མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོ་རྒྱ་གར་བ་ཚོས་ཁྱེད་ཅག་གི་རྒྱལ་ཞེན་ལ་རྗེས་སུ་ཡི་རང་ཞུ་བཞིན་ཡོད།

བོད་ཀྱི་དུས་བབ།
༢༠༡༥/༠༩/༠༢
Share on FacebookShare on TwitterShare on EmailShare on Whatsapp

 

དམངས་གཙོའི་དུས་ཆེན་ཐེངས་ ༥༥ པ་གཞུང་འབྲེལ་སྲུང་གཙི་གནང་བའི་ཐོག བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་ ༥༠ འཁོར་བའི་དུས་སྟོན་ཟེར་བ་དེ་སྲུང་གཙི་བྱེད་པའི་གནས་སྟངས་མི་འདུག་ལ། ཡ་ང་བའི་དུས་དྲན་ཞིག་ཏུ་ངོས་འཛིན་གྱིས་བོད་མི་ཚོས་དྲན་གསོ་བྱེད་དགོས་སྐོར་གསུངས་སོང་།

 

11དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པ་ཙམ་ལ་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ། ༧གོང་ས་མཆོག་ནས་བོད་འབངས་ཡོངས་ལ་དམངས་གཙོའི་ལམ་བཟང་གསོལ་བསྩལ་བཀའ་དྲིན་བསྐྱངས་ཏེ་ལོ་ངོ་ ༥༥ འཁོར་བའི་དུས་ཆེན་སྲུང་གཙི་གནང་སོང་བ་དང་། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་དབུས་ཁྲིམས་ཞིབ་པ་གཞན་གཉིས་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བཀའ་བློན་རྣམ་པ། དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་གྱི་དབུས་སྤྱི་འཐུས་རྒྱུན་ལས་རྣམ་པ། སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་ཤན་ཐ་ཀུ་མུར་(Shanta Kumar)མཆོག་དང་། དམིགས་བསལ་སྐུ་མགྲོན་རྒྱ་གར་དབུས་གཞུང་གི་བུད་མེད་དང་བྱིས་པའི་ལས་འཆར་ཡར་རྒྱས་བློན་ཆེན་ལྕམ་མི་ནི་ཀཱ་གྷན་རྡི་(Meneka Gandhi)མཆོག་རྣམ་གཉིས་ཀྱི་གཙོས་དེ་མིན་གྱི་གྲོས་ཚོགས་འཐུས་མི་ ༤ བཅས་ཆེད་ཕེབས་གནང་ཡོད་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་དང་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། སྲི་ཞུ་ལས་བྱེད། གཞན་ཡང་། གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་རྣམ་པ་དང་། སློབ་ཕྲུག་གི་གཙོས་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༣༠༠༠ ཡས་མས་འཛོམས་འདུག

 

མཛད་སྒོའི་ཐོག་མར་ཚང་མ་སྐུ་བཞེངས་ཀྱིས་བོད་དང་རྒྱ་གར་གྱི་རྒྱལ་དར་བསྒྲེངས་འཛུགས་གནང་བ་དང་བསྟུན་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་ཕུལ་བ་དང་། བོད་ཀྱི་ཟློས་གར་ཚོགས་པས་དམངས་གཙོའི་གསར་གཞས་ཕུལ་གྲུབ་རྗེས། འདི་ལོའི་དགའ་ལྡན་ཕོ་བྲང་གི་གཟེངས་རྟགས་ཐོབ་མཁན་སློབ་མ་ ༩ དང་། སྲིད་སྐྱོང་གཟེངས་རྟགས་དང་སྲིད་སྐྱོང་སློབ་ཡོན་གཟེངས་རྟགས་ཐོབ་པའི་འབུམ་རམས་སློབ་ཐོན་གྱི་སློབ་མ་ ༢ དང་། དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་ཡར་རྒྱས་རམ་འདེགས་ཚན་པའི་ལས་གཞིའི་འོག ཁྱད་ལས་ཚོང་པ་གསར་པ་ཁག་ཅིག་ལ་༼ཁྱད་མཁས་ཚོང་པ་གསར་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས༽བཅས་གནང་སོང་བ་དང་འབྲེལ། བོད་ཀྱི་ཟློས་གར་ཚོགས་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད། དེ་བཞིན་ཉེ་འཁོར་སློབ་གྲྭ་ཁག་ནས་གཞས་སྣ་གཟིགས་འབུལ་བཅས་ཞུས་སོང་།

 

33མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་གི་གསུང་བཤད་ཡིག་ཐོག་ནས་སྒྲོག་སྦྱངས་གནང་སྐབས་ཕྱི་ལོ་ ༢༠༡༦ ལོའི་འོས་བསྡུའི་སྐོར་ལ་འབོད་སྐུལ་གནང་དོན། རིང་མིན་མང་ཚོགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུ་གནང་རྒྱུ་ཡིན་ཞིང་། སྔོན་འགྲོའི་འོས་བསྡུ་ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༨ ཉིན་དང་། དངོས་གཞིའི་འོས་བསྡུ་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༠ ཉིན་བཅས་སོ་སོར་གནང་གཏན་འཁེལ་ཡོད་སྟབས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་ནང་གསལ་འོས་ཆོས་ཚང་བའི་བོད་མི་ཀུན་གྱི་འོས་བསྡུའི་ལས་རིམ་ནང་མཉམ་ཞུགས་གནང་རྒྱུ་གལ་ཆེན་ཡིན་པ་མ་ཟད། བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་གཉན་འཕྲང་ཆེ་བ་དང་། བཙན་བྱོལ་བོད་མིའི་གནས་བབ། རང་ཅག་རྣམས་ཀྱི་བསྒྲུབ་བྱ་ཇི་ཡིན་སོགས་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་བསམ་ཞིབ་ཀྱིས་བོད་མིའི་མངོན་འདོད་བསྒྲུབ་པར་བྱེད་མཁན་འགོ་ཁྲིད་འོས་བསྡུ་བྱ་རྒྱུའི་ཐོབ་ཐང་དང་འགན་འཁུར་གཉིས་ཀ་མི་མང་ལ་ཡོད། ཡང་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མིར་བཞུགས་མཁན་དང་རྒྱབ་སྐྱོར་གནང་མཁན་ཀུན་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་བཟང་སྤྱོད་ཀྱི་ཁྱད་རྣམ་མ་དོར་བའི་སྒོ་ནས་གཏམ་བཤད་དང་བསྒྲགས་གཏམ་སོགས་གནང་དགོས་ཞེས་གལ་ཆེ་ནན་ཏན་གྱི་འབོད་བསྐུལ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

 

བཙན་བྱོལ་བོད་མིས་དམངས་གཙོའི་ལམ་ལུགས་ལག་བསྟར་གནང་བཞིན་པ་འདིས་རྒྱ་ནག་གི་གཙོས་རྒྱལ་སྤྱིའི་ཐོག་བོད་མིའི་རང་དབང་དམངས་གཙོའི་མངོན་འདོད་ཀྱི་བརྡ་ལན་གསལ་པོ་ཞིག་སྤྲད་ཡོད་སྐོར་ཁོང་གིས། རྒྱ་གཞུང་གི་གཙོས་རྒྱལ་སམུ་མཐུད་དུ། ང་ཚོས་སྤྲོ་སྣང་ཆེན་པོའི་སྒོ་ནས་དམངས་གཙོའི་ལམ་ལུགས་ལག་བསྟར་བྱེད་བཞིན་པ་འདིས། རྒྱ་ནག་གཞུང་གིས་གཙོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་མི་རིགས་ཀྱི་རང་དབང་དམངས་གཙོའི་མངོན་འདོད་མཚོན་པའི་བརྡ་ལན་གསལ་པོ་ཞིག་སྤྲད་ཐུབ་པ་ཡོང་རྒྱུ་མ་ཟད། གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་ལའང་གདུང་སེམས་མཉམ་བསྐྱེད་དང་། སྙིང་སྟོབས་འཕེལ་གཞིར་ཡང་འགྱུར་རྒྱུ་ཡིན།

 

དགའ་འོས་པ་ཞིག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བཙན་བྱོལ་བོད་མིའི་དམངས་གཙོའི་ལས་རིམ་ལ་དོ་སྣང་བྱེད་བཞིན་ཡོད། ཕྱི་ལོ་ ༢༠༡༡ ལོའི་སྲིད་སྐྱོང་གི་འོས་བསྡུའི་སྐབས་གསར་འགྱུར་བརྒྱུད་ལམ་ཁག་ནང་དྲིལ་བསྒྲགས་ཤུགས་ཆེ་བྱུང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༢ ལོར་བཞག་པའི་ཨ་རིའི་གྲོས་ཚོགས་གོང་མའི་གྲོས་ཆོད་ཨང་ ༣༥༦ གིས་མཚོན་པའི་སྲིད་གཞུང་གི་བསྒྲགས་གཏམ་ཁག་གཅིག་གི་ནང་དུའང་འོས་བསྡུའི་སྐོར་འཁོད་ཡོད། དེ་མཚུངས་འབྱུང་ཉེའི་འོས་བསྡུའི་ཐད། ཨ་རིའི་གྲོས་ཚོགས་འོག་མས་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༨ ཉིན་གྲོས་ཆོད་ཨང་ ༣༣༧ གཏན་འབེབས་གནང་ཡོད་པ་དེའི་ནང་རིང་མིན་འགོ་འཛུགས་བྱ་རྒྱུའི་འོས་བསྡུ་ཆེན་མོའི་སྐབས་བཙན་བྱོལ་བོད་མི་རྣམས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་སྲིད་སྐྱོང་འོས་འདེམས་བྱེད་ཀྱི་ཡོད་སྟབས། འོས་བསྡུའི་ལས་རིམ་དེ་དག་ལ་ཨ་རིའི་སྲིད་གཞུང་གིས་ངོས་འཛིན་དང་། རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་དང་དོ་ཁུར་སླེབས་ཐབས་ཀྱི་འབད་བརྩོན་བྱ་དགོས།

 

བོད་མིའི་མངོན་འདོད་བསྒྲུབ་ཐབས་སུ་བཀའ་ཤག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལག་བསྟར་བྱེད་དང་བྱེད་མུས་ཡིན། ཞི་ཅིན་ཕིང་གིས་དབུ་འཁྲིད་པའི་རྒྱ་ནག་གཞུང་གིས་གྲོས་མོལ་གྱི་ལམ་ནས་བོད་དོན་དཀའ་རྙོག་སེལ་ཐབས་བྱ་རྒྱུ་དེ་ཉིད་ཐབས་ལམ་བཟང་ཤོས་ཡིན་པ་གོ་རྟོགས་རྙེད་པའི་རེ་བ་ཡོད། དབུ་མའི་ལམ་གྱི་སྲིད་བྱུས་དེས་རང་རྒྱལ་གཞན་ཕམ་མ་ཡིན་པར་ཕྱོགས་གཉིས་ཀའི་ཁེ་ཕན་ལ་བརྩི་བཀུར་བྱེད་ཀྱི་ཡོད་སྟབས། རྒྱལ་སྤྱིའི་ཁྱོན་ཡོངས་ནས་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཡོད། ཅེས་གསུངས་སོང་།

 

ཡང་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་སྐབས། དེ་རིང་ནི་བཀའ་ཤག་སྐབས་བཅུ་བཞི་པའི་ལས་ཡུན་རིང་གི་དམངས་གཙོའི་དུས་ཆེན་ཐེངས་ལྔ་པ་དེ་ཡིན། དུས་ཡུན་ལོ་བཞིའི་རིང་མང་ཚོགས་ཁྲོད་དམངས་གཙོའི་ཉམས་མྱོང་དང་གོ་རྟོགས་བཟང་དུ་ཕྱིན་ཡོད་པ་དང་། དེ་བཞིན་མང་ཚོགས་ཀྱི་བགྲོ་གླེང་གི་ནང་དོན་དང་ཁ་ཕྱོགས་ཀྱང་བཟང་དུ་ཕྱིན་ཡོད། མ་འོངས་པར་ཡང་དེ་མཚུངས་མུ་མཐུད་ཡར་རྒྱས་གོང་འཕེལ་འགྲོ་རྒྱུ་ཡིན་པ་ང་ཚོས་གདེང་ཚོད་ལྡན་པའི་སྒོ་ནས་བརྗོད་ཐུབ། དམངས་གཙོའི་རིང་ལུགས་ཀྱི་ཐབས་ལམ་ལ་བརྟེན་ནས་ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་གྱི་བར་བོད་མིའི་འཐབ་རྩོད་མུ་མཐུད་གནས་རྒྱུ་ཡིན། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བ་དབུ་བརྙེས་ནས་མི་ལོ་ ༥༠ འཁོར་བའི་དུས་ཆེན་སྲུང་བརྩི་བྱ་རྒྱུ་དང་པེ་ཅིང་ནས་ཆེས་མཐོའི་འགོ་འཁྲིད་ཚང་འཛོམས་བྱ་འཆར་གྱི་གནས་ཚུལ་ཐོན་འདུག་རུང་། བོད་ནང་གི་དངོས་ཡོད་གནས་སྟངས་ལ་བལྟས་ན་དེ་ལྟར་སྲུང་བརྩི་བྱ་དགོས་པའི་རྒྱུ་མཚན་གང་ཡང་མཐོང་རྒྱུ་མེད། ཅེས་སོགས་གསུངས་སོང་།

 

22སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ཡིག་ཐོག་ནས་སྒྲོག་སྦྱངས་གནང་སྐབས། ཕྱི་ལོ་ ༢༠༡༦ ལོའི་སྤྱི་འཐུས་ཀྱི་འོས་བསྡུའི་སྐོར་ལ་འབོད་སྐུལ་གནང་དོན། དེང་སྐབས་བོད་མིའི་དམངས་གཙོའི་སྒྲིག་འཛུགས་ཀྱི་ཁྲིམས་ལུགས་དབང་འཛིན་ཕུད་པའི་སྒྲིག་འཛུགས་གལ་ཆེ་ཤོས་གཉིས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དང་འཛིན་སྐྱོང་གི་དབུ་འཁྲིད་སྲིད་སྐྱོང་དང་། ཁྲིམས་བཟོ་ལྷན་ཚོགས་སམ། བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་སྤྱི་འཐུས་རྣམས་ཀྱི་འོས་བསྡུ་ཆེན་མོ་གཉིས་སླེབས་ལ་ཉེ་བའི་སྐབས་འདིར་སྤྱི་ཚོགས་ནང་བགྲོ་གླེང་དང་། དོ་སྣང་ཆེན་པོ་བྱེད་བཞིན་པ་གང་ལེགས་དང་། སྲིད་སྐྱོང་དང་། འཐུས་མི་འོས་འདེམས་ཀྱི་གོ་སྐབས་འདི་ལྟ་བུ་ནི་ལོ་ལྔ་རེའི་མཚམས་སུ་མ་གཏོགས་ཡོང་རྒྱུ་མེད་ཅིང་། དམངས་གཙོའི་རིང་ལུགས་ཅན་གྱི་སྒྲིག་འཛུགས་ནང་འོས་བསྡུའི་ལས་རིམ་འདི་བཞིན་མང་ཚོགས་ཀྱི་ལས་འགན་གལ་གནད་ཅན་ཞིག་ཡིན་པས་འོས་བསྡུའི་དེབ་སྐྱེལ་དང་། དངོས་སུ་འོས་འཕེན་ཁག་བཅས་པར་མཉམ་ཞུགས་ངེས་པར་གནང་དགོས་ཤིན་ཏུ་གལ་ཆེ་ཡིན་ཞིང་། དེ་ཡང་གཞན་གྱི་བརྒྱུད་སྐུལ་དང་། ཟེར་རྗེས་ཙམ་གྱི་རྗེས་སུ་མི་འབྲང་པར་སོ་སོའི་རྣམ་དཔྱོད་ཀྱི་ཐོག་ནས་རང་དབང་གིས་སྲིད་སྐྱོང་དང་། སྤྱི་འཐུས་ཚད་ལྡན་འོས་འདེམས་ཐུབ་པའི་བོད་ཀྱི་ཡུལ་མིའི་ལས་འགན་ངེས་པར་འཁུར་དགོས། དེ་བཞིན་བོད་མི་མི་ཉུང་བ་ཞིག་ཕྱིའི་རྒྱལ་ཁབ་ཀྱི་ཡུལ་གྲུ་གང་སར་རིམ་བསྐྱོད་བྱས་དང་བྱེད་བཞིན་པ་རྣམས་མང་ཆེ་བ་ས་གནས་ཁ་འཐོར་གྱིས་གནས་སྡོད་ཡོད་པ་ཚང་མས་ཀྱང་གོང་བཞིན་འོས་བསྡུའི་ལས་དོན་ལ་མཐོང་ཆེན་ངང་མཉམ་ཞུགས་ཐུབ་པའི་ཐུགས་སྣང་འགན་འཁུར་ཆེར་བསྐྱེད་དགོས་པ་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་འབོད་སྐུལ་ནན་ཙམ་ཞུ་རྒྱུ་ཡིན།

 

བཙན་བྱོལ་བོད་མིའི་འོས་བསྡུའི་བྱ་རིམ་འདིར་འཛམ་གླིང་ས་ཕྱོགས་གང་ས་ནས་ཐུགས་སྣང་ཆེན་པོས་གཟིགས་བཞིན་ཡོད་པས་འོས་བསྡུའི་ལས་དོན་དང་འབྲེལ་བའི་ལས་ཀྱི་སྣེ་མོར་གཏོགས་པ་ཀུན་གྱིས་ཀྱང་འོས་བསྡུའི་ལས་དོན་གང་ཡང་ཁྲིམས་སྒྲིག་དང་མཐུན་ཞིང་དྲང་བདེན་ངང་གནང་སྟེ་ཕྱིས་འབྱུང་རྩོད་རྙོག་གམ་གླེང་ལྷག་རིགས་མི་འབྱུང་བའི་ཐུགས་འགན་གཟབ་ནན་གནང་གལ་ཆེ་ཞེས་དེ་རིང་གོ་སྐབས་འདི་བརྒྱུད་ནས་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

 

ཡང་ཁོང་གིས་དེ་རིང་བཙན་བྱོལ་བོད་མི་རྣམས་ཀྱིས་རང་དབང་དམངས་གཙོའི་དུས་དྲན་ཉིན་མོ་སྲུང་བརྩི་ཞུ་བའི་དུས་ཚོད་གལ་ཆེ་ཞིག་ཆགས་ཡོད་ནའང། གཞིས་ལུས་རྒྱ་ཆེའི་སྤུན་ཟླ་མི་མང་རྣམས་རྒྱ་གཞུང་གི་བཙན་དབང་འོག་དམངས་གཙོ་དང། རང་དབང། དྲང་བདེན་བཅས་མེད་ཁར། ཉེས་མེད་བོད་མི་མང་པོ་བཙོན་འཇུག་སོགས་མནར་གཅོད་ཀྱི་སྡུག་བསྔལ་མྱོང་བཞིན་ཡོད་པ་དང། རྒྱ་ནག་རྒྱ་ཆེའི་མང་ཚོགས་རྣམས་ཀྱང་རྒྱ་ནག་དམར་པོའི་སྲིད་གཞུང་གི་མགོ་འཁྲིད་ཚོའི་གཅིག་སྡུད་ཀྱི་དབང་བྱུས་འོག་འཛམ་གླིང་ཡུལ་གྲུ་གཞན་ལྟར་གང་ཅིའི་རང་དབང་མེད་པའི་གནས་སྟངས་ཀུན་གྱིས་མཁྱེན་གསལ་ལྟར། དེང་སང་དཀྱིལ་ཤར་ཡུལ་གྲུ་སོགས་ཀྱི་ནང་དུ་རང་དབང་དམངས་གཙོའི་ལམ་ལུགས་ལ་དོ་སྣང་དང་འགྱུར་བ་ཤུགས་ཆེ་འགྲོ་བཞིན་པ་ལྟར། རྒྱ་ནག་གཞུང་གི་ཆབ་སྲིད་ལམ་ལུགས་ཀྱང་རིམ་པས་རང་དབང་དམངས་གཙོ་ཅན་དུ་བསྒྱུར་སླད་རྒྱལ་སྤྱིའི་ཁྱོན་ནས་གནོན་ཤུགས་ནན་ཏན་སྤྲོད་དགོས་པ་དུས་ཚོད་ཀྱི་དགོས་མཁོ་ཤིན་ཏུ་གལ་ཆེ་ཞིག་ཏུ་མཐོང་། ཞེས་དང་།

 

བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་ ༥༠ འཁོར་བའི་དུས་དྲན་ཟེར་བ་དེ་བོད་མི་ཚོའི་ངོས་ནས་ཡ་ང་བའི་དུས་དྲན་ཞིག་ཏུ་ངོས་འཛིན་གྱིས་དྲན་གསོ་བྱེད་དགོས་སྐོར་གསུངས་དོན། ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༩ པའི་ ༡ ཉིན། བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ཏེ་མི་ལོ་ ༥༠ འཁོར་བའི་དུས་དྲན་ཡིན་ཟེར་བ་དང་འབྲེལ་བོད་ནང་ཡར་རྒྱས་བཏང་ལུགས་ཀྱི་ཁྱབ་བསྒྲགས་ཤུགས་ཆེ་བྱས་ཡོད་ཀྱང་དོན་དངོས་སུ་མི་ལོ་ ༥༠ དེའི་རིང་གུང་ཁྲན་སྲིད་གཞུང་གི་བཀའ་བཀོད་འོག་ཁྲིམས་སྲོལ་འདྲ་མིན་མང་དག་བཟོས་ཏེ་གཞིས་ལུས་བོད་མི་རྣམས་རྒྱའི་བྲན་གཡོག་ཏུ་བཀོལ་ནས་མི་ལོ་ ༥༠་ཕྱིན་ཟིན་པའི་དུས་ཚིགས་ཤིག་ཆགས་ཡོད་ལ། བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་རྣམས་ད་ལྟ་བོད་རང་སྐྱོང་ལྗོངས་ཟེར་བ་འདི་དང་། མཚོ་སྔོན་ཞིང་ཆེན། སི་ཁྲོན་ཞིང་ཆེན། ཡུ་ནན་ཞིང་ཆེན། ཀན་སུའུ་ཞིང་ཆེན་ཟེར་བ་བཅས་ནང་དུམ་བུར་བཏང་སྟེ་ཁ་བྲལ་བཟོས་ནས་མི་ལོ་ ༥༠ ཐམ་པ་འཁོར་བའི་དུས་དྲན་ཞིག་དང་། བོད་ནང་རིག་གནས་གསར་བརྗེ་ཟེར་བ་སོགས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་བའི་ལས་འགུལ་ཟམ་མ་ཆད་པ་སྤེལ་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་ཞིག  ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གིས་དབུས་བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེ་སོགས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མ་ཉེས་ཁག་གཡོགས་ཀྱི་ཉེས་འཛུགས་བྱེད་མཁན་ཁ་ཞེ་མི་མཚུངས་པའི་རང་སྐྱོང་མིན་པ་གཞན་སྐྱོང་ཞིག་བཙུགས་ཏེ་མི་ལོ་ ༥༠ འཁོར་བའི་དུས་དྲན་ཞིག བོད་ནང་དམིགས་བསལ་གྱི་སྲིད་བྱུས་ལག་བསྟར་བྱས་ནས་གཞིས་ལུས་བོད་མི་རྣམས་ལ་སྨྲ་བརྗོད་ཀྱི་རང་དབང་དང་། འགྲོ་འོང་གི་རང་དབང་། ཆོས་དད་ཀྱི་རང་དབང་། རང་ལུས་ལ་རང་དབང་སོགས་འགྲོ་བ་མིའི་ཐོབ་ཐང་ཡེ་ནས་བྲལ་ཏེ་མི་ལོ་ ༥༠ འཁོར་བའི་དུས་དྲན་ཞིག བོད་ནང་གདུག་རྩུབ་ཇེ་ཆེ་ཇེ་སྡུག་ཏུ་གཏོང་ཆེད་ལོ་ལྔ་ཚན་གྱི་དྲག་གནོན་གྱི་ཁྲིམས་ངན་སྲིད་བྱུས་ཀྱི་འོག་བོད་མི་གྲངས་ལས་འདས་པ་བཙོན་འཇུག་དང་གཅར་རྡུང་སུན་གཙེར་བཅས་བྱས་ཏེ་དུས་མིན་རྐྱེན་འདས་དང་། གར་ཡོད་ཆ་མེད་དུ་བཏང་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་ཞིག གུང་ཁྲན་སྲིད་དབང་སྒེར་སྤྱོད་རིང་ལུགས་པས་བོད་ནང་རང་ཐག་རང་གཅོད་ཀྱི་འགྲོ་ལམ་མེད་པ་བཟོས་ཏེ་གཞིས་ལུས་བོད་མི་རྣམས་ཆེས་མུན་ནག་གི་ཁྲོད་དུ་གནས་ཏེ་མི་ལོ་ ༥༠ འཁོར་བའི་ཡ་ང་བའི་དུས་དྲན་ཞིག་ཏུ་ངོས་འཛིན་གྱིས་ང་ཚོས་ཀྱང་དྲན་གསོ་བྱེད་དགོས་པ་ཞིག་ཡིན། ཞེས་སོགས་གསུངས་སོང་།

 

44མཛད་སྒོའི་དམིགས་བསལ་སྐུ་མགྲོན་ལྕམ་མི་ནི་ཀཱ་གྷན་རྡི་མཆོག་གིས་བོད་མིའི་རྒྱལ་ཞེན་དང་མི་རིགས་ཀྱི་ངོ་བོ་གཅེས་འཛིན་བྱེད་བཞིན་པར་རྗེས་སུ་ཡི་རང་ཡོད་སྐོར་གསུངས་དོན། ཁྱེད་རྣམ་པ་འདིར་བསླེབས་པ་ནས་བཟུང་ངའི་ནང་མི་དང་བོད་མིའི་འཐབ་རྩོད་ལས་འགུལ་བར་འབྲེལ་བ་དམ་ཟབ་བྱུང་ཡོད་པ་ལྟར། ང་དང་ངའི་བུས་ལམ་སྲོལ་འདི་མུ་མཐུད་དམ་ཟབ་ཉར་རྒྱུ་ཡིན་པ་མ་ཟད། ཁྱེད་རྣམ་པ་འདིར་ཕེབས་པར་ཧ་ཅང་དགའ་པོ་བྱུང་ཞེས་ཞུ་རྒྱུ་ཡིན། ད་ལན་བོད་མི་དང་བོད་མིའི་འཐབ་རྩོད་ཐད་ང་ལ་རྒྱུས་མངའ་ཐོག་མ་བྱུང་བ་གང་ཡང་མ་རེད། གང་ཡིན་ཟེར་ན། ངའི་པ་ལགས་དམག་ཞབས་ཡིན་སྐབས། ཁོང་ཨིན་ཌུ་དམག་སྒར་ལ་གནས་སྤོ་གནང་བར་བརྟེན་ང་ཆུང་དུས་ནས་རྡ་རམ་ས་ལར་རྟག་པར་ཡོང་གི་ཡོད་སྟབས། ཁྱེད་རང་ཚོ་ང་ལ་རྒྱུས་མངའ་ཡོད་ཡོད་པ་རེད། ཁ་སང་བོད་ཀྱི་ཟློས་གར་ཚོགས་པས་ཉམས་འགྱུར་དང་ལྡན་པའི་ཐོག་ནས་བོད་ཀྱི་ཐུན་མོང་མིན་པའི་རིག་གཞུང་འཁྲབ་སྟོན་གནང་བ་དང་འབྲེལ་ནས་ངས་ཁྱེད་ཚོར་ག་རེ་ཞུ་འདོད་བྱུང་ཟེར་ན། འཛམ་གླིང་སྟེང་གི་རྒྱལ་ཁབ་མང་པོ་ཞིག་རྒྱལ་ཁབ་གཞན་གྱིས་བཙན་འཛུལ་བྱས་ཡོད་པ་མ་ཟད། རྒྱལ་ཁབ་མང་པོ་ཞིག་གི་རང་གི་ཐུན་མོང་མིན་པའི་ངོ་བོ་རྩ་བརླག་ཕྱིན་ཡོད་ཀྱང་། ཁྱེད་ཚོས་རང་ཉིད་ཀྱི་རིག་གཞུང་དང་སྐད་ཡིག་ཉར་ཚགས་ལེགས་པོ་བྱས་པ་དང་། རྒྱལ་ཁབ་ལ་བཅངས་པའི་རྒྱལ་ཞེན་ཉམས་མེད་གསོན་པོར་གནས་ཡོད་པ་དེ་གཟི་བརྗིད་དང་སྤོབས་པ་སྐྱེ་གཞི་ཞིག་ཆགས་ཡོད་པ་མ་ཟད། ལྷག་པར་དུ་ལོ་ཆུང་བྱིས་པ་ཚོས་ཀྱང་སོ་སོའི་མི་རིགས་དང་རྒྱལ་ཁབ་ལ་སྤོབས་པ་ཆེན་པོ་བྱེད་བཞིན་ཡོད་པ་མཐོང་འཕྲལ་ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། ཁྱེད་ཚོའི་འཐབ་རྩོད་ནི་ཡུན་རིང་དཀའ་ཚེགས་ཆེ་བ་ཞིག་ཡིན་ཡང་། ང་ཚོ་རྒྱ་གར་བ་ཚོས་ཁྱེད་ཅག་གིས་སོ་སོའི་རྒྱལ་ཁབ་དང་མི་རིགས་ལ་བཅངས་པའི་ཉམས་མེད་ཀྱི་རྒྱལ་ཞེན་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཞུ་བཞིན་ཡོད། ཅེས་སོགས་གསུངས་སོང་།

 

DSC_5247མཇུག་ཏུ་སྐུ་མགྲོན་གཙོ་བོ་གྲོས་ཚོགས་འཐུས་མི་ཤན་ཐ་ཀུ་མུར་མཆོག་གིས། བོད་མི་ཚོ་སོ་སོའི་ལུང་པ་དང་ཁ་བྲལ་ནས་ལོ་ངོ་ ༥༠ ལྷག་འགྲོ་བཞིན་ཡོད་ཀྱང་། མུ་མཐུད་སོ་སོའི་ཆོས་དང་རིག་གཞུང་ལ་བདག་པོ་རྒྱག་ཐུབ་ཀྱི་ཡོད་པ་མ་ཟད། བོད་དང་རྒྱ་གར་ཙམ་མ་ཡིན་པར་འཛམ་གླིང་ཡུལ་གྲུ་གང་སར་གནས་སྡོད་བྱེད་བཞིན་ཡོད་པའི་བོད་མི་ཡོད་དོ་ཅོག་གིས། བོད་རང་དབང་གི་འཐབ་རྩོད་དེ་ཞི་བའི་ཐོག་ནས་བརྩོན་ལེན་གནང་གི་ཡོད་པ་དེ་ཧ་ཅང་ཡག་པོ་ཡིན་པ་དང་། འདས་པའི་ལོ་རྒྱུས་ཁྲོད་བོད་དང་རྒྱ་གར་གཉིས་ཆོས་ལུགས་དང་སྐད་ཡིག་རིག་གཞུང་གི་ཐོག་ནས་འབྲེལ་བ་གཏིང་ཟབ་ཡོད་པ་དེ་རྒྱུན་སྐྱོང་བཞིན་ཡོད་ལ། མ་འོངས་པར་ཡང་རྒྱུན་སྐྱོང་གནང་དགོས་པ་དང་། རྒྱ་གར་མི་མང་དང་གྲོས་ཚོགས་ཀྱི་ངོས་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མུས་ཡིན་པ་ལྟར་མ་འོངས་པར་ཡང་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་སོགས་གསུངས་སོང་།

 

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦
ལྕམ་སྐུ་པེ་ལོ་སི་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧སྐུའི་གོ་སྟོན་སྲུང་གཙི་གནང་།

༢༠༢༥/༠༦/༢༦

མཆན། 10

  1. བློ་གྲོས་རབ་བརྟན། says:
    ལོ་ 10 སྔོན།

    དུས་བབ་ཀྱི་དྲ་ཚིགས་གསར་བར་རྟེན་འབྲེལ་ཞུ།

    Reply
  2. གཱ་ཕྲུག says:
    ལོ་ 10 སྔོན།

    དུས་བབས་ཚང་ལ་བཀྲིས་རྟེན་འབྲེལ་ཞུ

    Reply
  3. དགྲ་ལྷ་ནག་པོ། says:
    ལོ་ 10 སྔོན།

    བོད་ཀྱི་དུས་བབ་ཚང་གི་དྲ་ངོས་གསར་བརྗེ་གནང་བར་དགའ་བསུ་ཞུ།
    དོན་སྙིང་ལྡན་པའི་གསར་འགྱུར་རྣམས་དུས་ཐོག་མི་མང་གི་སྤྱན་ལམ་དུ་འདྲེན་བཞིན་པར་དེ་བས་ཀྱང་དགའ་སྤོབས་སྐྱེས་ཡོད་ལགས།

    Reply
  4. ཁ་བའི་ལོ་མ། says:
    ལོ་ 10 སྔོན།

    བོད་ཀྱི་དུས་བབ་ཚང་ལ་རྟེན་འབྲེལ་ཞུ། མཛད་འཕྲིན་སྔར་ལས་དར་བར་སྨོན།

    Reply
  5. ཤག་སྒང་པ་སངས་ཚེ་རིང་། says:
    ལོ་ 10 སྔོན།

    བོད་ཀྱི་མང་གཙོ་རྒྱས་འགྱུར་ཞིག བོད་ཀྱི་དུས་བབ་ཀྱི་དྲ་ངོས་གསར་པ་མཇལ་བར་རྟེན་འབྲེལ་བཀྲིས་བདེ་ལེགས་ཞུ།

    Reply
  6. མི་རྐྱང་གདོང་ཁ། says:
    ལོ་ 10 སྔོན།

    གྲོས་ཚོགས་ཀྱི་ངོས་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མུས་ཡིན་པ་ལྟར་མ་འོངས་པར་ཡང་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་སྐད་ཆ་སྣང་བ་གཏན་ནས་འགྲོ་མ་སོང་།རྒྱ་གར་གྱིས་ཧམ་པ་བཤད་པ་དང་བོད་མི་ཚོ་ཧམ་བཤད་ཉན་རྒྱུ་ཡོད་དམ།

    Reply
  7. gyatso-b says:
    ལོ་ 10 སྔོན།

    དམངས་གཙོ་དུས་ཆེན་དང་སྟབས་སྟུན་ཏེ ༼ བོད་ཀྱི་དུས་བབ ༽དྲ་ཚིག་གསར་བ་དབུ་རྙེད་པར་རྟེན་འབྲེལ་ཞུ།

    Reply
  8. ལྷོ་ཕྱོགས་ཁུག་རྟ། says:
    ལོ་ 10 སྔོན།

    བཙན་བྱོལ་ནང་གི་དམངས་གཙོ་དུས་དྲན་ཐེངས་ ༥༥ སྲུང་བརྩི་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུ།

    Reply
  9. རྨ་གཡང་ཚང་བློ་བཟང་རབ་རྒྱས་ says:
    ལོ་ 10 སྔོན།

    དམངས་གཙོའི་དུས་ཆེན་ལ་བཀྲིས་བདེ་ལེགས་ཞུ།

    Reply
  10. salygya says:
    ལོ་ 10 སྔོན།

    བལྟས་ཟིན། ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese