དེ་རིང་སྔ་དྲོར་དཀར་མཛེས་ཁུལ་ལི་ཐང་ཐིལ་ནས་བོད་མི་གཞོན་སྐྱེས་ཤིག་གིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་གནང་སྟེ་ཉེན་རྟོག་པས་བཙན་ཁྲིད་བྱས་འདུག
ད་ལྟ་རང་དགེ་བཤེས་སེར་སྨད་བློ་དགའ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། དེ་རིང་སྔ་དྲོ་བོད་ནང་གི་ཆུ་ཚོད་ ༩།༤༠ ཡས་མས་སུ། དཀར་མཛེས་ཁུལ་ལི་ཐང་ཐིལ་གྱི་ཁྲུང་ཁྲུང་དཀར་མོ་ས་ཁུལ་གྱི་ཉེན་རྟོག་ལས་ཁུངས་འགྲམ་དུ། བོད་མི་ན་གཞོན་ཞིག་གིས་༧རྒྱལ་བ་རིན་པོ་ཆེའི་སྐུ་ཐང་ཆེན་པོ་ཞིག་གནམ་ལ་འཕྱར་ཏེ་བོད་ལ་རང་དབང་དགོས། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། ཞེས་སྐད་འབོད་ཤུགས་ཆེན་བྱས་ཡོད་སྟབས། དེ་མ་ཐག་ཉེན་རྟོག་པས་ཁོང་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག
ཡང་གནས་ཚུལ་མཁོ་སྤྲོད་པས། སྐབས་དེར་གནས་ཚུལ་བྱུང་ཡུལ་དུ་མི་མང་པོ་མེད་སྟབས། གྱོན་གོས་ནག་པོ་གྱོན་པའི་ཉེན་རྟོག་པ་སྐོར་ཞིག་གིས་སྐད་འབོད་གནང་མཁན་ཁོང་ལས་སླ་པོའི་ངང་འཇུ་བཟུང་བྱས་ཏེ། སྣུམ་འཁོར་ནག་པོ་ཆུང་ཆུང་ཞིག་གི་ནང་བཅུག་སྟེ་བཙན་ཁྲིད་བྱས་ཡོད་འདུག ད་ལྟ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པས་བོད་མི་གཞོན་སྐྱེས་དེའི་མིང་དང་ལོ། ས་གནས་གང་ནས་ཡིན་སོགས་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཐུབ་ཀྱི་མི་འདུག ཅེས་བརྗོད་བྱུང་།
གསར་འགོད་པ། དོན་གྲུབ།