ཁ་སང་ཉི་ཧོང་ཤར་ཕྱོགས་ཀྱི་གྲོང་རྡལ་ཞིག་ཏུ་ཆུ་ལོག་རྒྱུགས་ཏེ་མི་རྒྱུ་གཉིས་ལ་གནོད་སྐྱོན་ཐེབས་ཡོད་འདུག
ཁ་སང་ཉི་ཧོང་གི་ཤར་ཕྱོགས་སུ་ཆར་བ་ཤུགས་ཆེན་བབས་པའི་རྐྱེན་གྱིས་ཆུ་ལོག་རྒྱུག་ནས་ཉུང་མཐའ་ཡང་མི་གཉིས་རྐྱེན་འདས་དང་མི་ ༢༤ བོར་བརླག་བྱུང་ཡོད་པ། མི་ ༢༧ ལ་རྨས་སྐྱོན་ཕོག་པའི་ཁྲོད་ནས་མི་ ༨ ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་མ་ཟད། མི་མང་སྟོང་ཕྲག་མང་པོས་ས་གནས་སྤོར་དགོས་བྱུང་ཡོད་འདུག
རྒྱལ་སྤྱིའི་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཁེ་ནའོ་གྷ་ཝ་ཞེས་པའི་གཙང་བོའི་ཆུ་རགས་འཐོར་ཞིག་ཕྱིན་ཏེ། ཉི་ཧོང་གི་རྒྱལ་སའི་བྱང་ཤར་ནས་མ་ལེ་(Mile) ༣༧ ཡོད་པའི་ཇོ་སོ་ (Joso) གྲོང་རྡལ་དུ་ཆུ་ལོག་ཆེན་པོ་རྒྱུག་ཡོད་པ་དང་། གྲོང་བརྡལ་དེའི་ནང་མི་ ༦༥༠༠༠ ལྷག་ཡོད་པ་དེ་གནས་སྤོར་དགོས་བྱུང་ཡོད་པ་མ་ཟད། ཁྱིམ་ཚང་ ༦༩༠༠ ལྷག་ལ་གནོད་སྐྱོན་ཐེབས་ཡོད་འདུག
ཉི་ཧོང་གི་སྲིད་བློན་ཤིང་ཛོ་ཨ་བྷེ (Shinzo Abe) ཡིས་གསར་འགོད་པར། ང་ཚོས་ཐོག་མར་ནུས་ཤུགས་ཡོད་ཚད་ཀྱིས་གོད་ཆག་ཁྲོད་མི་མང་གི་ཚེ་སྲོག་དང་གནོད་སྐྱོན་ཕོག་མཁན་རྣམས་ཉེན་ཁ་ལས་ཐར་ཐབས་བྱ་རྒྱུ་ཡིན། ཞེས་བརྗོད་ཡོད་པ་ལྟར། ད་ལྟ་ཉི་ཧོང་གཞུང་གིས་ཐད་འཕུར་གནམ་གྲུ་བཏང་སྟེ་མྱུར་སྐྱོབ་བྱེད་བཞིན་ཡོད་འདུག
གསར་འགོད་པ། འཇིགས་མེད་རྒྱ་མཚོ།