མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མ་འོངས་པའི་ལོ་ལྔ་ནས་བཅུའི་ནང་རྒྱ་ནག་དམངས་གཙོར་འགྱུར་སྲིད་པ་རེད།

བོད་ཀྱི་དུས་བབ།
༢༠༡༥/༠༨/༠༩
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་འགན་འཛིན་བཀྲ་ཤིས་དབང་འདུས་ལགས་ཀྱིས་ཉེ་ལམ་ཁོང་བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་འོས་གཞིར་བཞེངས་ཀྱི་ཡོད་པའི་གསལ་བསྒྲགས་གནང་ཡོད་སྟབས། འདི་གའི་གསར་ཁང་ནས་ཁོང་ལ་སྲིད་སྐྱོང་འོས་མིར་བཞེངས་བའི་དགོས་དམིགས་དང་མ་འོངས་ལས་འཆར་སོགས་ཀྱི་སྐོར་ལ་བཅར་འདྲི་ཞུས།

དྲི་བ། ཐོག་མར་སྐུ་ཉིད་ཀྱིས་ ༢༠༡༦ ལོའི་སྲིད་སྐྱོང་འོས་མིར་དང་བླང་གིས་ལངས་དགོས་པའི་རྒྱུ་མཚན་གཙོ་བོ་ཁག་ཅིག་ངོ་སྤྲོད་ཅིག་གནང་རོགས།

ལན། སྲིད་སྐྱོང་གི་འོས་གཞིར་ལངས་དགོས་པའི་རྒྱུ་མཚན་གཙོ་བོ་ང་ཚོའི་བོད་པ་ཚོར་༧རྒྱལ་བ་རིན་པོ་ཆེས་ཐུན་མོང་མ་ཡིན་པའི་དམིགས་བསལ་གྱི་དམངས་གཙོ་ཞིག་གསོལ་རས་སུ་གནང་ཡོད་པ་རེད། ཡིན་ན་དེའང་༧སྐྱབས་མགོན་རིན་པོ་ཆེས་ ༢༠༡༠ ལོའི་བར་ལམ་སྟོན་མཛད་ནས་ཕེབས་པ་རེད། ༢༠༡༠ ལོར་བཀའ་བློན་ཁྲི་པ་དང་སྤྱི་འཐུས་འོས་བསྡུ་དེ་ཧ་ཅང་ཚ་ཚ་འུར་འུར་བྱུང་སྟེ། ལོ་གཅིག་ལྷག་རིང་བགྲོ་གླེང་གཏམ་བཤད་རིགས་ཧ་ཅང་ཡག་པོ་བྱུང་པ་རེད། དེར་བརྟེན། ༧གོང་ས་མཆོག་གིས་ད་ལྟ་ང་ཚོའི་དམངས་གཙོ་ཡང་དག་པ་ཞིག་འགྲོ་བཞིན་འདུག ང་གཉིད་སྐྱིད་པོ་ཁུག་གི་འདུག་གསུངས་པ་རེད། ཡིན་ནའང་ ༢༠༡༦ ལོའི་སྲིད་སྐྱོང་འོས་བསྡུ་བསླེབ་ལ་ཉེ་ནའང་སྤྱི་ཚོགས་འཇམ་ཐིང་ཐིང་རེད། དེ་བཞིན་བར་ལམ་ཞིག་ནས་སྤྱི་ཚོགས་ནང་སེམས་ཁུར་ཡོད་མཁན་ཁག་ཅིག་གིས་ང་རང་སྲིད་སྐྱོང་དུ་ལངས་དགོས་པའི་རེ་སྐུལ་བཏོན་པ་དང་། སོ་སོར་མཚོན་ནའང་ལོ་ངོ་ ༢༠ ལྷག་རིང་ལས་ཀ་བྱས་པའི་ཉམས་མྱོང་མང་པོ་ཞིག་ཡོད་སྟབས། ད་ལྟ་སྲིད་སྐྱོང་གི་འགན་འཁུར་བའི་དུས་ཚོད་བསླེབས་འདུག་བསམ་ནས་ལངས་པ་ཡིན།

དྲི་བ། སྐུ་ཉིད་སྲིད་སྐྱོང་དུ་ཐོབ་པ་ཡིན་ན་ད་ལྟའི་བློ་བཟང་སེང་གེ་ལས་ལྷག་གི་ནུས་པ་དང་འཇོན་ཐང་ཡོད་སྙམ་པའི་དོན་ཚན་ཁ་ཤས་གསུང་རོགས།

ལན། ཕྱོགས་གཅིག་ནས་ང་ལ་ལོ་ ༢༠ ཡི་ཉམས་མྱོང་ཡོད་པ་རེད། ཉམས་མྱོང་དེའང་ཕྱི་འབྲེལ་དང་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་དུ་ལོ་ ༥ ལྷག་རིང་ལས་ཀ་བྱས་པ་དང་། རྒྱལ་སྤྱིའི་ཚོགས་འདུ་མང་པོ་ཞིག་ཏུ་མཉམ་ཞུགས་བྱས་ཤིང་། ཆབ་སྲིད་དང་འབྲེལ་བའི་ཐོག་ལ་གཏམ་བཤད་ཀྱི་གོ་སྐབས་མང་པོ་བྱུང་། ལྷག་པར་དུ་ཨུ་རུ་སུའི་ནང་རྒྱལ་སྤྱིའི་རྩོད་རྙོག་འདུམ་འགྲིག་གི་ཚོགས་འདུ་ཞིག་ཏུའང་གཏམ་བཤད་དང་གྲོས་བསྡུར་བྱེད་རྒྱུ་བྱུང་ཞིང་། གཞིས་ཆགས་ཁག་ཏུ་ས་གནས་མགོ་འཛིན་གྱི་ཕྱག་ལས་གནང་ཕྱོགས་ལའང་རྒྱུས་གང་འཚམ་ཡོད། དཔལ་འབྱོར་ཐོག་ལའང་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་བྱས་རིང་བྱས་རྗེས་གང་འཚམ་བཞག་ཡོད། ཉམས་མྱོང་དེ་དག་གཞི་ལ་བཞག་པའི་ཐོག་ནས་སྲིད་སྐྱོང་འོས་མིར་ལང་གི་ཡོད་སྟབས། ད་ལྟའི་སྲིད་སྐྱོང་བློ་བཟང་སེང་གེ་ལས་ལྷག་ཅིག་བྱ་ཐུབ་པའི་སྤོབས་པ་དང་གདེང་ཚོད་གཉིས་ཀ་ཡོད།  

དྲི་བ། སྐུ་ཉིད་ཀྱིས་བཀའ་ཤག་སྐབས་བཅུ་བཞི་པའི་རིང་ལས་དོན་འཐུས་ཤོར་དང་སྲིད་བྱུས་འཛིན་སྟངས་ནོར་འཁྲུལ་སོགས་གང་དག་མཐོང་གི་ཡོད།

ལན། ད་ལྟའི་བཀའ་ཤག་གིས་ཆབ་སྲིད་ཐོག་ནས་བོད་རྒྱ་གྲོས་མོལ་དེ་སླར་གསོ་གནང་ཐུབ་ཡོད་པ་མ་རེད། དེའི་ཐོག་ལ་ད་ལྟའི་ཆར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ཉུང་དུ་ཕྱིན་ཏེ། རྒྱལ་སྤྱིའི་ཐོག་གི་ནུས་ཤུགས་ཚད་དམའ་རུ་ཕྱིན་ཡོད་པ་རེད། དུས་ཚོད་ཆུད་ཟོས་སུ་མ་བཏང་བའི་ཐོག་ནས་ཉམས་པ་སླར་གསོ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཞིག་ཆགས་འདུག ཤེས་ཡོན་ཐོག་ལ་མཚོན་ན། བོད་ཀྱི་སྐད་ཡིག་གལ་ཆེན་པོ་ཞེ་དྲགས་རེད། ཡིན་ནའང་ད་ལྟ་རྒྱ་བལ་འབྲུག་གསུམ་ནང་དུ་བོད་པའི་སྐད་ཡིག་ཉམས་ཆགས་ཞེ་དྲགས་འགྲོ་བཞིན་ཡོད་པ་རེད། ཕྱི་རྒྱལ་ཁག་གི་བོད་རིགས་གཞོན་སྐྱེས་མང་པོ་ཞིག་གིས་བོད་ཡིག་འབྲི་ཀློག་ཕར་ཞོག བོད་སྐད་ཐོག་བཀའ་མོལ་གནང་རྒྱུར་ཡང་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། ཤེས་ཡོན་སྲིད་བྱུས་ལ་མཚོན་ན་ལག་བསྟར་ཚད་དང་ལྡན་པ་ཞིག་ཡོང་ཐུབ་ཀྱི་མེད་སྟབས། སྤྱི་འཐུས་ལྷན་ཚོགས་ཀྱིས་ཞིབ་འཇུག་ཚོགས་ཆུང་བཙུགས་ཡོད་པ་རེད། དེ་དག་ལ་བལྟས་ཡོང་ན། བར་ལམ་ཞིག་ནས་ཕྱོགས་མང་པོ་ཞིག་ལ་འཐུས་ཤོར་ཕྱིན་ཡོད་པ་མཐོང་གི་ཡོད།

གཞིས་ཆགས་སྲ་བརྟེན་ཐོག་ལ་ཡིན་ནའང་ད་ལྟའི་ཆར་ལས་གཞི་གང་ཡང་འགྲོ་ཐུབ་ཀྱི་ཡོད་པ་མ་རེད། མཉམ་འབྲེལ་གྱི་ངོས་ནས་ལས་གཞི་ཤུགས་ཆེན་པོ་ཞིག་འགྲོ་བཞིན་ཡོད་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དམིགས་བསལ་ད་ལྟའི་ཆར་འདི་ཡིན་ལབ་ནས་འཛིན་རྒྱུ་ཅི་གང་ཡོད་པ་མ་རེད། ཆིག་སྒྲིལ་ཐོག་ཡིན་ན་ཚང་མས་མཁྱེན་གསལ་རེད། བར་ལམ་ཞིག་ནས་གཞོན་ནུ་ཁ་བྲལ་ཕྱིན་པ་དང་། ནེའུ་ཡོག་ཏུ་རྙོག་གྲ་བྱུང་པ། དོལ་རྒྱལ་བསྟེན་མཁན་ནང་བོད་པ་མང་དུ་འགྲོ་བཞིན་ཡོད་པ་སོགས་ཕྱོགས་མང་པོ་ཞིག་ནས་ད་ལྟའི་ཆར་འཐུས་ཤོར་མང་པོ་འགྲོ་བཞིན་འདུག

དྲི་བ། སྐུ་ཉིད་རྒྱ་གར་ནང་སྐྱེ་འཚར་བྱུང་བ་ཞིག་ཡིན་སྟབས། གལ་སྲིད་སྐུ་ཉིད་སྲིད་སྐྱོང་འཐོབ་པ་ཡིན་ན། བོད་ནང་དང་རྒྱ་ནག་གི་སྐོར་ལ་རྒྱུས་མངའ་འདང་མིན་གྱི་དཀའ་ངལ་འཕྲད་སྲིད་དམ།

ལན། དེའི་ཐོག་ལ་དམིགས་བསལ་དཀའ་ངལ་ཡོད་པ་མ་རེད་བསམ་གྱི་འདུག ང་ལ་མཚོན་ན། སྔོན་ཆད་བོད་ནང་འགྲོ་མྱོང་ཡོད། ངས་ཕ་མ་གཉིས་འཁྲིད་དེ་བོད་ནང་སྐོར་སྐྱོད་བྱས་ཤིང་། བོད་ནང་གི་གནས་སྟངས་ཐོག་རྒྱུས་གང་འཚམ་ཡོད། ང་རང་གི་སྤུན་མཆེད་ཀྱང་བོད་ནང་ཡོད་པ་རེད།

དྲི་བ། ད་ལྟ་ང་ཚོའི་སྤྱི་ཚོགས་ནང་དབུ་མའི་ལམ་དང་རང་བཙན་ཞེས་ཆབ་སྲིད་ལངས་ཕྱོགས་གཉིས་ཡོད་པ་ལས། སྐུ་ཉིད་ཀྱིས་གང་ལ་རྒྱབ་སྐྱོར་གནང་གི་ཡོད་དམ།

ལན། ངས་ངོས་ནས་༧རྒྱལ་བ་རིན་པོ་ཆེས་སྐབས་དང་དུས་སུ་ལངས་ཕྱོགས་ག་རེ་བཟུང་བ་ཡིན་ན། དེ་ག་རང་གི་ཐོག་ཤར་སྐྱོད་བྱ་རྒྱུ་ཡིན། ད་ལྟའི་ཆར་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ཆབ་སྲིད་ལངས་ཕྱོགས་དེ་དབུ་མའི་ལམ་གསུང་གི་ཡོད་པ་རེད། ང་རང་ཡང་དེ་ག་རང་གི་ཐོག་ཤར་སྐྱོད་བྱེད་བཞིན་ཡོད། མ་འོངས་པར་རང་བཙན་གསུང་གི་ཡོད་ན་འདྲ། རང་སྲིད་རང་སྐྱོང་གསུང་གི་ཡོད་འདྲ། བདེན་པའི་ཨུ་ཚུག་གསུང་གི་ཡོད་ན་འདྲ། ང་དེའི་ཐོག་ལ་བསྐྱོད་རྒྱུར་དམ་བཅའ་བརྟན་པོ་ཡོད།

དྲི་བ། བཀའ་ཤག་སྐབས་བཅུ་གཉིས་བཅུ་གསུམ་སྐབས་ལ་བོད་མི་ཕྱི་རྒྱལ་དུ་བསྐྱོད་རྒྱུར་འདོད་པ་མེད་པའི་སྲིད་བྱུས་ཤིག་བཟུང་བ་རེད། གནད་དོན་དེའི་ཐོག་སྐུ་ཉིད་ཀྱིས་སྲིད་བྱུས་གང་འདྲ་ཞིག་འཛིན་འཆར་ཡོད་པ་དང་དེའི་རྒྱུ་མཚན་ཅི་ཡིན།

ལན། བོད་པ་ཕྱི་རྒྱལ་ལ་བསྐྱོད་རྒྱུར་བཀག་འགོག་བྱེད་དགོས་དོན་མི་འདུག་དྲན་ཡོད། བཀག་ཀྱང་འགོག་ཐུབ་པ་ཞིག་མ་རེད། ང་ལ་མཚོན་ན། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཆེད་དུ་ཕྱི་རྒྱལ་ལ་འགྲོ་བའི་ལམ་ཁ་འཚོལ་དགོས་པ་རེད་བསམ་གྱི་འདུག གང་ཡིན་ཞེ་ན། གཞུང་འབྲེལ་ཐོག་ནས་ལམ་ཁ་བཙལ་ན་ཁྲིམས་མཐུན་ཆགས་ཀྱི་ཡོད་པ་རེད། ད་ལྟའི་ཆར་བོད་པ་མང་པོ་ཞིག་ཁྲིམས་འགལ་ཐོག་ཕྱིན་ཏེ། སྤྱི་སྒེར་གཉིས་ཀར་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད་པ་རེད། ཡིན་ནའང་སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་ཟེར་བ་ཞིག་གནས་དགོས་ཀྱི་ཡོད་སྟབས། ཕྱི་རྒྱལ་ལ་ཕེབས་མཁན་ཚོར་ཕྱི་རྒྱལ་ནས་གཞིས་ཆགས་བཙུགས་ཏེ། སྐད་ཡིག་རིག་གཞུང་སྲུང་སྐྱོབ་བྱེད་ཐུབ་ལ་འབད་བརྩོན་བྱ་དགོས་ཀྱི་འདུག ཕྱི་རྒྱལ་དུ་བོད་ཀྱི་གྲོང་རྡལ་ཟེར་བ་དེ་འདྲ་བཙུགས་ཏེ། བོད་པ་གང་མང་མང་ས་ཆ་གཅིག་ལ་མཉམ་དུ་འདུག་ཐུབ་པ་དང་། ལོ་གཞོན་ཚོ་སློབ་གྲྭར་མཉམ་དུ་ཕྱིན་ཏེ་སྐད་ཡིག་སྲུང་སྐྱོབ་ཀྱི་ཐབས་ལམ་གསར་གཏོད་བྱ་རྒྱུ་དང་། རྒན་པ་ཚོར་དགོན་པ་འདྲ་བཙུགས་ཏེ་ཆོས་བྱེད་ས་སོགས་བཟོ་ཐུབ་པ་ཡིན་ན། ང་ཚོའི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱ་ཐུབ་ཀྱི་རེད་བསམ་གྱི་འདུག  

དེ་བཞིན། རྒྱ་བལ་འབྲུག་གསུམ་ནང་གི་གཞིས་ཆགས་ཁག་མུ་མཐུད་གནས་ཐུབ་ལ་འབད་བརྩོན་བྱ་དགོས་པ་དེའང་གལ་ཆེན་པོ་རེད། གཞིས་ཆགས་ཁག་ཏུ་དཔལ་འབྱོར་འདུ་འགོད་ལས་གཞི་ཤུགས་ཆེན་པོ་ཞིག་སྤེལ་དགོས་ཀྱི་འདུག ད་ལྟ་ཕྱི་རྒྱལ་དུ་འགྲོ་མཁན་མང་པོ་ཡོད་པ་དེའང་དཔལ་འབྱོར་གྱི་དཀའ་ངལ་ཞིག་གི་འོག་ནས་འགྲོ་བཞིན་ཡོད་པ་མརེད་མ་གཏོགས་དགའ་ཞིང་སྐྱིད་དྲགས་ནས་འགྲོ་ཡི་ཡོད་པ་མ་རེད། རྒྱ་བལ་འབྲུག་གསུམ་ནང་དུ་ཆབ་སྲིད་ཀྱི་དཀའ་ངལ་དང་། རང་དབང་མེད་པའི་དཀའ་ངལ་འཕྲད་པ་མ་རེད་ལ། རང་བྱུང་ཁམས་ཀྱི་གནོད་འཚེ་ཐེབས་པའང་མ་རེད། གཞིས་ཆགས་ནང་དཔལ་འབྱོར་གྱི་ཡོང་ཁུངས་མེད་སྟབས་ཕྱི་རྒྱལ་ཁག་ཏུ་མི་འགྲོ་རང་འགྲོ་ཆགས་ཀྱི་ཡོད་པ་རེད། དེ་དག་ལ་ཁྲིམས་མཐུན་ཐོག་ནས་འགྲོ་ཐུབ་པ་ཞིག་དང་། ཕར་ཕྱིན་ནའང་བོད་པ་ཚོ་མཉམ་དུ་གནས་ཐུབ་པ་ཞིག་བཟོ་རྒྱུ་གལ་ཆེན་པོ་རེད།

དྲི་བ། གལ་སྲིད་སྐུ་ཉིད་སྲིད་སྐྱོང་ཐོབ་པ་ཡིན་ན་ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་དང་སྒྲིག་གཞི་ལ་བསྒྱུར་བཅོས་གཏོང་དགོས་པ་གང་དག་མཐོང་གི་ཡོད།

ལན། འགྱུར་བ་གཏོང་དགོས་ས་དང་ལེགས་བཅོས་གཏོང་དགོས་ས་མང་པོ་འདུག དཔེར་ན། ས་ཁང་སྒྲིག་གཞི་བསྒྱུར་བཅོས་གཏོང་དགོས་ཀྱི་འདུག གང་ཡིན་ཞེ་ན། ད་ལྟ་ལག་བསྟར་བྱེད་ཐུབ་ཀྱི་ཡོད་པ་མ་རེད། དེ་བཞིན། སྲིད་ཇུས་གསར་པ་ཁག་ཅིག་གཏན་འབེབས་གནང་དགོས་ཀྱི་འདུག དཔེར་ན། མི་འབོར་འཕེར་རྒྱས་ཀྱི་སྲིད་ཇུས་དང་། ཕྱི་རྒྱལ་བོད་རིགས་གནས་སྡོད་ཀྱི་སྒྲིག་གཞི། སོ་ནམས་ཞིང་ལས་སྲིད་བྱུས་དེའང་བསྒྱུར་བཅོས་གཏོང་དགོས་ཀྱི་འདུག་དྲན་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཚོར་འདས་པའི་ལོ་བཞི་ལྔ་ཞིག་ལ་ཕོགས་ཐོབ་བསྐྱར་ཞིབ་བྱས་ཡོད་པ་མ་རེད། གང་མགྱོགས་ཕོགས་ཐོབ་བསྐྱར་ཞིབ་བྱེད་དགོས་ཀྱི་འདུག གང་ཡིན་ཞེ་ན། བོད་མིའི་སྒྲིག་འཛུགས་འདི་གཞི་རྒྱ་ཆེན་པོ་རེད། ལྷག་པར་དུ་གཞུང་ཞིག་ལ་རྩི་བཞིན་ཡོད་པ་རེད། ལྷོད་ཡངས་ཕྱིན་ན་ལས་དོན་འཐུས་ཤོར་དང་ལས་བྱེད་ཚོའི་སེམས་ཤུགས་ཆག་གི་རེད་ལ་མི་མང་ཡང་གཞུང་ལ་བརྩེ་དུང་བརླག་འགྲོ་བ་རེད།  

དྲི་བ། སྐུ་ཉིད་ཀྱི་ལྟ་གྲུབ་བཞིའི་ནང་གི་ལས་ཤེས་ཡོན་སྐོར་ལ་འཆར་གཞི་གང་དག་ཡོད་པ་དང་། ད་ལྟའི་འགྲོ་སྟངས་ཐོག་འགྱུར་བ་གཏོང་དགོས་པ་ག་རེ་གཟིགས་ཀྱི་ཡོད།

ལན། ཤེས་ཡོན་ཐོག་ལ་ཤེས་ཡོན་སྲིད་བྱུས་ལག་བསྟར་ཐུབ་ཐབས་ལ་དངོས་ཤུགས་བརྒྱུད་གསུམ་ནས་འབད་བརྩོན་བྱེད་དགོས་པ་ཞིག་རེད། ཨང་དང་པོར་དགེ་རྒན་དང་ཤེས་ཡོན་སྲིད་བྱུས་ཐད་ཕྱག་ལས་གནང་མཁན་ཚོར་ཟབ་སྦྱོང་དང་སློབ་སྟོན་སོགས་ཀྱི་ལམ་ནས་ཤེས་ཡོན་སྲིད་བྱུས་ཐོག་ངེས་པ་རྙེད་པ་དང་། ཡིད་ཆེས་ཡོང་བ་ཞིག་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན། གཞི་རིམ་སློབ་གྲྭ་ཁག་ལ་ད་ལྟའི་ཆར་དགེ་རྒན་གྱིས་འདང་གི་མེད་པའི་དཀའ་ངལ་ཞིག་འདུག སློབ་གྲྭ་ཁག་ཅིག་ནང་སྔོན་མ་ཆོས་དགེ་དང་བོད་དགེ་ཞེས་རིགས་གསུམ་ཙམ་ཡོད་ཀྱང་། ད་ལྟ་དགེ་རྒན་གཅིག་མ་གཏོགས་མེད་པའི་གནས་སྟངས་འདུག་ལ། སློབ་གྲྭ་ལ་ལར་ཚན་རིག་དགེ་རྒན་མེད་པ་དང་། ཁ་ཤས་ལ་ཨང་རྩིས་དགེ་རྒན་མེད་པ་དེ་འདྲ་འདུག ང་རང་གི་བསམ་པར། བོད་སྐད་སྐད་ཡིག་སྲུང་སྐྱོབ་ཆེད་སློབ་གྲྭ་དམིགས་བསལ་འཛུགས་དགོས་པ་རེད་བསམ་གྱི་འདུག གཞི་རིམ་སློབ་གྲྭའི་ལག་འཁྱེར་ཡོད་མེད་ལ་མ་ལྟོས་པར་སྐད་ཡིག་རང་གི་ཐོག་ལ་ལོ་དགུ་དང་བཅུར་སྦྱོང་ས་ཡོད་པ། བོད་ཡིག་རང་གི་ཐོག་ནས་སློབ་གྲྭ་ཐོན་ན་འགྲོ་སའི་ལྟེ་གནས་དེ་འདྲ་འཛུགས་དགོས་ཀྱི་འདུག རྒྱལ་སྤྱིའི་ཐོག་འབུམ་རམས་པའི་བར་འགྲོ་ས་ཡོད་པ་བཞིན་བོད་ཡིག་ཐོག་ཏུའང་དེ་འདྲ་དགོས་ཀྱི་འདུག

དྲི་བ། གལ་སྲིད་སྐུ་ཉིད་སྲིད་སྐྱོང་ཐོབ་པ་ཡིན་ན་འཛིན་སྐྱོང་གཙོ་བོར་འཛིན་རྒྱུ་ཡིན་ནམ། བོད་པའི་རྩ་དོན་འཐབ་རྩོད་སོགས་ཀྱི་ཆབ་སྲིད་ལས་དོན་གཙོ་བོར་འཛིན་རྒྱུ་ཡིན།

ལན། ང་ཚོ་ཆབ་སྲིད་སྐྱབས་བཅོལ་བ་རེད། བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཆབ་སྲིད་དེ་གལ་ཆེ་ཤོས་ཆགས་ཡོད། བོད་དོན་བདེན་མཐའ་གསལ་ཐབས་དེའང་འཚེ་བ་མེད་པ་དང་གྲོས་མོལ་གྱི་ལམ་ནས་གསལ་ཐབས་བྱེད་དགོས་པ་རེད། བོད་རྒྱ་གྲོས་མོལ་བྱེད་པར་བོད་མིའི་སྒྲིག་འཛུགས་དེ་ཕྱོགས་གཅིག་ཆགས་ཡོད་སྟབས། སྒྲིག་འཛུགས་སྲ་བརྟན་དགོས་པ་གལ་ཆེན་པོ་རེད། བོད་མིའི་སྒྲིག་འཛུགས་སྲ་བརྟན་ཡོང་བ་ལ་གཞིས་ཆགས་སྲ་བརྟན་དགོས་པ་རེད། བོད་དོན་འཐབ་རྩོད་རྒྱུན་གནས་ཡོང་ཐབས་སུ་གཞོན་སྐྱེས་ཚོར་ཤེས་ཡོན་དང་མི་དམངས་ལ་དཔལ་འབྱོར་དགོས་པ་རེད། གལ་ཆེ་ཤོས་ང་ཚོའི་དོན་དག་ཐུག་ས་དེ་ག་བ་རེད་ཅེ་ན། བོད་དོན་བདེན་མཐའ་གསལ་ཐབས་དེ་གཞིས་ལུས་བོད་མིའི་ཆེད་དུ་རེད། གཞིས་ལུས་བོད་མིའི་ཆེད་དུ་ང་ཚོས་བོད་དོན་བདེན་མཐའ་གསལ་ཐབས་ལ་འབད་བརྩོན་བྱེད་དགོས་པ་རེད། དེར་འཕྲལ་ཕུགས་རྒྱང་གསུམ་གྱི་ཐོག་ནས་འཆར་གཞི་སྒྲིག་དགོས། འཕྲལ་དུ་བྱེད་དགོས་པ་དེ་གྲོས་མོལ་སླར་གསོ་ལ་ཐབས་ཤེས་བྱེད་དགོས་པ་དང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་སླར་གསོ་བྱས་ཏེ་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་ཐབས་དང་། ཕྱོགས་གཞན་ཞིག་ནས་རྒྱ་མིའི་དཔོན་རིགས་ཚོར་ཐད་ཀར་འབྲེལ་བ་བྱས་ཏེ་བོད་རྒྱ་གྲོས་མོལ་ཡོང་ཐུབ་བྱེད་རྒྱུ་དེ་གལ་ཆེ་ཤོས་ཆགས་འདུག

དྲི་བ། ད་ལྟ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་ལ་རང་སྐྱོང་རྩོད་ལེན་བྱེད་བཞིན་པའི་སྐབས་འདིར། སྐུ་ཉིད་རང་ལ་ད་ལྟའི་རྒྱ་ནག་གི་ཆབ་སྲིད་གནས་སྟངས་དང་སྲིད་ཇུས་ཀྱི་དམིགས་འདུན་སྐོར་ལ་རྒྱུས་མངའ་གང་འདྲ་ཡོད།

ལན། རྒྱ་ནག་གི་ཆབ་སྲིད་ཐོག་ལ་ཕྱི་མིག་ཅིག་བལྟས་པ་ཡིན་ན། ད་ལྟ་ཞི་ཅིན་ཕིན་གྱི་སྐབས་ལ་རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་བའི་རེ་བ་ཆེ་ཤོས་ཡོད་པ་རེད། བོད་དོན་བདེན་མཐའ་གསལ་བའི་རེ་བ་ཆེ་ཤོས་དེའང་ད་ལྟ་འདུག་དྲན་གྱི་ཡོད། གང་ཡིན་ཟེར་ན། མའོ་ཙེ་ཏུང་ཕར་བཞག་ནས་ཏིན་ཞའོ་ཕིན་གྱི་སྐབས་སུ་ང་ཚོར་འབྲེལ་བ་ཤུགས་ཆེན་པོ་ཞིག་བྱུང་ཡོད་པ་རེད། ཏིན་ཞའོ་ཕིན་གྱི་སྐབས་དང་ད་ལྟའི་ཞི་ཅིན་ཕིན་གཉིས་འདྲ་བོ་རེད། གཅིག་བྱས་ན་ལོ་ཁ་ཤས་ནང་ལ་ཞི་ཅིན་ཕིན་ཏིན་ཞའོ་ཕིན་ལས་ལྷག་གི་དབང་ཤུགས་ཆེ་བ་ཆགས་སྲིད་པ་རེད། དེར་བརྟེན། ཁོ་ལ་ཐག་གཅོད་བྱ་འདོད་ཡོད་ན་བྱེད་པའི་དབང་ཆ་ཡོད་པ་རེད། དཔེར་ན། ཅང་ཙེ་མིན་དང་ཧུའུ་ཅིན་ཐའོ་གཉིས་སྐབས། ཁོ་གཉིས་ལ་དབང་ཆ་གང་ཡང་ཡོད་པ་མ་རེད། བོད་དོན་དཀའ་ངལ་གསལ་དགོས་བསམ་པ་དང་རྒྱ་ནག་དམངས་གཙོར་བསྒྱུར་དགོས་བསམ་ནའང་དབང་ཆ་ཡོད་པ་མ་རེད། སྐབས་དེར་གཞུང་འབྲེལ་བཀའ་ཤག་ཅིག་ཡོད་པ་དེར་དབྱིན་སྐད་ནང་Politburo (ཆབ་སྲིད་ལྷན་ཁང་) ཟེར་གྱི་ཡོད་པ་རེད། སྲིད་འཛིན་སྔ་ཕྱི་དེ་གཉིས་མིང་ཙམ་རེད་མ་གཏོགས་ཐག་གཅོད་ཚང་མ་ཆབ་སྲིད་ལྷན་ཁང་གིས་བྱེད་དགོས་ཀྱི་ཡོད་པ་རེད། ད་ལྟའི་སྐབས་ལ་ཆབ་སྲིད་ལྷན་ཁང་ཞི་ཅིན་ཕིན་ཁོ་རང་གི་ལག་པར་ཡོད་པ་རེད། ལྷག་པར་ཏུ་རྒྱ་ནག་དམར་ཤོག་ཚོགས་པ་གནས་ཐུབ་པ་དེ་རྒྱ་ནག་ནང་ལྐོག་ཟ་རུལ་སུངས་ཤུགས་ཆེན་པོ་ཡོད་སྟབས། མི་མང་གི་ལས་འགུལ་རྩིས་མེད་བཏང་སྟེ་གཅིག་གིས་གཅིག་འགེབ་ཀྱི་ཡོད་པ་རེད། ད་ལྟའི་ཆར་ལྐོག་རྔན་རུལ་སུངས་དེ་གང་འཚམ་མར་ཆག་པའི་སྐབས་ལ་གཞན་པ་ཞིག་འབུར་དུ་འཐོན་ཡོང་གི་ཡོད་པ་རེད། རྒྱ་ནག་གི་ལྒང་བུའི་ནང་དུ་དབུགས་རྒྱག་བཞིན་འདུག སྔ་ཕྱི་མ་གཏོགས་རྒྱ་ནག་གི་དབུགས་ལྒང་བརྡོལ་ནས་དམངས་གཙོའི་ནང་བསྒྱུར་དགོས་པ་རེད་མ་གཏོགས་དམར་ཤོག་ནང་འདུག་ཐབས་ཡོད་པ་མ་རེད།

སྤྱིར་བཏང་ད་ལྟ་སྲིད་འཛིན་ཞི་ཅིན་ཕིན་གྱིས་སྲིད་ཇུས་དམ་དུ་གཏོང་གི་ཡོད་ཀྱང་། ཁོའི་དབང་ཤུགས་ཀྱང་ཆེ་རུ་འགྲོ་བཞིན་ཡོད་པ་རེད། དབང་ཆ་ཡོངས་རྫོགས་ཁོ་རང་གི་ལག་པར་བསླེབ་པའི་ཉི་མོར་ཁོས་རྒྱ་ནག་མི་མང་ལ་དམངས་གཙོ་སྤྲོད་དགོས་པ་རེད་མ་གཏོགས་འགྲོ་ས་གང་ཡང་ཡོད་པ་མ་རེད། ཁོས་དམངས་གཙོ་མ་སྤྲད་པར་ནམ་ཞིག་རྒྱ་ནག་དམངས་གཙོ་ཆགས་པ་ཡིན་ན། ཁོ་ནག་པོ་ཆགས་འགྲོ་བ་རེད། གནད་དོན་དེ་ཁོའི་སེམས་ནང་ཧ་ཅང་གསལ་བོ་ཡོད་པ་རེད། རྒྱ་ནག་ལ་དམངས་གཙོ་སྤྲོད་མཁན་དེ་ཁོ་རང་ཆགས་པ་ཡིན་ན། ཁོ་རང་རྒྱ་ནག་གི་དམངས་གཙོའི་ཡབ་ཆེན་(The Father of Chinese Democracy) ཆགས་ཀྱི་ཡོད་པ་རེད། རྒྱ་ནག་ལ་དམངས་གཙོ་སྤྲད་པའི་ཉིན་མོར་བོད་དོན་དཀའ་ངལ་དེའང་རང་བཞིན་གྱིས་སེལ་འགྲོ་བ་རེད།

མདོར་བསྡུས་ན། ངས་རྒྱུ་མཚན་གསུམ་གྱི་ཐོག་ནས་ཞི་ཅིན་ཕིན་གྱིས་རྒྱ་ནག་ལ་དམངས་གཙོ་སྤྲོད་རྒྱུ་རེད་ཟེར་གྱི་ཡོད། གཅིག ཁོ་ལ་སྤྲོད་རྒྱུའི་དབང་ཚད་དེ་ཡོད་པ་རེད། གཉིས། ཞི་ཅིན་ཕིན་གྱི་ཨ་ཕ་དེ་དམངས་གཙོ་དོན་གཉེར་བ་ཟེར་ན་འདྲ། གང་ལྟར་འགྱུར་བ་དགོས་ཀྱི་འདུག་ཟེར་མཁན་ཞིག་རེད། གསུམ། ཁོས་དམངས་གཙོ་མ་སྤྲད་རང་སྤྲད་རེད། ཁོས་མ་སྤྲད་ནའང་རྒྱ་ནག་དམངས་གཙོར་འགྱུར་ངེས་རེད། ནམ་ཞིག་རྒྱ་ནག་རང་བཞིན་གྱིས་དམངས་གཙོ་ཆགས་པ་ཡིན་ན་ཁོ་རང་ནག་ཉེས་ཅན་ཆགས་ཀྱི་ཡོད་པ་རེད། མ་འོངས་པའི་ལོ་ལྔ་ནས་བཅུའི་ནང་རྒྱ་ནག་ལ་འགྱུར་བ་ཤུགས་ཆེན་པོ་ཞིག་ཕྱིན་ཏེ་རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་སྲིད་པ་རེད།   

དྲིབ། སྐུ་ཉིད་ཀྱིས་ཉེ་ལམ་དྷ་རམ་ས་ལ་ནས་གཏམ་བཤད་གནང་སྐབས། བོད་རྒྱ་གྲོས་མོལ་སྐོར་ལ་འཆར་གཞི་གང་ཡོད་གསལ་བོ་ཞིག་གསུངས་མ་སོང་། དེའི་སྐོར་གྱི་འཆར་གཞི་དང་ཐབས་ལམ་གང་འདྲ་བརྒྱུད་རྒྱུ་ཡིན་ནམ།

ལན། ཁག་ཅིག་ངས་གོང་ནས་བཤད་པ་བཞིན་བོད་རྒྱལ་གྲོས་མོལ་ཡོང་ཐབས་ལ་རྒྱལ་སྤྱིའི་གནོན་ཤུགས་དགོས་ཀྱི་ཡོད་པ་རེད། གསར་འགྱུར་བརྒྱུད་ལམ་ལ་ཕྱི་གསལ་ནང་གསལ་བྱེད་མི་རུང་བའི་གནས་ཚུལ་ཁག་ཅིག་ཡོང་གི་རེད། དེ་བཞིན། བཀའ་ཤག་སྐབས་བཅུ་གཉིས་དང་བཅུ་གསུམ་སྐབས་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཐབས་ལམ་གང་འདྲ་གནང་འདུག སྔོན་མ་གང་འདྲ་བྱས་འདུག་དེ་ཚོ་བསླར་གསོ་བྱས་ཏེ། དེའི་ཐོག་ལ་རིག་པ་གསར་པ་བཏང་སྟེ་འཆར་གཞི་གསར་པ་བསྒྲིག་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག

དྲི་བ། སྐུ་ཉིད་ཀྱིས་ལོ་མང་པོར་བོད་མིའི་སྒྲིག་འཛུགས་ལ་ཞབས་ཞུ་ཞུས་མྱོང་ཡོད་ན་ཡང་རྗེས་སུ་དགོངས་ཞུས་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ།

ལན། སྤྱིར་བཏང་ངས་བོད་མིའི་སྒྲིག་འཛུགས་ནང་ལས་ཀ་བྱས་པ་རེད། ཡིན་ནའང་ངས་བོད་པའི་སྤྱི་ཚོགས་ནང་ལས་ཀ་བྱེད་རྒྱུ་དེ་གལ་ཆེན་པོར་མཐོང་གི་ཡོད། མཉམ་འབྲེལ་དེ་དཔེ་མི་སྲིད་པའི་ཆེན་པོ་རེད། ཁ་ཤས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལག་པ་གཡས་པ་དེ་མཉམ་འབྲེལ་རེད་ཟེར་གྱི་ཡོད་པ་རེད། གཞིས་ཆགས་ཆེ་ཁག་བཅོ་ལྔའི་འགན་དེ་ངས་འཁུར་བསྡད་ཡོད། བོད་མིའི་སྒྲིག་འཛུགས་ནང་ང་ཟུང་དྲུང་གནས་རིམ་ཐོག་ལ་དྲུང་ཆེ་མ་ཆགས་བར་ལས་འགན་དེ་ཙམ་ཡོད་པ་མ་རེད། དྲུང་ཆེ་ཆགས་ནའང་ལྷན་ཁང་གཅིག་མ་གཏོགས་ཡོད་པ་མ་རེད། ལྷན་ཁང་གཅིག་དེ་སྤྱི་ཚོགས་ཀྱི་བྱེད་སྒོ་གཅིག་གི་ཐོག་ལ་མ་གཏོགས་འབྲེལ་བ་ཆགས་ཀྱི་ཡོད་པ་མ་རེད། མཉམ་འབྲེལ་དེ་གཞི་རྒྱ་ཆེན་པོ་ཞེ་དྲགས་རེད། གཞིས་ཆགས་ ༡༥ ཡི་ནང་ལ་དཔལ་འབྱོར་དང་ཤེས་ཡོན། སློབ་གསོ། འཕྲོད་བསྟེན། རིག་གཞུང་གཅེས་འཛིན་སོགས་ཕྱོགས་ཚང་མར་འགན་འཁུར་དགོས་པའི་མཐུན་རྐྱེན་ཡོད་པ་རེད། དེར་བརྟེན། ངས་མཉམ་འབྲེལ་དེ་ལྷན་ཁང་གཅིག་ལས་རྒྱ་ཆེ་བར་མཐོང་གི་ཡོད། ད་ལྟའི་ཆར་མཉམ་འབྲེལ་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཀ་ཕྱེད་ཀ་ཞིག་བྱེད་བཞིན་ཡོད་པ་རེད་བསམ་གྱི་ཡོད། མཉམ་འབྲེལ་ཟེར་བ་འདི་ལ་༧གོང་ས་མཆོག་དང་མཁས་དབང་ཟམ་གདོང་རིན་པོ་ཆེ་སོགས་ཀྱིས་ཧ་ཅང་གལ་ཆེན་པོར་གཟིགས་ཀྱི་ཡོད་པ་རེད། མ་འོངས་པར་རྒྱ་གར་གྱི་ཆབ་སྲིད་ལ་འགྱུར་བ་ཕྱིན་ཏེ། བོད་མིའི་སྒྲིག་འཛུགས་འདི་གནས་དང་མི་གནས་ཀྱི་གནས་སྟངས་ཆགས་ཀྱང་། མཉམ་འབྲེལ་འདི་དག་དེབ་སྐྱེལ་ཡོད་པའི་ཚོགས་པ་ཡིན་སྟབས་དཀའ་ངལ་ཡོད་པ་མ་རེད། དེར་བརྟེན་ང་ཚོ་རྒྱ་གར་ནང་གི་སྐྱབས་བཅོལ་བོད་མི་ཚོར་མཉམ་འབྲེལ་གྱིས་འགན་འཁུར་བའི་དུས་ཤིག་བསླེབ་མི་སྲིད་པ་མ་རེད། ང་ཚོ་དེབ་སྐྱེལ་ཡོད་པའི་ཚོགས་པ་ཞིག་ཡིན་སྟབས། སུ་གང་གིས་ཀྱང་མེད་པ་བཟོ་ཐབས་ཡོད་པ་མ་རེད། དེར་བརྟེན། ངས་གཞུང་ཞབས་ལས་དགོངས་པ་ཞུས་ཏེ། མཉམ་འབྲེལ་ནང་ལས་ཀ་བྱས་པ་དང་། འདས་པའི་ལོ་བཞི་ལྷག་རིང་དཀའ་ལས་བརྒྱབ་ནས་ལས་དོན་མང་པོ་བརྩམས་ཏེ་གྲུབ་འབྲས་ཆེན་པོ་ཐོན་ཡོད།

 དྲི་བ། སྐུ་ཉིད་ཀྱིས་ཉེ་ལམ་དྷ་རམ་ས་ལར་གཏམ་བཤད་གནང་སྐབས། གཞིས་ཆགས་ཁག་ཏུ་སྨན་ཁང་ཡོད་ན་སྨན་པ་མེད་པ་དང་། སྨན་པ་ཡོད་ན་སྨན་མེད་པ། སྨན་ཡོད་པ་དེའང་རྫུན་མ་ཡིན་སྐོར་གསུངས་པར། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེ་གཟིགས་སོང་ངམ།

ལན། འཕྲོད་བསྟེན་ལས་ཁུངས་ཀྱི་ལན་འདེབས་དེ་ངས་ལབ་པ་དེ་ག་རང་གཅིག་པ་གཅིག་རྐྱང་གསུངས་འདུག ག་རེ་གསུངས་འདུག་ཟེར་ན། ང་ཚོར་ཨམ་ཆི་ ༡༦ ཡོད་གསུངས་པ་རེད། སྨན་ཞབས་པ་ ༡༠༠ ཙམ་ཞིག་ཡོད་གསུངས་པ་རེད། ང་ཚོར་གཞིས་ཆགས་ལྔ་བཅུ་ང་གྲངས་ཤིག་ཡོད་པ་དེར་སྨན་ཁང་ཆེ་ཆུང་བདུན་ཅུ་བརྒྱད་ཅུ་ཞིག་ཡོད་པ་རེད། གཞིས་ཆགས་ཚང་མའི་ནང་སྨན་ཁང་ཡོད་པ་རེད། གཞིས་ཆགས་ཁག་ཁ་ཤས་ནང་སྨན་ཁང་བཞི་ལྔ་ཡོད་པ་རེད། དཔེར་ན། ལ་དྭགས་ལྟ་བུར་མཚོན་ན། སྨན་ཁང་ཨ་མ་ཞིག་ཡོད་པ་རེད། དེར་སྨན་ཁང་ཆུང་བ་གསུམ་ཙམ་འདུག ངས་གཞིས་ཆགས་ཚང་མ་ཞུས་མེད། དཔེ་མཚོན་ཙམ་ཞུས་ན། ལ་དྭགས་དང་མེའོ་སོགས་སུ་ད་ལྟ་ཨམ་ཆི་ཡོད་པ་མ་རེད། ཁ་ཐོར་དེ་ཚོའི་ནང་ལ་སྨན་ཁང་མང་པོ་ཡོད་པ་རེད། དེར་བརྟེན། ཨམ་ཆི་ ༡༦ ཡོད་གསུངས་པ་དེ་ག་རེ་ཆགས་སོང་།

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

ཆུ་ཚོད་ ༧ སྔོན་ལ།
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩

མཆན། 3

  1. རི་རྒྱལ་ལྷུན་པོ། says:
    ལོ་ 10 སྔོན།

    གཤམ་དུ་མཁར་སྟོད་ལགས་གསུངས་པ་མུས་མཐུན་ཡོད།རྒྱུ་ངོ་དེ་ཙམ་མེད་པ་སྲིད་དོན་པ་ཞིག་རེད་འདུག
    ངས་བལྟས་ན་ཁྱེད་རང་གང་ཅི་ཐད་ཞིབ་འཇུག་མང་ཙམ་བྱེད་དགོས་ཀྱི་འདུག
    ཐེངས་འདི་སྲིད་སྐྱོང་ལངས་ཡའི་འོས་བབས་དེ་རང་ལ་མི་འདུག
    བཙན་བྱོལ་བའི་སྤྱི་ཚོགས་འདི་མི་ག་གེ་མོས་ཞིག་གི་ཉམས་མྱོང་བསག་ཡུལ་མ་རེད།
    བོད་མི་རྣམས་ངེས་པར་དུ་འཁུར་བླངས་ནས་སྲིད་སྐྱོང་མ་ནོར་བ་ཞིག་འདེབས་རྒྱུ་དེ་གལ་ཆེན་པོ་ཞིག་རེད།

    Reply
  2. མཁར་སྟོད། says:
    ལོ་ 10 སྔོན།

    སྲིད་སྐྱོང་འོས་མི་ཁོང་གི་རྒྱུ་མཚན་དེ་ཙམ་མེད་པའི་བཀའ་མོལ་མང་པོ་གསུང་འདུག་པའི་ནང་ནས་ཁ་ཤས་ཟུར་འདོན་ཞུས་ན། དང་པོ། བོད་པ་མང་པོ་དཔལ་འབྱོར་དཀའ་ངལ་གྱིས་ཕྱི་རྒྱལ་དུ་འགྲོ་གི་ཡོད་པ་རེད་ཅེས་གསུང་འདུག་པ་འདི་ནི་དོན་དངོས་ཀྱི་སྤྱི་ཚོགས་ལ་རྒྱུས་མངའ་རྩ་བ་ནས་མེད་པའི་དཔང་རྟགས་གསལ་ཤོས་དེ་རེད། གང་ཡིན་ཟེར་ན་བོད་མི་ཚོ་རྒྱ་གར་ནང་སྐྱབས་བཅོལ་བའི་མིང་ཐོག་ཡོད་ཀྱང་དོན་ངོ་མའི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་སྐྱབས་བཅོལ་བ་དང་ཐོབ་ཐང་གཅིག་མཚུངས་མེད་པ་རེད། རྒྱ་གར་ནང་གི་སྐྱབས་བཅོལ་བ་ཚོར་ས་ཁང་ཉོ་ཆོག་གི་མེད་པ་དང་། ནམ་ཡང་རྒྱལ་ཁབ་འདིའི་མི་སེར་ཆགས་རྒྱུ་མེད་པ་མ་ཟད་རྒྱལ་ཁབ་འདི་ནས་ནམ་ཞིག་རྒྱ་ནག་ཏུ་རྒྱ་ནག་ལ་བོད་མི་ཁྱུ་དང་ཁྱུ་བྱས་ནས་རྩིས་སྤྲོད་མི་སྲིད་པ་མིན་པ་སོགས་དཔལ་འབྱོར་གྱི་དཀའ་མིན་པར་དེ་ལས་ལྷག་པའི་དཀའ་ངལ་མང་པོ་ཞིག་གིས་བོད་མི་ཚོ་ནུབ་ཕྱོགས་སུ་སྐྱབས་བཅོལ་གཉིས་པ་ཞུ་བར་འགྲོ་གི་ཡོད། གཉིས་པ། ཁོང་གིས་ཤེས་ཡོན་སྲིད་བྱུས་ཐད་ཕྱག་ལས་གནང་མཁན་ཚོར་ཟབ་སྦྱོང་དང་སློབ་སྟོན་སོགས་ཀྱི་ལམ་ནས་ཤེས་ཡོན་སྲིད་བྱུས་ཐོག་ངེས་པ་རྙེད་པ་དང་། ཡིད་ཆེས་ཡོང་བ་ཞིག་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་ཤེས་རིག་ལས་ཁུངས་ཀྱིས་ལོ་ལྟར་དགེ་རྒན་ལ་གཟབ་སྦྱོང་དང་། སློབ་སྟོན་ལྷག་པར་དུ་ཤེས་ཡོན་སྲིད་ཇུས་སྐོར་ལ་ཚོགས་འདུ་ཚོགས་པ་དེ་དག་གཟིགས་ཡོད་ས་མ་རེད། གསུམ་པ། རྒྱ་ནག་གི་དཔོན་པོ་དང་ཐད་ཀར་འབྲེལ་བ་བྱེད་ནས་བོད་རྒྱ་འབྲེལ་མཐུད་ཀྱིས་ལམ་ནས་དཀའ་ངལ་སེལ་རྒྱུའི་འཆར་གཞི་འདི་མི་དམངས་ལ་མགོ་སྐོར་གཏོང་གི་ཡོད་རེད་ཡང་ན་རྒྱ་ནག་དམར་ཤོག་དབང་འཛིན་པ་ཚོ་ཁྱེད་ཀྱི་གྲོགས་པོ་རེད། བཀའ་མོལ་འདི་ནི་ལོ་རིམ་ལྔ་དྲུག་གི་སློབ་མ་ཚོས་དེ་ལྟར་ཤོད་ཀྱི་ཡོད། དོན་དངོས་རྒྱ་ནག་དབང་འཛིན་པ་ཚོས་བོད་དང་བོད་མི་ལྷག་པར་དུ་བཙན་བྱོལ་སྤྱི་ཚོགས་འདི་ལ་འཛིན་པའི་སྲིད་ཇུས་དེ་མ་མཁྱེན་པའི་རྟགས་རེད། བཞི་པ། སྲིད་སྐྱོང་འོས་མི་ཁོང་གིས་མཉམ་འབྲེལ་གྱི་ལས་གཞི་དང་དཔལ་འབྱོར་ཡང་རྒྱས་ཐད་ལ་སྔར་མེད་ཀྱི་འགྱུར་ལྡོག་ཆེན་པོ་བཏང་ནས་བོད་པའི་སྤྱི་ཚོགས་སུ་མིག་དཔེ་བལྟ་འོས་པ་ཞིག་ཡིན་པ་འདི་བསྔགས་བརྗོད་ཞུ་ཡུལ་ཞིག་རེད། མདོར་ན། བོད་རྒྱ་དཀའ་རྙོག་སེལ་བར་རྒྱ་ནག་དང་བོད་ནང་གི་གནས་སྟངས་ལ་ཞིབ་འཇུག་དང་ཁོ་ཚོའི་གནས་སྟངས་གསལ་པོ་མ་མཁྱེན་ཚེ་རྒྱ་མིས་འཆར་གཞི་གསར་པ་དང་ཐབས་ལམ་གསར་པ། མིང་གསར་པ་སོགས་ཐབས་ཤེས་ཡོད་རྒུ་རྩལ་སྒྲུབ་ཀྱིས་བོད་ཕྱི་ནང་གཉིས་གྱི་འབྲེལ་བ་དེ་རྒྱང་ཐག་རིང་དུ་གཏོང་རྒྱུ་ཡིན་པ་མ་ཟད་ལྷག་པར་དུ་བཙན་བྱོལ་སྤྱི་ཚོགས་འདི་ཁ་ཐོར་དུ་གཏོང་རྒྱུ་ནི་ཁོ་ཚོས་ལས་འགན་ཨང་དང་པོ་དེ་རེད།

    Reply
  3. མི་སྨྲ་བ། says:
    ལོ་ 10 སྔོན།

    ཡག་པ་བཤད་ཡོད་གི ཡུམ་མེད་གི་ན་ འགྲིག་འདུག་བསམ་བསམ་ཞིག་འདུག དམིགས་བསལ་རྒྱ་ནག་གི་ཞེ་ལ་བཟུང་བའི་ལྟ་ཚུལ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་ངེས་པར་བྱ་དགོས་པའི་ལས་དོན་ཁག་ངོས་བཟུང་བ་སོགས་ཤིན་ཏུ་གནད་ལ་ཟུག་འདུག

    མ་འོངས་པའི་སྲིད་སྐྱོང་ཁྱོད་འཚམས་པ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese