོང་བ། ཡིག་ཆ་བཀྲམས་པ་སོགས་པ་ཚོད་དཔག་བྱས་ཏེ། འགྲོ་སོང་མཐོ་བོ་མ་ཡིན་པ། དམའ་བོའང་མ་ཡིན་པའི་འབྲིང་ཙམ་གྱི་སྟེང་ལ་གཏན་འབེབས་བྱས་པ་ཞིག་རེད་མ་གཏོགས།དམིགས་བསལ་འདི་དང་འདི་ཡིན་ཟེར་ནས་གསལ་ཁ་དོད་པོ་ཡོད་མ་རེད། འོས་གཞི་བྱེ་བྲག་པ་ཞིག་གིས་འོས་བསྡུའི་ཁྱབ་བསྒྲགས་བྱེད་པར་ཕར་འགྲོ་ཚུར་འགྲོ་བྱེད་སྐབས་གནམ་གྲུར་འགྲོ་དགོས་ཁེལ་བ་སོགས་འབྱུང་བཞིན་ཡོད་སྟབས། དེ་ཚོའི་རིགས་ལ་འགྲོ་སོང་ཕྲན་བུ་འགྲོ་གི་ཡོད་པ་རྒྱུ་མཚན་དུ་བྱས་ནས་སྲིད་སྐྱོང་གི་འོས་བསྡུའི་ཁྱབ་བསྒྲགས་ཆེད་ཧིན་སྒོར་འབུམ་བརྒྱད་དང་། སྤྱི་འཐུས་རེར་འབུམ་གསུམ་བཞག་པ་རེད། དེ་གཞིར་བཟུང་གིས་འོས་གཞི་བྱེ་བྲག་པ་སོ་སོ་ག་པར་ཕྱོགས་བསྐྱོད་ཕྱིན་པའི་རྩིས་ཁྲ་དང་བྱུང་འཛིན་དང་བཅས་པ་དབུས་འོས་བསྡུ་ལས་ཁང་ལ་འབུལ་དགོས་པ་རེད། 

དྲི་བ། ད་ལྟ་ལས་ཀྱི་སྣེ་མོར་ཡོད་མཁན་ཚོ་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུའི་ནང་ལངས་ན། གཞུང་དོན་ཕྱོགས་བསྐྱོད་སྐབས་འོས་བསྡུའི་ཁྱབ་བསྒྲགས་དང་གཅིག་པ་ལྟ་བུ་ཆགས་ཏེ། འོས་མི་གཞན་དང་བསྡུར་ན་འགྲོ་སོང་སོགས་ཕྱོགས་གང་ཅིའི་ཐད་ནས་ཁེ་ཕན་ཆེ་བ་འཐོབ་ཀྱི་ཡོད་པ་མ་རེད་དམ།

ལན། དེ་འདྲ་རང་མ་རེད། དེ་འདྲའི་གནད་དོན་གྱི་ཐོག་ནས་ང་ཚོས་སྒྲིག་གཞི་དོན་ཚན་ ༢༤ པའི་ནང་གསེས་བརྒྱད་པ་དེ་དམིགས་སུ་བཀར་ནས་ད་ལྟའི་བོད་མིའི་སྒྲིག་འཛུགས་ནང་ལ་དཔལ་ལྡན་སྲིད་སྐྱོང་ཡིན་པ་ཡིན་ནའང་འདྲ། དེ་བཞིན་བཀའ་བློན་རྣམ་པ་དང་སྤྱི་འཐུས་རྣམ་པ་ཚོ་འོས་གཞིའི་ནང་བཞེངས་རྒྱུའི་ཐུགས་འདོད་ཡོད་མཁན་ཚོ་གཞུང་འབྲེལ་ངོ་བོའི་ཐོག་ནས་འོས་བསྡུའི་བགྲོ་གླེང་སོགས་སུ་བཅར་ཆོག་གི་མ་རེད་ཟེར་བ་དང་། དེ་མིན་དངུལ་དངོས་དང་ལས་བྱེད་ལ་སོགས་པ་བེད་སྤྱོད་གཏང་ན་འགྲིག་གི་མ་རེད་ཅེས་བཀོད་ཡོད་པ་རེད། དེ་བཞིན། གཞུང་འབྲེལ་ཕྱོགས་སྐྱོད་སྐབས། འོས་བསྡུ་དང་འབྲེལ་བའི་གཏམ་བཤད་རིགས་ཀྱང་གནང་ན་འགྲིག་གི་མ་རེད། ང་རང་གིས་ཚོད་དཔག་བྱས་ན། ལས་ཀྱི་སྣེ་མོར་ཡོད་མཁན་ཚོ་འོས་གཞིར་ལངས་མཁན་གཞན་དག་ལས་གོ་སྐབས་སོགས་གང་ཅིའི་ཐད་ནས་ཉུང་བ་དང་གྱོང་རེག་མཁན་དེ་ཆགས་ཀྱི་རེད་བསམ་གྱི་འདུག

དྲི་བ། ཉེ་ལམ་སྲིད་སྐྱོང་གི་འོས་མི་གསུམ་གྱིས་གསར་འགོད་གསལ་བསྒྲགས་གནང་ཡོད་པར་བརྟེན། ཁོང་རྣམ་པས་འོས་བསྡུའི་སྒྲིག་གཞིའི་ནང་གསལ་ལྟར་འོས་བསྡུ་ལས་ཁང་ལ་ཆོག་མཆན་དང་སྙན་སེང་ཞུས་ཡོད་དམ།

ལན། ངས་ཚོད་དཔག་བྱས་ན་ཁོ་ཚོས་ཏན་ཏན་སྙན་སེང་ཞུས་ཡོད་རེད་བསམ་གྱི་འདུག ང་ཚོས་ད་ལྟ་དམིགས་བསལ་འདིའི་སྐོར་ལ་སྙན་སེང་ཞུས་ཡོད་མེད་སྐད་ཆ་འདྲི་རྒྱུ་བྱུང་ཡོད་པ་མ་རེད། གལ་སྲིད་ཞུས་མེད་པ་ཡིན་ན་ང་ཚོའི་ལམ་སྟོན་སྒྲིག་གཞིའི་ནང་གསལ་བ་ལྟར། ཁོ་ཚོས་དྲིལ་བསྒྲགས་ལས་འགུལ་ག་རེ་སྤེལ་གྱི་ཡོད་ཀྱང་བཀག་སྡོམ་བྱེད་ཆོག་གི་ཡོད་པ་རེད།  

དྲི་བ། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མི་བྱེ་བྲག་པ་ཞིག་གིས་འོས་བསྡུའི་ཁྱབ་བསྒྲགས་ཀྱི་འགྲོ་སོང་རྩིས་ཁྲའི་ཐད་ནས།  དང་བླངས་རྒྱབ་སྐྱོར་ཁྱབ་བསྒྲགས་བྱེད་མཁན་མང་པོ་ཞིག་ཡོང་གི་ཡོད་པ་རེད། དེ་བཞིན་འགྲོ་སོང་མེད་པའི་གསལ་བསྒྲགས་རིགས་བཅས་ཀྱི་ཐད་སྒྲིག་སྲོལ་གང་འདྲ་ཡོད་དམ།

ལན། དེ་ཚོའི་རིགས་ལ་ང་ཚོའི་ལམ་སྟོན་ནང་ཡོད་པ་དེ་འོས་གཞི་དོ་བདག་སོ་སོ་དང་དེའི་ཆོག་མཆན་ཡོད་པའི་རྒྱབ་སྐྱོར་བ་ཚོས་ལས་འགུལ་སྤེལ་བ་ཡིན་ན། དེའི་འགྲོ་སོང་དེ་ཚོ་འོས་གཞིའི་སྐྱེ་བོ་དེ་རང་གི་ཁོངས་ལ་བརྩི་དགོས་པ་ཞིག་ཆགས་ཡོད་ཀྱང་། དེ་མིན་ཆོག་མཆན་མེད་པར་མི་གཞན་གྱིས་གང་བྱུང་འགྲོ་སོང་བཏང་བ་སོགས་བྱས་ཚེ་འགྲིག་གི་ཡོད་པ་མ་རེད། ང་ཚོས་ཆོག་མཆན་མེད་པར་འགྲོ་སོང་བཏང་བའི་རིགས་བརྩད་ཆོད་པ་ཡིན་ན། གནས་སྟངས་ལ་དཔག་པའི་དོ་བདག་ཁོ་རང་ལ་ཉེས་ཆད་གཅོད་རྒྱུ་རེད། འགྲོ་སོང་མེད་པའི་གསལ་བསྒྲགས་རིགས་འདིའི་ནང་དུ་ཚུད་ཀྱི་མེད་ཀྱང་། འོས་མིའི་ཆོག་མཆན་མེད་པར་དེ་རིགས་བྱེད་ཆོག་གི་ཡོད་པ་མ་རེད།

དྲི་བ། སྲིད་སྐྱོང་གི་འོས་བསྡུའི་ཁྱབ་བསྒྲགས་སྐབས་སྲིད་སྐྱོང་གི་འོས་མི་བྱེ་བྲག་པ་ཞིག་གི་རྒྱབ་སྐྱོར་བས་འོས་མི་གཞན་གྱི་གྱང་སྦྱོར་པར་རིས་ཀྱི་གསལ་བསྒྲགས་བཀོག་པ་དང་ནག་གསུབ་གཏོང་བ་སོགས་བྱས་ཚེ། དེ་ལ་ཉེས་པ་དང་ཆད་པ་དེ་འདྲ་ཡོད་དམ།

ལན། མ་འོངས་པར་དེ་འདྲའི་གནས་ཚུལ་ལྷག་པ་ཡིན་ན། ས་གནས་འོས་བསྡུ་ལས་ཁུངས་བརྒྱུད་དབུས་ལ་སྙན་སེང་ཞུ་དགོས་པ་དང་། ས་གནས་ཀྱིས་དེ་རིགས་མ་ཡོང་བ་བྱེད་དགོས་པ་མ་ཟད། གལ་སྲིད་དེའི་རིགས་འབྱུང་ཚེ་བྱེད་གཏེ་ངོས་བཟུང་སྟེ། སྐབས་དེར་དབུས་འོས་བསྡུ་ལས་ཁང་ལ་སྙན་སེང་ཞུས་ན། ང་ཚོས་ཁོང་རྣམ་པ་ཚོས་མ་མཐུན་མ་འགྲིག་པ་བྱས་པ་དག་ལ་ཉེས་ཆད་གང་འགེལ་མིན་ཐག་གཅོད་བྱེད་ཀྱི་རེད། 

དྲི་བ། འོས་གཞིའི་སྐྱེ་བོ་དང་འོས་འཕེན་པ་ཞིག་ནས་འོས་ཤོག་འཕེན་དུ་འཇུག་པ་དང་། མི་འཇུག་པ་བཅས་ལ་ཐབས་ཤེས་རྒྱུད་སྐུལ་བྱས་རིགས་བྱུང་ཚེ་ཐག་གཅོད་ག་རེ་གནང་རྩིས་ཡོད།

ལན། ད་ལྟ་ང་ཚོས་ཉེས་ཆད་གཏན་འབེབས་བྱས་བཞག་པ་འདིའི་ནང་ལ་ཆ་ཚང་བ་དང་ཞིབ་ཕྲ་བཟོ་ཐུབ་རྒྱུ་དཀའ་ལས་ཁག་པོ་ཆགས་ཡོད་སྟབས། ང་ཚོས་མ་འོངས་པར་འོས་གཞི་དང་འོས་འཕེན་པས་འོས་བསྡུའི་སྒྲིག་གཞི་དང་འགལ་བའི་གནས་ཚུལ་རིགས་ཤེས་རྟོགས་འབྱུང་ཚེ། དེ་མ་ཐག་ཞིབ་འཇུག་བྱས་ནས་ཐག་གཅོད་བྱ་རྒྱུ་ཡིན། གལ་སྲིད་མ་འོངས་པར་འོས་གཞིའི་སྐྱེ་བོ་དང་འོས་འཕེན་པས་མི་གཞན་ལ་བརྒྱུད་སྐུལ་བྱས་ཏེ་འོས་ཤོག་འཕེན་འཇུག་པ་དང་མི་འཇུག་པ་སོགས་བྱས་ཚེ། དོ་བདག་འོས་འཕེན་པར་འོས་ཤོག་གང་ཡང་མེད་སྟབས་བརྩི་མེད་གཏོང་རྒྱུ་མེད་པར་བརྟེན། ལོ་བཅུའི་རིང་འོས་འཕེན་གྱི་ཐོབ་ཐང་འཕྲོག་རྒྱུ་དང་། འོས་གཞིའི་སྐྱེ་བོ་དེའི་འོས་ཤོག་ཆ་ཚང་རྩིས་མེད་གཏོང་རྒྱུ་ཡིན།

དྲི་བ། དབུས་འོས་བསྡུ་ལས་ཁང་ངོས་ནས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མི་དང་ཁོ་ཚོའི་ཕྱོགས་གཏོགས་པས་འོས་བསྡུའི་ཁྱབ་བསྒྲགས་བྱེད་སྐབས། འོས་མི་གཞན་ལ་གཞི་མེད་སྐྱོན་འཛུགས་དང་ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར། སྤྱི་ཚོགས་དབར་འཁྲུག་རྐྱེན་སློང་གཞིའི་བྱ་སྤྱོད་སྤེལ་མཁན་རིགས་བྱུང་ཡོད་མེད་གང་འདྲ་བྱས་ནས་རྟོག་ཞིབ་གནང་འཆར་ཡོད། 

ལན། གལ་སྲིད་ས་ཆ་ཞིག་ལ་འོས་གཞི་བྱེ་བྲག་པ་ཁོ་རང་གིས་སྐད་ཆ་ཤོད་སྟངས་འདི་འདྲ་ཞིག་བཤད་པ་དང་ཚིག་བེད་སྤྱོད་བྱེད་སྐབས་ཐལ་ཆ་ཆེན་པོ་བྱུང་སྟེ། ཆོལ་ཁ་དང་ཆོས་བརྒྱུད། སྤྱི་ཚོགས་བཅས་ལ་བརྡབ་གསིག་བཏང་བ་མ་ཟད། དེའི་ཤུགས་རྐྱེན་དབང་གིས་ས་ཆ་གཞན་ཞིག་ལའང་གཅིག་མཚུངས་དོ་ཕོག་དངོས་སུ་ཕྱིན་ཡོད་ན། འོས་བསྡུ་ལས་ཁང་གི་སྒྲིག་གཞིའི་ནང་གསལ་ལྟར་ཉེས་ཆད་འགེལ་རྒྱུ་ཡིན། གལ་སྲིད་འཁོན་འབྲས་ར་མ་འཕྲོད་པའམ་མ་བྱུང་བ་ཡིན་ན། འོས་བསྡུའི་སྐབས་གནས་ཚུལ་ཙག་ཙིག་ལྷག་པ་དེ་ཚོར་རྟོག་ཞིབ་བྱེད་ཀྱི་ཡོད་པ་མ་རེད། གང་ཡིན་ཟེར་ན། ང་ཚོའི་སྤྱི་ཚོགས་འདི་མིས་བཟོས་པ་ཞིག་ཡིན་སྟབས། སྐབས་རེར་འོས་བསྡུའི་སྐབས་ཚིག་མཐོ་དམན་དང་གནས་ཚུལ་ཆུང་ཙག་རིགས་ལྷག་སྲིད་པ་ཞིག་རེད།

དྲི་བ། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་དེ་ཕྱི་ཟླ་ ༡༠ ཚེས་ ༡༨ ཉིན་གནང་གཏན་ཁེལ་ཡོད་སྟབས། སྐབས་དེར་བོད་མི་མང་ཆེ་བ་བལ་གོས་ཚོང་སར་ཡོད་པར་བརྟེན། འོས་བསྡུ་ལས་ཁང་གིས་འཆར་གཞི་གསར་པ་དེ་འདྲ་ག་རེ་ལག་བསྟར་བྱ་རྩིས་ཡོད།

ལན། དེའི་ཐོག་ལ་མང་ཚོགས་ཀྱིས་དགོངས་འཆར་ཞེ་དྲགས་ཡོད་པ་རེད། ད་ལྟ་ང་ཚོས་འབད་བརྩོན་བྱ་རྒྱུ་དེ་ག་རེ་རེད་ཟེར་ན། ཟླ་འདིའི་ཚེས་ ༡༥ དང་ ༡༦ གང་རུང་ཞིག་ལ་ལུ་དྷེ་ཡཱ་ཎཱར་བལ་གོས་ཚོང་མཁན་གྱི་བོད་པའི་ཁྲོམ་ས་ཁག་གི་མགོ་ཁྲིད་ཚོ་འཛོམས་ནས་ཚོགས་འདུ་ཞིག་བསྐོང་གི་ཡོད་སྟབས། ང་ཚོས་འོས་བསྡུ་ལས་ཁང་གི་དྲུང་འཕར་དང་ཕྱག་རོགས་བཏང་སྟེ། ས་གནས་སོ་སོའི་འོས་བསྡུའི་འགན་འཛིན་ལས་རོགས་ཤིག་བསྐོ་བཞག་བྱས་ཏེ་འོས་ལྡུག་ཐུབ་པའི་མཐུན་རྐྱེན་སྦྱོར་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད། ཁོང་རྣམ་པས་ང་ཚོས་འབད་བརྩོན་ཞུས་པ་ལྟར་ངོས་ལེན་གནང་བ་ཡིན་ན། བལ་གོས་ཚོང་མཁན་ཆེ་ཁག་ལ་འོས་ཤོག་འཕེན་ཐུབ་པའི་མཐུན་རྐྱེན་ཆ་ཚང་སྦྱོར་ཐུབ་པ་བྱ་རྒྱུ་ཡིན། 

དྲི་བ། གཞུང་འབྲེལ་ངོས་ལེན་ཡོད་པའི་ཚོགས་པ་ཁག་ཕུད་པའི་སྤྱི་སྒེར་གྱིས་སྲིད་སྐྱོང་དང་སྤྱི་འཐུས་འོས་གཞིའི་སྐྱེ་བོ་དེར་ཡིག་ཐོག་ཆོག་མཆན་མ་ཞུས་པར། འོས་གཞིའི་སྐྱེ་བོ་དེའི་རྒྱབ་སྐྱོར་ཡིན་ཁུལ་བྱས་ནས་འོས་གཞི་བྱེ་བྲག་པར་གནོད་སྐྱེལ་ཆེད་ས་གནས་ཁག་ཏུ་རྒྱབ་གཉེར་གསལ་བསྒྲགས་དང་འགྲོ་སོང་གཏང་ཚེ། འོས་མིར་ཉེས་པ་གང་འདྲ་བྱས་ནས་གཏོང་གི་ཡིན། 

ལན། འོས་མིར་ཉེས་པ་གང་ཡང་ཕོག་གི་མ་རེད། གང་ཡིན་ཟེར་ན། ད་ལྟ་ང་ཚོས་ཁོ་རང་གིས་ཆོག་མཆན་སུ་ལ་སྤྲད་ཡོད་མེད་ཀྱི་གནས་ཚུལ་ཆ་ཚང་ཞིག་མཁོ་སྒྲུབ་བྱེད་ཐུབ་ཀྱི་མེད་པ་མ་ཟད། ཕྱོགས་གཞན་ཞིག་ནས་ང་ཚོ་ཚང་མ་ལས་བསྐོས་བྱས་ནས་འོས་བསྡུའི་ལམ་སྟོན་བྱེད་བར་ཕྱོགས་བསྐྱོད་བྱེད་དགོས་སྟབས། ང་ཚོས་འོས་གཞིར་བཞེངས་མཁན་ཁོང་རྣམ་པར་ཁྱེད་རང་ཚོས་མི་སུར་ཆོག་མཆན་སྤྲད་ཡོད་མེད་བཀའ་འདྲི་ཞུ་དགོས་པ་ཞིག་ཆགས་ཡོད། ཁོང་རྣམ་པས་ང་ཚོར་ཁོ་ཚོར་བཀའ་འདྲི་ཞུས་ནས་ཆོག་མཆན་སྤྲད་པའི་མི་སྒེར་གྱི་ཐོ་གཞུང་སྤྲད་པ་དག་མིན་པ་ཚོས་ཁོ་ཚོའི་ཆོག་མཆན་མེད་པར་དེ་འདྲས་བྱས་པ་ཡིན་ན། ང་ཚོའི་ལམ་སྟོན་ནང་འཁོད་པ་ལྟར་གྱི་འགལ་འཛོལ་བྱེད་མཁན་གྱི་དོ་བདག་ཁོ་རང་ལ་ཉེས་པ་ཕོག་རྒྱུ་ལས་འོས་གཞིའི་སྐྱེ་བོར་ཉེས་པ་གང་ཡང་ཕོག་གི་མ་རེད།  

དྲི་བ། འོས་ལྡུག་སྐབས་འོས་འཕེན་པར་དངོས་ཤུགས་བརྒྱུད་གསུམ་ནས་སྐུལ་སློང་ཤོག་རྫར་རིགས་འགྲེམས་སྤེལ་བྱེད་མཁན་བྱུང་ཡོད་མེད་སུས་རྟོག་ཞིབ་བྱེད་ཀྱི་རེད།

ལན། ང་ཚོའི་ལམ་སྟོན་ནང་ལ་འོས་ལྡུག་སྐབས་ཤོག་རྫར་རིགས་འགྲེམས་སྤེལ་བྱེད་མི་ཆོག་ཅེས་བཀོད་ཡོད་སྟབས། དེར་ས་གནས་འོས་བསྡུའི་ཚོགས་མི་རྣམ་པ་ཚོས་ཐུགས་སྣང་གནང་དགོས་པ་མ་ཟད། འོས་ལྡུག་སའི་ཁོར་ཡུག་ཁག་ནང་གནས་ཚུལ་དེ་རིགས་གཅིག་ཀྱང་མ་ལྷག་པ་བྱེད་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཙམ་ལས་ང་ཚོར་བྱ་ཐབས་གང་ཡང་ཡོད་པ་མ་རེད། གལ་སྲིད་འོས་གཞིའི་སྐྱེ་བོ་དེས་གནས་ཚུལ་དེ་རིགས་བྱས་ཡོད་པ་ར་འཕྲོད་བྱུང་ཚེ། ས་ཁུལ་དེའི་འོས་ཤོག་ཆ་ཚང་རྩིས་མེད་གཏོང་རྒྱུ་དང་། དོ་བདག་སྒེར་གྱིས་བྱས་ན་ལོ་ལྔ་རིང་གཞུང་འབྲེལ་འོས་བསྡུའི་ཐོབ་ཐང་འཕྲོག་རྒྱུ་ཆགས་ཡོད། 

དྲི་བ། འོས་བསྡུའི་སྒྲིག་གཞིའི་ནང་འོས་གཞི་སུ་ཐད་ནས་འོས་བསྡུའི་ལས་དོན་སྐོར་ཞེས་འཁོད་འདུག་པ་འདིར་མི་འདྲ་བས་གོ་བ་འདྲ་མི་འདྲ་ལེན་གྱི་འདུག་པས་འགྲེལ་བཤད་ཅིག་གནང་རོགས། 

ལན། འོས་བསྡུའི་སྒྲིག་གཞིའི་ནང་འོས་གཞི་སུ་ཐད་ནས་འོས་བསྡུའི་ལས་དོན་སྐོར་ཞེས་བཀོད་དུས། འདིས་ག་རེ་ལབ་ཀྱི་ཡོད་རེད་ཟེར་ན། ང་ཚོས་འོས་བསྡུའི་ལས་དོན་ཆ་ཚང་ཡིན་པར་འགྲེལ་བཤད་ཞུ་གི་ཡོད་པ་མ་རེད། ང་ཚོས་འོས་བསྡུའི་ལས་དོན་ཞེས་པ་འདི་དབུས་དང་ས་གནས་ཀྱི་འོས་བསྡུའི་ལས་དོན་བྱེད་ཕྱོགས་སྐོར་ལ་དྲང་བདེན་མིན་པའི་གསལ་བསྒྲགས་དང་ཡིག་ཆ་འགྲེམས་སྤེལ་བྱས་པ་འདི་རྗོད་ཀྱི་ཡོད་པ་ར་འཕྲོད་དགོས་ཀྱི་ཡོད་པ་རེད། གང་ཡིན་ཟེར་ན། བཙན་བྱོལ་སྤྱི་ཚོགས་ཀྱི་འོས་བསྡུའི་བཀོད་སྡོམ་བྱེད་མཁན་དེ་དབུས་འོས་བསྡུ་ལས་ཁང་དང་ས་གནས་འོས་བསྡུ་ལས་ཁང་ཆགས་ཡོད་སྟབས། འདིས་དྲང་བདེན་མ་བྱུང་བའི་སྐྱོན་གནད་དེ་འདྲ་ཆགས་ན། སྤྱི་ཡོངས་ལ་དོ་ཕོག་ཆེན་པོ་ཞིག་འགྲོ་བཞིན་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས། གལ་སྲིད་འོས་གཞིའི་སྐྱེ་བོ་དེས་དབུས་ས་གཉིས་ཀྱི་འོས་བསྡུའི་ལས་དོན་སྐོར་ལ་དྲང་བདེན་མིན་པའི་གནས་ཚུལ་བྱས་པ་ར་འཕྲོད་ན། ཁོ་རང་གི་འོས་ཤོག་རྩིས་མེད་གཏོང་གི་ཡིན་ལབ་ཀྱི་ཡོད་པ་རེད། ད་ལྟ་མི་མང་པོ་ཞིག་གིས་འདིར་འཁྲུག་སྣང་བྱུང་ནས་འོས་གཞིའི་སྐྱེ་བོ་དེའི་འོས་ཤོག་རྩིས་མེད་གཏོང་གི་རེད་ཟེར་བ་སོགས་ཀྱི་འགྲེལ་ལོག་རྒྱག་མཁན་དེ་འདྲ་ཡོང་གི་ཡོད་སྟབས། ད་རེས་གོ་སྐབས་འདི་བརྒྱུད་ནས་དུས་བབ་ནང་ལ་འགྲེལ་བཤད་ཅིག་རྒྱག་ཐུབ་ན་ཡག་པོ་ཡོང་ས་རེད་བསམ་ནས་ཞུས་པ་ཡིན།  ང་ཚོས་དེ་ཚོའི་ཐོག་ལ་འགན་འཛིན་ལས་འཕར་གཉིས་སྐོར་བསྐྱོད་ནས་ཚུར་འཁོར་རྗེས།གསར་འགོད་ལྷན་ཚོགས་ཤིག་བསྐོང་ནས་འགྲེལ་བཤད་གསལ་པོ་རྒྱག་རྒྱུ་ཡིན། 

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༡༢ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༡༤ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༡༤ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese