མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དངོས་ཡོད་ལ་འགལ་བའི་བདེན་པ།

བོད་ཀྱི་དུས་བབ།
༢༠༡༥/༠༨/༠༩
Share on FacebookShare on TwitterShare on EmailShare on Whatsapp

—མི་ནག་ཚང་།

 ཁོང་ཚོ་ནི་ཡུལ་གྱར་བོད་མི་ལམ་ལས་པ་དག་གི་གུར་ནང་ངམ་ཁ་འཐོར་གྱི་གཞིས་སྒར་ཁག་ནས་སྐྱེས་ཤིང་། བཙན་བྱོལ་གྱི་ལོ་ཟླ་མགོ་བཙུགས་དུས་དུག་ལོག་ཧྲལ་ཧྲུལ་རེ་གཡོགས་ཏེ་ཕ་མ་ཚོས་ལག་མགོར་ཁྲིད་ནས་འཚར་ལོངས་བྱུང་ལ། དེ་རིང་ཁོང་ཚོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་སྣེ་བ་དག་རེད།

 བོད་ཀྱི་བདག་པོ་བོད་མི་ཡིན་ལ། བཙན་བྱོལ་བོད་ཀྱི་བདག་པོ་ནི་ལྷག་པར་དུ་ཁོང་ཚོ་ཡིན་ཆོག ཁོང་ཚོ་ཆུང་དུས་བཙན་བྱོལ་གྱི་སློབ་གྲྭ་ཁག་འགྲིམ་སྐབས་ཕ་མ་དག་གི་ཁ་བརྡ་སློབ་གསོ་ལྟར། སློབ་མཐར་ཕྱིན་རྗེས་༧རྒྱལ་བ་རིན་པོ་ཆེ་ཚང་དང་བཙན་བྱོལ་བོད་གཞུང་ལ་ཞབས་ཞུ་བསྒྲུབ་རྒྱུའི་རེ་བ་ཉག་གཅིག་འཛིན་མཁན་དག་ཡིན་ལ། ད་ལྟའང་དེ་ལྟར་རང་རང་གི་ཤེས་འཇོན་ལ་དཔག་པའི་ཞབས་ཞུ་སྒྲུབ་བཞིན་ཡོད།

དེ་རིང་སང་ཉིན་གྱི་འོས་བསྡུའི་འགྲན་རྩོད་ཀྱང་གོང་གི་རྒྱབ་ལྗོངས་གཞིར་བཞག་གིས་གླེང་ན། རང་རང་གི་ཆུང་དུས་ཀྱི་ཕུགས་བསམ་དང་རེ་བ་དག་འགན་ཁུར་གྱི་ངོ་བོར་བཞག་ཅིང་། སུ་ཞིག་གིས་འགན་དེ་དག་སྲ་ཐག་གིས་ཕྲག་ལ་ལེན་ཐུབ་མིན་ཡིན་ལ། ཕྱོགས་གཞན་ནས་བཤད་ན། མི་རང་རང་གི་ཁ་རྗེ་དབང་ཐང་གི་འགྲན་རྩོད་དང་བཙན་བྱོལ བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སུས་བྱེད་དགོས་མིན་གྱི་འགྲན་རྩོད་ཙམ་ལས་གཞན་མིན།

ངས་འདིར་གླེང་བཞིན་པ་ནི་ཁོང་ཚོ་སྟེ། ད་ལྟའི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་དང་། ཚོགས་གཙོ་སྤེན་པ་ཚེ་རིང་ལགས། བཀྲ་ཤིས་དབང་འདུས་ལགས་བཅས་ཡིན། ཁོང་ཚོར་དཀར་ནག་གི་དབྱེ་ཐིག་དང་བཟང་ངན་གྱི་ཡང་ལྗིད་དགར་རྒྱུ་ཁག་པོ་ཡིན། ཁོང་ཚོ་ཚང་མ་ལམ་དབུ་མའི་སྟེང་ལ་ཤར་སྐྱོད་བྱེད་མཁན་རེད། དེ་བས་ཆབ་སྲིད་ཀྱི་ལངས་ཕྱོགས་ཐད་ནས་ཁོང་ཚོར་རྩོད་པ་ཅི་ཡང་མེད། ཁོང་ཚོས་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ཀྱི་ཕྱོགས་ལའང་ལྟ་ཚུལ་དང་སྲིད་བྱུས་གཅིག་མཚུངས་ཤིག་བཟུང་ཡོད། དེ་བཞིན་དུ་ནང་སྲིད་དང་ཕྱི་སྲིད་སོགས་ཀྱང་སྔར་གྱི་སྲིད་བྱུས་དེ་དག་ལས་སྔར་མ་གྲགས་པའི་འགྱུར་བ་ཅི་ཡང་མི་གླེང་ཚོད་ཡིན།

ཁོང་ཚོར་ལྟ་བ་ལངས་ཕྱོགས་མི་གཅིག་པའི་སྲིད་དོན་ཚོགས་པ་མེད་ལ། ནུབ་ཕྱོགས་ཀྱི་འོས་བསྡུ་ལྟར་ཁེ་ལས་སྡེ་ཚན་དང་མཉམ་འབྲེལ་ཚོང་ལས་ཆེ་ཁག་གིས་དངུལ་བརྫང་ནས་འོས་བསྡུ་ཆེན་མོ་འདི་དང་དེའི་ནང་གི་དམིགས་བཀར་འོས་མི་ཉོ་མཁན་ཡང་མེད། དེར་བརྟེན་ཆོལ་ཁ་དང་ཆོས་བརྒྱུད། ལུང་ཚན་དང་བཟང་ཁ་མཐུན་ཕྱོགས་ཀྱི་ཁ་ཤུགས་དང་དཔུང་ཤུགས་ཆེ་ཆུང་གི་དབང་དུ་གྱུར་ན་མ་གཏོགས་ཁོང་ཚོར་འོས་ཤོག་གི་རྩོད་ཁུངས་ཀྱང་མེད།

ཁོང་ཚོ་ནི་ཅི་བཤད་འདི་བཤད་ལ་གཏད་སོ་མེད་པའི་སྐབས་ཤིག་ན་ཡོད། བོད་རྒྱ་ཞི་མོལ་བསྐྱར་གསོ་དང་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་སོགས་ཕུ་ཐག་གཏན་ནས་མི་ཆོད་པའི་རིགས་གླེང་ངེས། དེ་ནི་ཁོང་ཚོའི་ངོས་ནས་བཤད་ན་རེ་བ་ཤ་སྟག་ཡིན། ཁ་རྒྱུན་དུ་འཇགས་པའི་འབོད་ཚིག་ཏུ་གྱུར་ཡོད། གོང་གི་ཁས་ལེན་འདིའི་ཐད་དུ་ཁོང་ཚོར་ནུས་པ་ཧ་ཅང་ཆུང་ལ། ཁོང་ཚོ་རྒྱ་ནག་གི་དཔོན་རིགས་ཚོར་འབྲེལ་བ་མེད་པ་མ་ཟད། བོད་ནང་གི་དཔོན་རིགས་དང་ཤེས་ཡོན་པའི་སྡེ། གཞི་རིམ་མང་ཚོགས་བཅས་ལ་འབྲེལ་བ་མེད་ཅིང་། རྒྱལ་སྤྱིའི་དཔོན་རིགས་རྣམས་ལའང་འབྲེལ་བ་མེད། དེ་བས་གོང་གི་ཁ་དན་དེ་དག་ལ་ཁག་ཐེག་ཅི་ཡང་མེད། འོན་ཀྱང་། འདི་དག་མ་གླེང་བར་འཇོག་སྲོལ་ཀྱང་མེད་པ་ལྟ་བུར་གྱུར་ཡོད།

བོད་ཐོག་མར་ཤོར་ཞིང་། དེ་ནས་ད་བར་དུ་ཕྱིར་མི་འཐོབ་པའི་རྒྱུ་རྐྱེན་སྣ་མང་ནང་གི་གཙོ་བོ་ཞིག་ནི་ཕྱི་འབྲེལ་ཡིན། འདིའི་ཐད་ནས་གླེང་ན། ཁོང་ཚོ་སྐྱེས་དུས། བོད་ནི་༼གྲང་དམག་ཁྲོད་ཀྱི་དྭ་ཕྲུག་༽ཡིན་ལ། དེང་སྐབས་གོ་ལ་གཅིག་གྱུར་དང་གོ་ལའི་ཚ་དྲོད་ཀྱི་རྩོད་གླེང་ཁྲོད་དུའང་ཁོང་ཚོ་སྔར་བཞིན་བདག་མེད་དུ་ལུས་ཡོད། ལོ་ཤས་སྔོན་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་༧གོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་མ་བཞེས་ན་ཁོང་ཉིད་ཀྱང་གངས་སྐྱིད་ཀྱི་ར་བ་འདིའི་ནང་དུ་འདུག་འདོད་མེད་ཅེས་བསྒྲགས་པ་ལྟར། ༧གོང་ས་མཆོག་གི་དབུ་ཁྲིད་མེད་ན་འདི་དག་ལ་ཅི་ཡང་མེད། ཆབ་སྲིད་ཀྱི་འཐབ་བྱུས་མེད་ལ་བརྒྱུད་ལམ་ཀྱང་མེད།

༢༠༠༡ ལོའི་ཕྱི་ཟླ་ ༡༠ པའི་ཚེས་ ༡༤ ཉིན་༧གོང་ས་མཆོག་གིས་སི་ཊ་སི་སྦག་གི་ཡུ་རོབ་གྲོས་ཚོགས་ནང་གསུང་བཤད་གལ་ཆེན་ཞིག་གནང་ཞིང་། དེ་ནི་ཁོང་གིས་བོད་མིའི་སྲིད་ཕྱོགས་ཀྱི་ཐུགས་འགན་དེ་བོད་མི་རྣམས་ཀྱིས་ཐད་ཀར་འོས་འདེམ་བྱས་པའི་སྲིད་སྐྱོང་ལ་ཡོངས་སུ་རྩིས་སྤྲོད་མ་བྱས་སྔོན་གྱི་གསུང་བཤད་ཤུགས་ཆེ་ཤོས་མཐའ་མ་དེ་ཡིན། ཁོང་གི་གསུང་བཤད་དེར་རྒྱབ་སྐྱོར་གྱི་ཚུལ་དུ་ཡུ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་ཐད་༧གོང་ས་མཆོག་གི་སྐུ་ཚབ་དང་མཉམ་དུ་ཁ་ཞེ་གཉིས་མེད་ཀྱི་གྲོས་མོལ་མགོ་འཛུགས་བྱེད་དགོས་ལ། གྲོས་མོལ་དེ་ཡང་ ༢༠༠༣ ལོའི་ཕྱི་ཟླ་ ༧ པའི་ཚེས་ ༦ སྟེ། ཁོང་གི་འཁྲུངས་སྐར་ཐེངས་ ༦༨ པའི་སྔོན་ལ་མགོ་འཛུགས་དགོས་པའི་དུས་བཅད་བཟོས་ཤིང་། དུས་བཅད་དེའི་ནང་ཞི་མོལ་མགོ་འཛུགས་མ་བྱས་ཚེ་ཡུ་རོབ་མཐུན་ཚོགས་ཀྱི་བོད་དོན་དམིགས་བསལ་སྐུ་ཚབ་ཅིག་བསྐོ་འཇོག་བྱས་ཏེ། བོད་ཀྱི་གནད་དོན་ལ་ལྟ་རྟོག་ནན་མོ་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད། དེ་ལྟར་ལོ་དེའི་དཔྱིད་མགོ་ཙམ་ནས་རྒྱ་ནག་གཞུང་གིས་ཡུ་རོབ་གྲོས་ཚོགས་ཀྱི་གནོན་ཤུགས་དེར་གཡོལ་ཐབས་སུ་བོད་རྒྱ་འབྲེལ་མོལ་མགོ་འཛུགས་བྱས་ཡོད།

ལོ་ཤས་རྗེས་ནས་འབྲེལ་མོལ་དེའང་རྩ་ཆད་དུ་གྱུར། ད་ལོ་༧གོང་ས་མཆོག་དགུང་ལོ་ ༨༠ ལ་ཕེབས། ཁོང་གི་སྐུའི་གྱ་སྟོན་སྐབས་རྒྱལ་སྤྱིའི་མི་སྣ་གལ་ཆེན་མང་པོས་འཚམས་འདྲི་དང་༼ཁྱེད་ཀྱི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ་༽ཞེས་ཁ་གཡང་མང་དུ་བསྒྲགས་ཡོད་ཀྱང་། བོད་རྒྱ་ཞི་མོལ་དང་ཁོང་བོད་ལ་གདན་ཞུའི་སྐོར་ནས་རྒྱ་གཞུང་ལ་དུས་ཚོད་རྒྱས་བཅད་ཀྱི་གནོན་ཤུགས་དང་གྲོས་མགོ་འདོན་མཁན་སུ་ཡང་མ་བྱུང་། བོད་མིའི་ཕྱོགས་ནས་ཀྱང་འདི་ལྟ་བུར་ཇུས་དང་ནུས་པ་འདོན་མཁན་མ་བྱུང་ལ། མ་འོངས་པར་ཡང་དཀའ་ཚོད་དུ་སྣང་། སྲིད་སྐྱོང་གི་འོས་མི་ཚོའི་ཁས་ལེན་ལ་ཁག་ཐེག་མེད་པའི་རྒྱུ་མཚན་ཡང་འདི་ལྟར་ཡིན།

སྐབས་འདིར་གནས་ཚུལ་གཞན་ཞིག་ནི་ཁེ་ཉེན་གང་ཡིན་བཤད་མི་ཤེས་པར་བྱུང་། སྲིད་སྐྱོང་གི་འོས་མིའི་ཁོངས་སུ་གཞིས་ནས་ཕེབས་མཁན་ཆབ་སྲིད་བཙོན་ཟུར་ཨ་ཚོགས་ཀླུ་མཁར་བྱམས་ལགས་ཡོད། ཁོང་གི་ཁ་ལས་རླུང་རྟ་ནི་ལམ་དབུ་མར་མ་ཞུགས་པའི་རྐྱེན་གྱིས་རྒུད་རུང་། ཁོང་གི་ཆབ་སྲིད་ཀྱི་ལྟ་བ་ནི་མུ་མཐུད་ནས་བོད་རང་བཙན་རྩོད་རྒྱུ་དེ་རེད། ཁོང་ལ་འོས་ཐོབ་པ་ཙམ་གྱིས་གངས་ཅན་སྐྱིད་གཤོངས་ནས་དངོས་སུ་བོད་རང་བཙན་རྩོད་མགོ་བརྩམས་པ་མིན་ཡང་། བོད་རང་བཙན་འཐབ་རྩོད་ཀྱི་ལྟ་བ་བསྐྱར་གསོ་བྱས་པ་ཡིན།

བཙན་བྱོལ་གྱི་མི་འབོར་ནི་རྒན་པ་ནས་གཞོན་པའི་ཕྱོགས་སུ་འཕོ་བཞིན་པ་ལྟར། འོས་འཕེན་མཁན་གྱི་མི་རབས་ཀྱང་དེ་ལྟར་ཡིན་ལ། གཞོན་པ་ཚོ་ནི་གསར་སྐྱེས་ཀྱི་བློ་ངར་དང་ལར་ཞེན་གྱིས་ཁ་ལོ་སྒྱུར་གྱིན་ཡོད། ཁོང་ཚོར་རང་བཙན་དགོས། བོད་རང་བཙན་རྩོད་མཁན་ན་གཞོན་གྱི་སྒྲིག་འཛུགས་ཆེ་ཤོས་ནི་གཞོན་ནུའི་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཡིན། གཞོན་ལྷན་ལ་རྒྱལ་ཁབ་ ༡༠ ཡི་ནང་དུ་ས་གནས་ཡན་ལག་ཚོགས་པ་ ༨༧ དང་ཚོགས་མི་ ༣༠༠༠༠ ཡོད་ལ། བོད་རང་བཙན་སློབ་ཕྲུག་ཚོགས་པར་རྒྱལ་ཁབ་ ༣༠ ལྷག་གི་ནང་དུ་ཡན་ལག་ཚོགས་པ་ ༦༥༠ ལྷག་ཡོད།

ཚོགས་མིའི་འཕེལ་འགྲིབ་ལ་ངེས་གཏན་མེད་ཀྱང་། བོད་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་བོད་རིགས་གཞོན་སྐྱེས་ཇེ་མང་ཡིན་སྟབས། ན་གཞོན་འདི་དག་གིས་རང་རང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་གཞིར་བཟུང་གིས་འོས་བསྡུའི་ནང་ཞུགས་ཚེ་དབུ་མའི་ལམ་ལས་ཀྱང་བོད་རང་བཙན་རྩོད་མཁན་ལ་འོས་འཕེན་མཁན་མང་སྲིད། དེའི་མཇུག་འབྲས་ནི་སྐྱི་གཡའ་བའམ་བློ་ཡུལ་ལ་ཤོངས་དཀའ་ཚོད་ཡིན། དཔེར་ན། རྡོ་དང་དབྱུག་པ། གྲི་དང་མཆིལ་མ་སོགས་མིག་ལམ་ལ་མི་འཆར་བ་ཅི་ཡང་མེད་ལ། བོད་རང་བཙན་རྩ་བ་ཉིད་ནས་རྩོད་རྒྱུ་མིན་ཅེས་གངས་ཅན་སྐྱིད་གཤོངས་ཀྱི་སྒོ་འགྲམ་ནས་ཉལ་མཁན་ཡང་ཡོང་སྲིད།

དེར་བརྟེན་ཐེངས་འདིའི་འོས་བསྡུ་ལ་གློ་བུར་གྱི་འུར་ཟིང་ཞིག་ཡོང་གིན་ཡོད། ང་ཚོས་ཚོད་དཔག་བྱེད་ཐུབ་པ་ལྟར། གནས་ཚུལ་འདི་ལྟ་བུ་ཞིག་མི་ལྷག་པའི་ཆེད་དུ། བོད་རང་བཙན་རྩོད་མཁན་གྱི་འོས་མི་དེ་ཐེངས་འདིའི་འོས་བསྡུའི་ཁྲོད་ནས་ཕམ་པར་གཏོང་རྒྱུའི་གྲབ་ཤོམ་རྫོར་པོ་ཞིག་མི་འགྱངས་པར་མགོ་འཛུགས་ངེས་ཡིན།

གནས་ཚུལ་ཅི་ལྷག་ཀྱང་། ལོ་ ༢༠ སྔོན་ལ་བཙན་བྱོལ་དུ་མང་མོས་འོས་བསྡུ་བྱེད་མ་དགོས་པར་གཞིས་བྱེས་བོད་མི་ཡོངས་ཀྱིས་དབུ་མའི་ལམ་བདམས་པར་བཤད་ལ། ཐེངས་འདིའི་སྲིད་སྐྱོང་གི་འོས་བསྡུ་ནི་མ་མཐར་ཡང་བཙན་བྱོལ་བོད་མི་རྣམས་ཀྱིས་འབྱུང་འགྱུར་གྱི་ཆབ་སྲིད་འཐབ་རྩོད་ཀྱི་ཁ་ཕྱོགས་དང་བོད་ཀྱི་མ་འོངས་པའི་ཆབ་སྲིད་གནས་བབ་ཐད་ལ་མང་མོས་འོས་བསྡུ་བྱས་པ་ཞིག་ཡིན།

དེ་ལྟར་དུ་ལགས་ན། མི་སྒེར་སོ་སོའི་མི་གཞི་དང་ཕུགས་བསམ། དེ་བཞིན་དམངས་གཙོའི་ཁེ་དབང་ལ་རྩ་འཛིན་དང་བརྩི་འཇོག་བྱས་ཏེ། ཐེངས་འདིའི་འོས་བསྡུའི་སྐབས་གཞོན་ལྷན་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ། དེ་མིན་ཚོགས་ཁོངས་གང་དུའང་མི་གཏོགས་ཀྱང་ནམ་རྒྱུན་བོད་རང་བཙན་བཤད་སྡད་མཁན་དག་གིས་ཨ་ཚོགས་ཀླུ་མཁར་བྱམས་ལགས་ལ་འོས་ཤོག་འཕེན་འོས་ལ། གལ་སྲིད་ཁོང་འོས་མིར་ངོས་ལེན་མེད་ཚེ། མ་མཐར་ཡང་། དབུ་མའི་ལམ་རྩ་འཛིན་བྱེད་མཁན་ཞིག་ལ་འོས་ཤོག་འཕེན་མི་འོས། ཅིའི་ཕྱིར་ཞེ་ན། ཁ་བཤད་དང་ལག་ལེན་ཐོ་མི་ཐུག་པ་ནི་གནས་སྟངས་གང་དུའང་ཕོངས་གཞི་ལས་ཅང་མིན།

དབུ་མའི་ལམ་རྩ་འཛིན་བྱེད་མཁན་དག་གིས་ཀྱང་བོད་རང་བཙན་རྩོད་པ་ནི་དངོས་ཡོད་ལ་མི་འཚམ་པ་དང་། དེའི་བརྡབ་གསིག་ནི་བོད་རང་བཙན་ཤོར་བ་ལས་ཀྱང་འཁུར་དཀའ་བའི་རྣམ་འགྱུར་དང་བཅས་བོད་རང་བཙན་རྩོད་མཁན་དག་ལ་ཁ་དམོད་འཕངས་ནས་འདུག་པ་ལས་སོ་སོའི་འོས་ཁ་འཐོར་དུ་མི་གཏོང་བར་ལམ་དབུ་མ་བའི་འོས་མི་གཅིག་ལ་འོས་ཤོག་སྤུང་གསོག་བྱ་རྒྱུ་ནི་གནད་ཡིན།

 

འབྲེལ་ཡོད་གསར་འགྱུར།

བོད་དོན་ལས་འགུལ་འཇམ་དབྱངས་བསྟན་འཛིན་ལགས་དྷ་མ་ས་ལ་འབྱོར། ༢༠༢༥།༠༥།༢༥ དུས་བབ་ཀྱི་པར།
Mobile App

རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་བོད་དོན་དྲིལ་བསྒྲགས་གནང་བཞིན་འདུག

ཆུ་ཚོད་ ༥ སྔོན་ལ།
Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

༢༠༢༥/༠༥/༢༣
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

༢༠༢༥/༠༥/༢༣
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

༢༠༢༥/༠༥/༢༣
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢

མཆན། 10

  1. བོད་ཀྱི་བུ། says:
    ལོ་ 10 སྔོན།

    མི་ནག་ཚང་ལགས། བོད་ཀྱི་གྲྭ་བ་གྲྭ་ལོག་ཚོའི་སྨྱོན་བཤད་ལ་ཉན་དགོས་མེད། རྩོམ་ཡིག་འདི་ཧ་ཅང་ཡག་པོ་རེད།

    Reply
  2. དྲང་སྲོང་། says:
    ལོ་ 10 སྔོན།

    གོང་གི་མི་ནག་ཚང་རྩོམ་ཡིག་བཀླགས་ཡིན་མོད། འོན་ཀྱང་དམིགས་བསལ་གྱི་བོད་དོན་ལ་ཕན་པའི་ཚིག་ཅང་མཐོང་མ་བྱུང་། རྒྱུན་བཤད་དེ་ཚོ་བསྐྱར་བསྡེབས་ཙམ་རེད། སྤྱིར་དམངས་གཙོ་སྤྱི་ཚོགས་ནང་ལྟ་བ་དང་ལོངས་ཕྱོགས་མ་འདྲ་བ་ཡོང་བ་ཆོས་ཉིད་རེད་ལ། ཡོང་དགོས་ངེས་ཤིག་ཀྱང་རེད། འོན་ཀྱང་མང་པོ་ཞིག་གིས་ལམ་དབུ་མར་རྒྱབ་སྐྱོར་བྱས་ན་༧གོང་ས་མཆོག་ལ་རྒྱབ་སྐྱོར་བྱས་དང་། དད་དམ་ཁོ་ནའི་དབང་དུ་ཕྱིན་པའི་ཤོད་ཚུལ་འདི་སྐད་ཆ་ཡང་དག་ཡིན་མིན་མནོ་བསམ་ཐོངས་རོགས། བོད་ཕོངས་པ་འདི་དབུ་མའི་ལམ་དང་༧གོང་ས་མཆོག་ལ་ཐུག་འདུག་རབས་བཤད་ཚུལ་འདིས་སེམས་པ་སྐྱོ་སོང་། ཁོང་དགུང་ལོ་བརྒྱད་བཅུ་ལ་ཐུག་རག་བར་ཁ་ཞེ་གཉིས་མེད་ཀྱིས་བོད་དོན་ལ་སྐུ་ལས་བསྐྱོན་ནའང་། ད་དུང་ནག་འདེད་བྱེད་ཀི དེང་རབས་ཀྱི་བསམ་བློ་ཡིན་བསམས་ཡོད་ན་ཐང་མོད། ངས་ནི་དེང་རབས་སམ་དམངས་གཙོའི་བསམ་བློའི་ཆད་མཐར་ལྷུང་ཡོད་པར་བསམས་ཡོད། སེམས་ཤེས་མཁན་ཞིག་དང་དཔྱོད་ཤེས་མཁན་ཞིག་ཡིན་ན་དགྲ་དགའ་གཉེན་འདུལ་གྱི་བྱ་བར་ཞུགས་རྒྱུ་མ་རེད་སྙམ། གཞུང་སྒེར་ཚོགས་སྐྱིད་ཚང་མ་འཛམ་གླིང་ས་ཕྱོགས་གང་སར་མགོ་བོ་མཐོ་མཐོ་བྱེད་བཞིན་པ་འདིའང་ཁོང་གི་ཐུགས་རྗེ་ཐབས་མཁས་ལས་བྱུང་བ་མ་བརྗེད།

    Reply
  3. མྱི་ནག་ཚང་། says:
    ལོ་ 10 སྔོན།

    འོས་མི་ཚོར་འཁོར་བའི་མི་ཁ་དང་འོས་གཞིའི་གདམ་ག ད་ནི་༼ལྐོག་ཟ་རུལ་སུངས་ཤིག་འདེམ་མམ། མི་གསོད་ལག་དམར་ཅིག་འདེམ། མགོ་བདེ་དྲན་འཕྲུལ་ཞིག་འདེམ་མམ། ཁ་ངན་ཞེ་འཁྱོག་ཅིག་༽ འདེམ།

    Reply
  4. མྱི་ནག་ཚང་། says:
    ལོ་ 10 སྔོན།

    བྲག་སྐྱེས་ལགས། དེ་ཙམ་ལས་ཅང་བཤད་མེད།

    Reply
  5. མྱི་ནག་ཚང་། says:
    ལོ་ 10 སྔོན།

    རྐང་རྗེས་ནག་པོ་ལགས། བཀའ་ལོག་གི་བུད་ཐལ། ཁོང་གིས་དམངས་གཙོ་མར་གསོལ་རས་སུ་བསྩལ་བ་བདེན་པ་རེད། ད་སྐབས་ཀྱི་འོས་བསྡུ་ཡང་རང་དབང་གི་ལོངས་སྤྱོད་རེད། ལྟ་བ་ཅི་ཡང་འཛིན་མ་ཤེས་པ་དང་སོ་སོ་ལངས་མ་ཤེས་པ་ནི་དེ་མང་ཚོགས་ཀྱི་སྐྱོན་རེད། སོ་སོར་གདེང་མེད་ན་ཅི་ཤེས་མ་གཏོགས། དབུ་མའི་ལམ་གྱི་ཕན་ནས་ཅི་ཡང་བཤད་མི་སྤོབས་པའི་གནས་སྟངས་ཤིག་མེད། དཔེར་ན། ཨ་ཚོགས་ཀླུ་མཁར་བྱམས་ལྟ་བུ་རེད།

    Reply
  6. མྱི་ནག་ཚང་། says:
    ལོ་ 10 སྔོན།

    ཨ་རིག་འགྱུར་མེད་ལགས་ཀྱིས་བཤད་པ་དེར་ཐུགས་ཁག་མེད། ཁོང་ཚོའི་ཚོགས་པའི་མིང་དབྱིན་ཡིག་ནང་དུ་རང་དབང་༼free༽ཙམ་ལས་མི་གསལ། ཡིན་ཡང་། ཁོང་ཚོའི་ལངས་ཕྱོགས་དང་ལས་ཀ ལས་ཤོག་བཅས་སུ་༼བོད་རང་བཙན་༽མངོན་གསལ་དོད་པོ་རེད།

    Reply
  7. བསོད་ཚེ། says:
    ལོ་ 10 སྔོན།

    ཨ་རིག་འགྱུར་མེད་ལགས་ཁྱོད་ཀྱི་ཆབ་སྲིད་ཀྱི་གོ་རྟོགས་སྐྱོ་དྲག་པ་མིན་འགྲོ། སློབ་ཕྲུག་ཚོགས་པ་འདི་ལ་ཐོག་མ་(བོད་རང་དབང་སློབ་ཕྲུག་ཚོགས་པ)ཟེར་བ་རེད། རྗེས་སུ་(བོད་རང་བཙན་སློབ་ཕྲུག་ཚོགས་པ)ལ་མཚན་བསྒྱུར་བཅོས་གནང་བ་རེད། མི་ནག་ཚང་གི་ཆབ་སྲིད་བསམ་བློ་དང་ཉམས་མྱོང་གཏིང་ཟབ་མོ་ཡོད་པའི་དཔྱད་ཞིབ་ལ་ཟུར་ཟའི་རྣམ་པ་བསྟན་པ་དེ་སྦལ་བ་ཁྲོན་པའི་ནང་གི་ནམ་མཁའ་མ་རེད་དམ།
    ད་དུང་ཁྱོད་ཀྱི་བློ་ཡིད་མི་ཚིམ་ན་འདི་ལ་ལྟོས་དང་ཁྱོད་ལ་ར་གསལ་བོ་འཕྲོད་ཡོད་གི་རེད་་https://www.studentsforafreetibet.org/tib/

    Reply
  8. བྲག་སྐྱེས། says:
    ལོ་ 10 སྔོན།

    མཐར་གཏུགས་ན་ཀླུ་མཁར་བྱམས་སྲིད་སྐྱོང་ལ་ཡག་པོ་འདུག་ཟེར་བ་དང་། རྒྱུ་མཚན། རང་བཙན་གྱི་ལྟ་གྲུབ་འཛིན་གྱི་ཡོད་པ་རེད་ཟེར་བ་ཙམ་ཞིག་རེད། དེ་ཙམ་མ་གཏོགས་དངོས་ཡོད་ལ་འགལ་བ་གང་ཡང་བསྟན་མི་འདུག
    ཁྱོད་ཀྱི་དངོས་ཡོད་དེ་གཞན་པ་ཚོར་དངོས་ཡོད་ཡིན་དགོས་པའི་ངེས་པ་མེད་ལ། བདེན་གྲུབ་ཀྱི་དེ་ཉིད་ལྟར་ན་མི་རེ་ལ་དངོས་ཡོད་རེ་ཡོད་ཆོག་པ་མ་ཟད། ཁྱོད་ཀྱི་དངོས་ཡོད་འདི་ཡིན་ན། མི་གཞན་དག་ཡོངས་རྫོགས་ཀྱི་དངོས་ཡོད་གཞན་ཞིག་ཡིན་ཡང་སྲིད་དོ།།

    Reply
  9. རྐང་རྗེས་ནག་པོ། says:
    ལོ་ 10 སྔོན།

    རྩོམ་ཡིག་འདི་བཀླགས་རྗེས་བསམ་ཚུལ་ཙམ་ཞུ་འདོད་བྱུང་། དབུ་མའི་ལམ་ནས་མངོན་གསལ་དོད་པའི་བོད་ལ་གྲུབ་འབྲས་ཤིག་ཡོང་ཐུབ་ཀྱི་མེད་པ་ཚང་མས་ཤེས་ཀྱིས་ཡོད་རེད། ཤེས་ནས་མི་ཚད་ཡོང་མི་སྲིད་པའི་རྒྱུ་མཚན། སྐུ་ཚབ་རྒྱ་རི་བློ་གྲོས་རྒྱ་མཚན་སོགས་ཀྱིས2002 ལོ་ནས་2011ལོའི་དབར་དུས་རྒྱ་ནག་སྲིད་གཞུང་དང་གྲོས་མོལ་ཐེངས་དགུ་ལ་གནང་ནས་མཐར་སྐད་ཆ་ཚིག་གཅིག་གི་འབྲས་བུ་མ་རྙེད་པ་དེས་རྒྱུ་མཚན་གསལ་བོར་བསྟན་ཡོད་པ་རེད། ཤེས་བཞིན་དུ་དད་པ་ཡོད་མདོག་མདོག་དང་མི་དམངས་ཀྱི་མདུན་ནས་མར་མེ་མཆོད་འབུལ་གྱི་རྣམ་པ་སྟོན་རྒྱུར་གལ་ཆེན་དུ་བཟུང་ནས་བོད་མི་སྒྲིག་འཛུགས་ཀྱི་ལས་ཐོག་ལས་བྱེད་ཡིན་ན་ཆོག་གི ད་ལྟ་འོས་ལངས་བཞིན་པ་རྣམས་ལ་མཚོན་ན་དབུ་མའི་ལམ་གྱི་སྲིད་ཇུས་ལས་འགལ་བའི་སྐད་ཆ་ཞིག་ཤོད་ཐུབ་གི་མེད་ལ་བཤད་ཀྱང་མི་ཆོག་པའི་གནས་སྟངས་ཤར་ཡོད། དེ་ལས་འདའ་ན་དད་པ་མེད་པ་དང་སྡོམ་པ་མི་གཙང་བ། བློ་མི་དཀར་བ་ལྟ་བུའི་གྲོས་ལ་བརྩི། དེའི་སྟབས་ཀྱིས་བློ་སེང་དང་སྤེན་པ་ཚེ་རིང་གཉིས་ཀྱི་སྐད་ཆ་ནམ་རྒྱུན་སྐུད་པ་གཅིག་ཁོ་ནའི་སྟེང་ན་ཡོད་པས་ང་ཚོས་མི་རིགས་ཀྱི་འཐབ་རྩོད་ནི་འཐབ་རྩོད་ཅིག་དང་གཏན་ནས་མི་འདྲ་པར་བསམ། ང་ཚོའི་འཐབ་རྩོད་ནི་དད་པ་ཁོ་ན་དག་དག་གི་སྟེང་ནས་སོང་ན་མ་འོངས་པར་བླ་མ་མེད་ན་དད་པའང་མེད་པའི་དཀའ་ངལ་བསམ་གྱིས་མི་ཁྱབ་པ་ཞིག་ཡོང་ངེས་རེད།

    Reply
  10. ཨ་རིག་འགྱུར་མེད། says:
    ལོ་ 10 སྔོན།

    “བོད་རང་དབང་སློབ་ཕྲུག་ཚོགས་པ་” ཟེར་བ་མ་གཏོགས་རང་བཙན་སློབ་ཕྲུག་ཚོགས་པ་ཟེར་གི་མེད་ཐ། རྩོམ་འདིར་བལྟས་ཡོང་ན་མིང་འདི་གཅིག་ནོར་དུས་མི་གྲངས་དང་འོས་གྲངས་ཀྱི་གནད་ཅིག་ལ་ཐུག་གི་འདུག་པས། ད་ཐེངས་འཆོར་ས་མེད།
    མིང་འདི་གཉིས་ནོར་སྟངས་ནི་ལག་དེབ་ལྗང་ཁུ་ལ་ “རང་དབང་ལག་དེབ་” དང་ “རང་བཙན་ལག་དེབ” ཅེས་ནོར་གི་ཡོད་པ་འདྲ། ནོར་ཆོག་ཆོག་ཅིག་ངོ་མ་ཡིན།
    རྩོམ་སྤྱི་ལ་ཅི་ཡང་བཤད་བསམ་པ་མ་བྱུང་། དེ་ཙམ་ཡིན།
    ཨ་རིག་འགྱུར་མེད་ཀྱིས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese