དེ་རིང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁོང་སྲིད་སྐྱོང་འོས་མིར་བཞེངས་རྒྱུ་ཡིན་པའི་དངོས་གཞིའི་གསར་འགོད་གསལ་བསྒྲགས་གནང་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ བའི་སྟེང་མེག་གྷན་སྤྲོ་ཚོམས་ཁང་(Club House)དུ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁོང་སྲིད་སྐྱོང་འོས་མིར་བཞེངས་རྒྱུ་ཡིན་པའི་དངོས་གཞིའི་གསར་འགོད་གསལ་བསྒྲགས་གནང་སོང་བ་དང་། སྐབས་དེར་ཁོང་གིས་ལོ་བཞིའི་ནང་གྲུབ་འབྲས་ཆེ་ཤོས་དེ་ག་རེ་སྨིན་ཡོད་པ་རེད་ཅེ་ན་གཙོ་ཆེ་ཤོས་ལྷིང་འཇགས་ཆགས་པ་དེ་རེད། ཁང་པ་རྒྱག་རྒྱུ་ལྟ་བུ་ཞིག་ཡིན་ན་གཞི་བརྟན་པོ་ཞིག་བཏིང་ཡོད་སྟབས། ཡང་བསྐྱར་ལོ་ ༥ ལ་ཐོག་རྩེག་གཅིག་ཡག་པོ་རྒྱག་ཐུབ་པ་ཡིན་ན། གཉིས་པ་གསུམ་པ་རྒྱག་རྒྱུ་གང་འཚམ་ལས་སླ་པོ་ཡོད་སྐོར་གསུངས་སོང་།
གསར་འགོད་ལྷན་ཚོགས་ཐོག་སྲིད་སྐྱོང་མཆོག་གིས། དེ་རིང་འདིར་འོས་མི་ཞིག་བྱས་ནས་བཅར་ཡོད་སྟབས་ཚོགས་ཁང་མ་འདྲ་བ་ཞིག་གི་ནང་བཅར་རྒྱུ་རག་ཡོད་ཀྱང་། རྣམ་པ་ཚོའི་ཞལ་རས་དུས་རྒྱུན་དུ་མཇལ་མྱོང་ཡོད་སྟབས་བློ་བདེ་པོ་འདུག ཐོག་མར་ངས་དགོངས་སེལ་ཞུ་རྒྱུ་ཡིན། རྒྱུ་མཚན་དབུ་མའི་ལམ་གྱི་འོད་སྡེར་དེ་དབུ་འབྱེད་བྱེད་པའི་སྐབས་སུ། ངས་དམངས་གཙོའི་དུས་ཆེན་གྱི་རྗེས་ལ་གསར་འགོད་ལྷན་ཚོགས་བསྐོང་རྒྱུ་ཡིན་ཞེས་ཞུས་ཡོད། དེ་དུས་ང་སྲིད་སྐྱོང་ལས་ཐོག་དང་མཉམ་དུ་འོས་མི་བྱེད་རྒྱུ་དེ་སྟབས་བདེ་མ་བདེ་ཞིག་ཡོང་གི་འདུག་ལ། སྲིད་སྐྱོང་ལས་ཐོག་ཡིན་དུས་ལས་ཀ་མང་པོ་ཞེ་དྲགས་འདུག དེའི་རྗེས་སུ་གྲོས་ཚོགས་སྔོན་ལ་བྱུང་ན་བསམས་ཀྱང་མ་བྱུང་པ་རེད། གྲོས་ཚོགས་ཚར་བའི་རྗེས་སུ་བཀའ་ཤག་ནང་གནས་ཚུལ་མང་པོ་ཞིག་ལ་གྲོས་བསྡུར་བྱེད་དགོས་ཆགས་པ་དང་། དེའི་རྗེས་སློབ་གྲྭ་ཁག་བརྒྱད་ནས་གྱ་སྟོན་རྒྱས་པ་ཞིག་སྲུང་གཙི་བྱས་སྟབས་མ་སུ་རི་བོད་ཁྱིམ་གྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཡིན་པའི་ཆ་ནས་ཕར་བཅར་དགོས་བྱུང་བར་བརྟེན་རྗེས་སུ་ལྷག་པ་རེད། ཡིན་ན་ཡང་། ཁ་སང་སྟབས་བདེ་བྱས་ནས་ཡུན་ནར་འགྱང་བྱས་པ་ལས་གསར་འགོད་གསལ་བསྒྲགས་ཞིག་བཏང་ན་བསམ་བྱུང་། ཡིན་ན་ཡང་། བརྙན་འཕྲིན་དང་རླུང་འཕྲིན་ཁང་ཁག་ལ་སྒྲ་དགོས་ཀྱི་ཡོད་སྟབས། གསར་འགོད་ལྷན་ཚོགས་ཤིག་བསྐོང་བ་ཡིན་ན་ཚང་མ་སྟབས་བདེ་ཡི་རེད་བསམས་ནས་ཞུས་པ་ཡིན། ཞེས་དང་།
ཁོང་གིས། ང་སྲིད་སྐྱོང་འོས་མི་བྱས་ནས་དམིགས་བསལ་གསར་བ་ཞིག་ཞུ་རྒྱུ་གང་ཡང་མེད་ཀྱང་། བཀའ་ཤག་སྐབས་ ༡༤ བའི་ལྟ་གྲུབ་གསུམ་དེ་ཆིག་སྒྲིལ་དང་གསར་གཏོད། རང་ཁ་རང་གསོ་བཅས་རེད། དེ་མུ་མཐུད་ནས་གནས་ཀྱི་རེད་ཅེས་ཞུ་བསྡད་ཀྱི་ཡོད་ལ། སྲིད་བྱུས་ཉམས་ཞིབ་ཁང་དབུ་འབྱེད་ཉིན་མོ་དང་ཉེ་ཆར་གྲོས་ཚོགས་ནང་ལའང་ཞུས་པ་ཡིན། མ་འོངས་བྱེད་ཕྱོགས་ཐོག་ནས་བོད་ ༥ དང་ ༥༠ ཞེས་ངས་ཞུས་ཀྱི་ཡོད། སྲིད་སྐྱོང་དང་སྤྱི་འཐུས་སུ་བཞེང་པ་ཡིན་ན་ཡང་ལོ་ ༥ ཡི་དུས་ཡུན་ནང་དབུ་མའི་ལམ་གྱི་དགོངས་དོན་དང་། བོད་རྒྱ་འབྲེལ་མོལ་བརྒྱུད་ནས་མིང་དོན་མཚུངས་པའི་རང་སྐྱོང་རག་རྒྱུ་དེ་ང་ཚོའི་ཆབ་སྲིད་ཀྱི་དམིགས་ཡུལ་རྩ་ཆེ་ཤོས་དེ་རེད། དེ་བཞིན་བོད་ནང་ཡོད་པའི་བོད་མི་ཚོའི་མངོན་འདོད་་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དེ་ཡིན་སྟབས། ང་ཚོའི་ལོ་ ༥ ཡི་ཆབ་སྲིད་ཀྱི་དམིགས་སྒོ་ཆེ་ཤོས་ཆགས་ཡོད་པ་དང་། ངས་ ༥༠ ཞུས་པ་དེ་ག་རེ་ཞུ་ཡི་ཡོད་ཅེ་ན། ང་ཚོ་བཙན་བྱོལ་ནང་ད་ལྟའི་བར་ལོ་ ༥༠ ལྷག་པ་རེད། མ་འོངས་པར་ལོ་ ༥༠ ལྷག་པ་ཡིན་ན་དེའི་སྐབས་སུ་ང་ཚོའི་འབད་བརྩོན་དེ་ལོ་ ༥ ཡི་འབད་པ་ནང་བཞིན། ལོ་ ༥༠ ཡིན་ན་ཡང་གང་ཐུབ་ཅི་ཐུབ་གནང་ཐུབ་པ་ཡིན་ན། ལོ་ ༥༠ དེ་ག་ཚོད་བརྟན་པོར་ཕྱིན་པ་དེས་ལོ་ ༥ ལ་ཕན་གྱི་རེད་ཅེས་ངས་ཞུས་མྱོང་། དེར་བརྟེན་ལོ་ ༥༠ ནང་ལ་ག་རེ་ཡོད་པ་རེད་ཟེར་བ་དེ་རེད། དེའི་ནང་ལ་གཙོ་ཆེ་ཤོས་བོད་མིའི་སྒྲིག་འཛུགས་འདི་ལྟེ་གནས་ཡིན་སྟབས། དང་པོ་འཚོ་གནས་ཐུབ་དགོས་པ་དེ་གལ་ཆེན་པོ་ཞེ་དྲགས་རེད། གཉིས་པ་གོང་འཕེལ་གཏང་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། གསུམ་པ་རྒྱུན་གནས་ཐུབ་རྒྱུ་གལ་ཆེན་པོ་ཞེ་དྲགས་རེད། འདི་དག་གསུམ་འགྲུབ་པ་ཡིན་ན་རྒྱལ་ཁ་ཐོབ་རྒྱུ་ཡིན་ཡིན་པ་རེད། དེར་བརྟེན་ ༥ ཐོག་ནས་མིང་དོན་མཚུངས་པའི་རང་སྐྱོང་རག་པ་ཡིན་ན། ང་ཚོར་ཆབ་སྲིད་དམིགས་ཡུལ་གྱི་རྒྱལ་ཁ་དེ་ཐོབ་ཡོང་གི་ཡོད་པ་རེད། ལོ་ ༥༠ གནས་དགོས་པ་དང་གནས་ཐུབ་པ་ཡིན་ན་རྒྱ་ནག་ལ་འགྱུར་བ་འགྲོ་རྒྱུ་ཡིན་ཡིན་པ་རེད། དེའི་ཕྱིར་དེ་ལ་ཡང་རྒྱལ་ཁ་ཐོབ་རྒྱུ་ཡིན་ཡིན་པ་རེད་ཅེས་ངས་ཞུ་བསྡད་ཀྱི་ཡོད། དབྱིན་ཇིའི་ཐོག་ནས་ཞུས་པ་ཡིན་ན་ཁ་སང་ཞུས་པ་ནང་བཞིན་ (4s) ཞེས་པ་(survive, strengthen, sustain, succeed) འཚོ་གནས་དང་གོང་འཕེལ། རྒྱུན་གནས། རྒྱལ་ཁ་ཟེར་བ་དེ་ཡིན་སྟབས། བོད་ ༥ དང་ ༥༠ ནང་ལ་ང་ཚོའི་ཐོག་ནས་ག་རེ་བྱ་ཐུབ་ཟེར་ན་དེ་རེད།
དེ་ཆབ་སྲིད་ཐོག་ནས་དོན་ཚན་ ༥ དང་འཛིན་སྐྱོང་དང་འབྲེལ་བའི་དོན་ཚན་ ༥ ཡོད་པ་རེད། ཆབ་སྲིད་ཐོག་ནས་གཙོ་ཆེ་ཤོས་དེ་༧གོང་ས་མཆོག་གིས་ཆབ་སྲིད་སྐུ་དབང་གནང་བའི་སྐབས་སུ། ང་ཚོའི་སྤྱི་ཚོགས་ནང་གླེང་སློང་ཆེན་པོ་དང་སེམས་ཚབ་ཆེན་པོ་ཞེ་དྲགས་བྱུང་པ་རེད། དམིགས་བསལ་༧གོང་ས་མཆོག་གིས། བོད་ནང་གི་ཆབ་སྲིད་ཀྱི་སྐུ་དབང་སྲིད་སྐྱོང་སྟག་བྲག་རིན་པོ་ཆེ་ཡིས་༧གོང་ས་མཆོག་ལ་ཕུལ་བཞག་པ་དེ། ད་རེས་མི་མང་གིས་ཐད་ཀར་བདམས་པའི་སྲིད་སྐྱོང་བློ་བཟང་སེང་གེ་ལ་ཕུལ་གྱི་ཡིན་གསུངས་པ་དེ། གཙོ་ཆེ་ཤོས་བོད་དང་བོད་མིའི་སྒྲིག་འཛུགས་ཀྱི་ལོ་རྒྱུས་ཐོག་ནས་རྒྱུན་གནས་ཐུབ་པ་དང་འབྲེལ་བ་ཞེ་དྲགས་ཡོད་པ་གསལ་པོ་དང་། བོད་མིའི་སྒྲིག་འཛུགས་དེ་གལ་ཆེན་པོ་ཞེ་བོ་ཡིན་པ་གསལ་བོ་རེད། ༧གོང་ས་མཆོག་གིས་དེ་ལྟར་གསུངས་བར་བརྟེན་ནས་བོད་ནང་གི་བོད་མི་དང་། བོད་མིའི་སྒྲིག་འཛུགས་བར་ལ་ཡིན་ན་ཡང་འབུར་ཏུ་ཐོན་པའི་འབྲེལ་བ་དང་བརྩེ་བ། རེ་བ་སོགས་ཏན་ཏན་ཆེ་རུ་འགྲོ་ཡོད་པ་རེད་བསམ་གྱི་འདུག དཔེར་ན། བོད་ནང་ནས་གཞས་སྣ་ཁག་དང་ཡི་གེ་འབྱོར་བ། དེ་བཞིན་དགོན་སྡེ་ཁག་ནས་ཁོ་རང་ཚོས་སྨོན་ལམ་རྒྱག་གི་ཡོད་ཅེས་མང་པོ་ཞིག་ཡོང་དུས་འབུར་ཏུ་ཐོན་པའི་འབྲེལ་བ་ཞིག་ཆགས་ཡོད་པ་རེད། གསུམ་པ་དེ་ང་ཚོའི་གཙོ་ཆེ་ཤོས་རྒྱ་གར་གཞུང་མང་གཉིས་ཆགས་ཡོད་པ་རེད། རྒྱ་གར་གཞུང་མང་གི་ཐོག་ནས་ཀྱང་ལོ་ ༤ ལྷག་གི་ནང་ལ་གཞུང་མང་བར་འབྲེལ་བ་ཡག་ཐག་ཆོད་འགྲོ་བསྡད་ཡོད་པ་རེད། དེ་དག་ཚང་མ་ཆབ་སྲིད་ཀྱི་ཐོག་ནས་གནད་འགག་ཆེན་པོ་ཞེ་དྲགས་བརྩི་ཡི་ཡོད།
དོན་ཚན་བཞི་པ་དེ། རྒྱལ་སྤྱིའི་ཐོག་འབྲེལ་ལམ་བྱེད་པའི་ཐད་ནས་སྲིད་སྐྱོང་གི་འགན་ཁུར་བ་ནས་བཟུང་གཙོ་ཆེ་ཤོས་༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་རེད། སྲིད་སྐྱོང་ཟེར་དུས་སྲིད་ཀྱི་ཐོག་ལ་ཐད་ཀར་འབྲེལ་བ་ཡོད་པའི་གོ་གནས་དང་ཐ་སྙད་སོགས་ཁ་ཁ་ཡིན་སྟབས། འཛམ་གླིང་སྤྱི་ཡོངས་ག་བར་ཕྱིན་པ་ཡིན་ནའང་འབྲེལ་བ་གསར་བ་བཟོ་ཐུབ་པ་དང་གཏིང་ཟབ་ཏུ་འགྲོ་བཞག་པ་མང་པོ་བྱུང་ཡོད་པ་རེད། དེ་དུས་རྒྱུན་དུ་ངས་ཞུ་བསྡད་ཀྱི་ཡོད། ང་རང་གིས་སྲིད་སྐྱོང་གི་འགན་ཁུར་ནས་རྒྱལ་སྤྱིའི་ཐོག་ལ་ག་རེ་བྱེད་བཞིན་ཡོད་མེད་གསར་འགྱུར་བརྒྱུད་ལམ་ཁག་ནས་བརྒྱ་ཆ་ ༥༠ ཙམ་མ་གཏོགས་མཁྱེན་གྱི་མ་རེད། གང་ཡིན་ཞེ་ན། ང་ཚོས་གསལ་བསྒྲགས་དང་ཁྱབ་བསྒྲགས་བྱས་པ་ལས་འབྲེལ་བ་བཞག་པ་དང་མུ་མཐུད་ནས་གནས་པ་གལ་ཆེན་པོ་ཡིན་སྟབས། ང་ཚོས་རྒྱལ་སྤྱིའི་ཐོག་འབྲེལ་བ་བྱས་བསྡད་ཡོད་སྟབས། མ་འོངས་པར་སྲིད་སྐྱོང་སུ་ཕེབས་པ་ཡིན་ནའང་རྒྱལ་སྤྱིའི་འབྲེལ་ལམ་དེ་གསར་འགྱུར་བརྒྱུད་ལམ་ནས་ཁྱབ་བསྒྲགས་གང་ལ་གང་འཚམ་ཞིག་ཤུགས་ཆེ་རུ་འགྲོ་གི་རེད།
ལོ་བཞིའི་ནང་གྲུབ་འབྲས་ཆེ་ཤོས་དེ་ག་རེ་སྨིན་ཡོད་པ་རེད་ཅེ་ན་གཙོ་ཆེ་ཤོས་ལྷིང་འཇགས་ཆགས་པ་དེ་རེད། ཁང་པ་རྒྱག་རྒྱུ་ལྟ་བུ་ཡིན་ན་གཞི་བརྟན་པོ་ཞིག་བཏིང་ཡོད་སྟབས། ཡང་བསྐྱར་ལོ་ ༥ ལ་ཐོག་རྩེག་གཅིག་ཡག་པོ་རྒྱག་ཐུབ་པ་ཡིན་ན། གཉིས་པ་གསུམ་པ་རྒྱག་རྒྱུ་གང་འཚམ་ལས་སླ་པོ་ཡོད་པ་རེད། དེར་བརྟེན་ལོ་རྒྱུས་ཀྱི་གནད་འགག་ཆེ་བའི་སྐབས་སུ་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་གནང་རྗེས་གཞི་བརྟན་པོ་ལྷིང་འཇགས་པོ་ཆགས་རྒྱུ་གལ་ཆེ་ཤོས་དེ་ཡིན་པས། ཁང་པ་ལྟ་བུ་ཡིན་ན་གཞི་བརྟན་པོ་བཏིང་ཡོད་པ་རེད། ད་དེའི་སྒང་ཐོག་རྩེག་གཅིག་བརྒྱབ་ཚར་བའི་རྗེས་སུ། མ་འོངས་སྲིད་སྐྱོང་སུ་ཕེབས་པ་ཡིན་ནའང་ཐོག་རྩེག་གཉིས་པ་གསུམ་པ་དེ་ལས་སླ་རུ་ཡོང་གི་རེད་བསམ་གྱི་འདུག ཆབ་སྲིད་ཀྱི་ཐོག་ནས་དོན་ཚན་ལྔ་དེ་རེད།
འཛིན་སྐྱོང་དང་འབྲེལ་བའི་ཐོག་དེ་སྔ་ཞུས་པ་ནང་བཞིན་རེད། ཤེས་ཡོན་དེ་གལ་ཆེ་ཤོས་སུ་བརྩི་ཡི་ཡོད་པ་རེད། བོད་ཕྱི་ནང་གཉིས་ཆར་གལ་ཆེན་པོ་རེད་བསམ་གྱི་འདུག་པས། མུ་མཐུད་ནས་ཡར་རྒྱས་གཏོང་རྒྱུ་ཧ་ལས་པའི་གལ་ཆེན་པོ་རེད། ད་ལྟའི་ཆར་ཤེས་ཡོན་ཐོག་ནས་ཡར་རྒྱས་འགྲོ་བཞིན་ཡོད་པ་གཙོ་ཆེ་ཤོས་༧གོང་ས་མཆོག་ནས་ཉེ་ཆར་ཤེས་ཡོན་ཐོག་ཡར་རྒྱས་འགྲོ་བའི་རྣམ་པ་འདུག ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་ཚོས་ཧུར་ཐག་འབད་ཐག་བྱེད་ཤོག་ཨཱ་ཞེས་བཀའ་གནང་ཡོད་པ་རེད། དེའི་ཐོག་ལ་མུ་མཐུད་ནས་འབད་བརྩོན་གནང་བ་ཡིན་ན་རང་ཁ་རང་གསོ་སྲ་ཐག་ཐག་ཅིག་བོད་ཕྱི་ནང་གཉིས་ནས་ཡོང་ཐུབ་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད་བསམ་གྱི་འདུག དེ་ནས་ལས་གཞི་གསར་བ་དེ་ཉེ་ཆར་ང་ཚོས་སྤེལ་ཐུབ་ཡོད་པ་རེད། དཔལ་འབྱོར་ཐོག་ནས་རང་ཁ་རང་གསོ་དང་སོ་སོའི་རྐང་པའི་སྒང་ལང་ཐུབ་རྒྱུ་དེ་བོད་ཕྱི་ནང་གཉིས་ལ་ཧ་ལས་པའི་གལ་ཆེན་པོ་རེད་བསམ་གྱི་འདུག དཔལ་འབྱོར་གྱི་ནུས་པ་ཆེ་རུ་གཏང་ཐུབ་པ་ཡིན་ན། སྤྱི་ཚོགས་ཁྱོན་ཡོངས་ནས་སོ་སོའི་རྐང་པའི་སྒང་ལང་ཐུབ་ཀྱི་རེད་བསམ་གྱི་འདུག གལ་ཆེ་ཤོས་དུས་རྟག་ཏུ་ཞུས་པ་དེ་རིག་གཞུང་དང་སྐད་ཡིག་མི་ཉམས་གོང་འཕེལ་གཏོང་རྒྱུ་དང་། བཙན་བྱོལ་ནས་འབད་བརྩོན་ཧ་ལས་པ་བྱེད་བཞིན་ཡོད་པ་རེད། བོད་ནང་གི་དགོན་སྡེ་ཁག་ཕྱེད་ཀ་རྒྱ་ནག་གུང་ཁྲན་གྱིས་གཏོར་བཤིག་བཏང་བ་མང་ཆེ་བ་བཙན་བྱོལ་ནང་བསྐྱར་གསོ་ཐུབ་ཡོད་པ་རེད། དེ་བཞིན་ཉེ་ཆར་བོད་ནང་ལ་ཆོས་དང་རིག་གཞུང་སྐད་ཡིག་ཐོག་ལ་དོ་སྣང་དང་འགན་འཁུར། འབད་བརྩོན་ཧ་ལས་པའི་ཤུགས་ཆེན་པོ་གནང་གི་ཡོད་པ་དེ་ང་ཚོའི་མ་རྩ་ཆགས་ཀྱི་ཡོད་པ་རེད། བོད་ཕྱི་ནང་གཉིས་ནས་མི་ཉམས་གོང་འཕེལ་གཏོང་རྒྱུ་མུ་མཐུད་ནས་འབད་བརྩོན་གནང་རྒྱུ་གལ་ཆེན་པོ་རེད། གང་ཡིན་ཞེ་ན། རྒྱ་ནག་གཞུང་གི་དམིགས་ཡུལ་གཙོ་བོ་དེ་བོད་ཀྱི་ལུང་པ་རྒྱ་སྡེ་ལ་བསྒྱུར་རྒྱུ་དང་བོད་རིགས་རྒྱ་རིགས་སུ་མི་འགྱུར་བའི་ཆེད་དུ། སོ་སོའི་ཆོས་དང་རིག་གཞུང་སྐད་ཡིག་མུ་མཐུད་ནས་གོང་འཕེལ་གཏོང་ཐུབ་པ་ཡིན་ན། ང་ཚོ་བོད་མི་ཡིན་ཟེར་བ་དང་བོད་ཡིན་ཟེར་བ་མུ་མཐུད་ནས་གནས་ཀྱི་རེད།
ང་ཚོ་བཙན་བྱོལ་ཡིན་ན་གཞིས་ཆགས་ཁག་སྲ་བརྟན་ཡོང་དགོས་ཞེས་ཞུས་བསྡད་ཡོད་པ་རེད། བོད་ནང་ཡིན་ན་སོ་སོའི་འབྲོག་པ་དང་གྲོང་གསེབ་ཁག་ག་པར་ཡིན་ནའང་། སྲོལ་རྒྱུན་གྱི་འགྲོ་སྟངས་འགྲོ་ལུགས་དང་འཚོ་གནས་དེ་གལ་ཆེན་པོ་ཞེ་དྲགས་རེད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གཞིས་ཆགས་སྲ་བརྟན་ཡོང་རྒྱུར་ད་ལྟའི་བར་དུ་ཕྱག་ལས་གནང་དང་གནང་མུས་རེད། བོད་ནང་ལ་གནང་ཐུབ་མེད་པ་དང་རྒྱ་ནག་གི་མི་འབོར་མང་པོ་ཞིག་བོད་ནང་ཡོང་གི་ཡོད་ཀྱང་། ང་ཚོས་རེ་བ་དང་འབོད་སྐུལ་ཞུ་རྒྱུར་གྲོང་བརྡལ་དང་གྲོང་སྡེ་ཁག དེ་བཞིན་ཞིང་པ་ཡིན་ཡང་སྲོལ་རྒྱུན་གྱི་འགྲོ་སྟངས་འགྲོ་ལུགས་དེ་མུ་མཐུད་གནས་ཐུབ་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད།
མཐའ་མ་དེར་འཛིན་སྐྱོང་ཐོག་ནས་༧གོང་ས་མཆོག་གི་སྐུ་ཕྱྭ་ཧ་ལས་པའི་གལ་ཆེན་པོ་བརྩི་ཡི་ཡོད། རྒྱ་གར་གཞུང་གི་བཀའ་དྲིན་ལ་བརྟེན་ནས་མི་དང་འཕྲུལ་ཆས་ཀྱི་ཐོག་ནས་མཐུན་རྐྱེན་ཧ་ལས་པའི་ཡག་པོ་གནང་གི་ཡོད་པ་རེད། གཙོ་ཆེ་ཤོས་ཆོས་སྐྱོང་སྲུང་མའི་བཀའ་དྲིན་ལ་བརྟེན་ནས་ད་ལྟའི་བར་དུ་སྐུ་ཕྱྭའི་ཐོག་གནས་ཚུལ་གཅིག་ཀྱང་བྱུང་ཡོད་པ་མ་རེད། བོད་ནང་ནས་རེ་བ་བཅོལ་ས་ཡོད་ན་མེད་ན་དེ་༧གོང་ས་མཆོག་ཆགས་ཡོད་སྟབས། ཚང་མས་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་དང་། ཁོང་ལ་དད་གུས་དང་བརྩི་བཀུར་སྔོན་ལ་ཡོད་པ་དེ་མུ་མཐུད་ནས་གནས་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད་ཅེས་ངས་སྙིང་བསྡུས་ཤིག་ཞུས་པ་ཡིན་ན། བོད་ ༥ དང་ ༥༠ ཟེར་བ་དེ་རེད། ༥ ཐོག་ལ་ངས་གོང་དུ་ཞུས་པ་གནང་བཞིན་རེད། དབུ་མའི་ལམ་གཞིར་བཞག་པའི་ཐོག་ནས་མིང་དོན་མཚུངས་པའི་རང་སྐྱོང་འགྲུབ་པ་དང་། དེ་དང་མཉམ་དུ་བོད་ནང་ཡོད་པའི་བོད་མི་ཚོའི་མངོན་འདོད་དེ་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དེ་རེད། ཡིན་ན་ཡང་། ལོ་ ༥ དེར་འབད་བརྩོན་གནང་བ་དང་ཆབས་གཅིག་ ༥༠ ཡི་ཐོག་ལ་མུ་མཐུད་ནས་འབད་བརྩོན་གནང་དགོས་ཀྱི་རེད། གང་ཡིན་ཞེ་ན། ༥༠ དེ་ག་ཚོད་ཤུགས་ཆེ་རུ་ཕྱིན་པ་ཡིན་ན་དེས་ ༥ ལ་ཕན་གྱི་རེད་ཟེར་བ་དེ་ཡིན། ༥༠ ཐོག་ལ་ག་རེ་གནང་དགོས་ཡོད་མེད་དེ་ངས་རྣམ་པ་ཚོར་ཆབ་སྲིད་ཐོག་དོན་ཚན་ ༥ དང་འཛིན་སྐྱོང་དང་འབྲེལ་བའི་ཐོག་ནས་དོན་ཚན་ ༥ ཞུས་ཟིན་པ་ཡིན། སེམས་དཔའ་ཆེན་པོ་མ་ཧ་མ་གྷན་དྷི་རྗེ་ཡིས་གསུངས་པ་ནང་བཞིན་རེད། སོ་སོར་ཁ་གཏད་གཅོག་མཁན་དེས་དང་པོ་ཁྱེད་ལ་གཡོལ་གྱི་རེད། དེ་ནས་འཕྱ་དམོད་བྱེད་ཀྱི་ཡོད་པ་རེད། གསུམ་པ་དེར་གདོང་ཐུག་རྒྱག་གི་རེད། དེ་ནས་རྒྱལ་ཁ་ཐོབ་ཀྱི་རེད་ཟེར་བ་ལྟར། ཁོང་གིས་གསུངས་པ་ནང་བཞིན་བོད་པའི་རྩ་དོན་ཡང་དེ་ལྟར་འགྲུབ་པར་ཤོག་ཅེས་རེ་བ་དང་སྨོན་འདུན་ཞུས་རྒྱུ་ཡིན། ཞེས་གསུངས་སོང་།
འདི་གའི་གསར་འགོད་པས་སྲིད་སྐྱོང་མཆོག་ལ། སྐུ་ཉིད་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱས་པའི་སྲིད་སྐྱོང་ཡིན་སྟབས་མང་ཚོགས་ཀྱིས་སྐུ་ཉིད་ཀྱི་འགྲོ་འདུག་ལ་བལྟས་བསྡད་ཡོད་པས། ད་ལྟའི་སྤྱི་ཚོགས་དྲ་ལམ་ཁག་གི་ཐོག་སྲིད་སྐྱོང་མཆོག་གི་བཅར་འདྲི་ཞིག་གི་ནང་ “We Tibetan never had a country” ང་ཚོ་བོད་པར་རྒྱལ་ཁབ་ཞིག་རྩ་བ་ནས་ཡོད་པ་མ་རེད་ཅེས་གསུངས་པ་ཞིག་འགྲོ་བཞིན་ཡོད་སྟབས། དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་དེར་གསལ་བཤད་ཅིག་གནང་རོགས་ཞུས་པར་ཁོང་གིས། ངའི་འོས་བསྡུ་དེ་ཐེངས་གཉིས་པ་ཡིན་སྟབས། མི་རྙིང་པ་དང་ཉམས་མྱོང་གང་འཚམ་བསགས་པ་ཞིག་ཆགས་ཡོད་པ་རེད། འོས་བསྡུ་རེ་རེ་སླེབ་ཡོང་སྐབས་འཁྲུག་ཆ་དོད་པོ་ཆགས་ཏེ། སྐྱོན་བརྗོད་དོན་ཚན་དྲུག་བདུན་དེ་འདྲ་ག་དུས་ཡིན་ཡང་སླེབ་ཡོང་གི་རེད། དེ་སྔོན་འོས་བསྡུའི་སྐབས་སུའང་ང་ལ་སྐྱོན་བརྗོད་དོན་ཚན་དྲུག་བདུན་དེ་འདྲ་ཆོབ་ཚ་བོ་དེ་འདྲ་ཡོད་པ་རེད། ང་ལ་ཧཱ་ཝར་ཌིའི་ལག་ཁྱེར་ཡོད་པ་མ་རེད། ཧཱ་ཝར་ཌིར་ལས་ཀ་ཡོད་པ་མ་རེད། ངའི་བཟའ་ཟླ་འབྲུག་པ་རེད། གཞུང་གིས་ཕར་སློབ་གཉེར་ལ་བཏང་ནས་ཕྱིར་ལོག་ཡོད་པ་མ་རེད། ངའི་ཨ་ཁུ་དང་ཨ་ཞང་གང་རུང་ཞིག་དོལ་རྒྱལ་བསྟེན་མཁན་རེད་ཟེར་བ་ལ་སོགས་པའི་ཙག་ཙིག་མང་པོ་ཞིག་ཡོད་པ་རེད། དེ་དུས་མི་མང་གིས་ང་ངོ་ཤེས་ཀྱི་མེད་སྟབས། ངས་ཧུར་ཐག་འབད་ཐག་གིས་འགན་ཁུར་ཡང་སྐད་ཆ་དེ་འདྲ་མང་པོ་ཞིག་སླེབ་ཡོང་གི་འདུག ཡིན་ནའང་། མི་མང་གིས་ང་ངོ་ཤེས་ཀྱི་མེད་པས། གོ་ནོར་ཐེབས་པ་ཡིན་སྲིད་ཀྱི་རེད་བསམ་པའི་ཐོག་ནས་ཡིད་ཆེས་ཆ་ཚང་བྱས་ཏེ་དེབ་ཞིག་གི་ནང་བཏོན་ཏེ། སྐྱོན་འཛུགས་དྲུག་བདུན་ཞིག་ཡོད་པ་དེ་ཚོ་ཁུངས་མེད་གཞི་མེད་རེད་འདུག་གཱ། ང་ལ་ཧཱ་ཝར་ཌིའི་ལག་ཁྱེར་ཡོད་པ་དང་ཧཱ་ཝར་ཌིར་ལས་ཀ་ཡོད་པ། དེ་ག་ནང་བཞིན་ངའི་བཟའ་ཟླ་འབྲུག་པ་མིན་པར་པཱ་ལགས་ལྷོ་ཁ་ནས་ཡིན་པ་དང་ཨ་མ་ལགས་ཕག་རི་ནས་ཡིན་པ་སོགས་ཚང་མ་སྐྱོར་དགོས་བྱུང་སོང་། སློབ་གཉེར་ལ་གཏོང་དུས་ཕར་ལ་ལོག་ཡོད་པ་མ་རེད། ཤེས་རིག་ལས་ཁུངས་དང་ཤེས་རིག་དྲུང་ཆེ་ནས་ཡི་གེ་འབྱོར་བ་དང་། ང་རྒྱ་ནག་ལ་ཕྱིན་པ། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་ཨ་རིར་ཕེབས་སྐབས་ཁོང་གིས་བཀའ་ཤག་གིས་མཁྱེན་པའི་ཐོག་ནས་ཕྱིན་པ་རེད་དཱ་ཅེས་གསལ་བཤད་གནང་དགོས་བྱུང་རེད། ད་རེས་ཀྱི་འོས་བསྡུའི་སྐབས་སུའང་གླེང་སློང་དྲུག་བདུན་ཞིག་ཡོང་གི་རེད། ངས་ཁ་སང་ནས་ཞུས་བསྡད་ཡོད། འོས་བསྡུའི་སྐབས་སུ་གླེང་གི་རེད། འོས་བསྡུ་བྱས་པའི་རྗེས་ལ་འཇའ་ནང་བཞིན་ཡལ་འགྲོ་གི་རེད། བཤད་མཁན་དེ་ཚོ་བརླག་འགྲོ་གི་རེད། སྐད་ཆ་དེ་ཚོར་བདག་པོ་རྒྱག་མཁན་ཡོང་གི་མ་རེད། ཅེས་དང་།
ད་ལྟ་ཁྱོད་རང་གིས་བཤད་པའི་ “We Tibetan never had a country” ཞེས་པའི་སྐད་ཆ་དེ་ཡག་པོ་ཞིག་བཙལ་བ་ཡིན་ན། དེ་ཕྱི་ལོ་ ༢༠༡༢ ལོར་རེད། ང་(South Tyrol)འགྲོ་བའི་སྐབས་སུ་ཚགས་པར་རྒྱག་མཁན་མི་དྲུག་བདུན་ཞིག་འདུག ཁོ་ཚོས་བང་སྒྲིག་ནས་སྐད་ཆ་དྲིས་བསྡད་པ་རེད། མ་གཞི་ང་སྔོན་ཆད་ཧཱ་ཝར་ཌིར་གསར་འགྱུར་གྱི་འགྲོ་སྟངས་སྐོར་གྱི་ཟབ་སྦྱོང་ཞིག་ལ་འགྲོ་མྱོང་ཡོད། ཁོ་ཚོས་བསླབ་བྱ་ཡག་པོ་བརྒྱབ་སོང་། གསར་འགོད་པ་དྲུག་བདུན་ཞིག་བང་སྒྲིག་ནས་ལན་དེ་འདྲ་རྒྱག་རྒྱུ་ཡོད་པ་མ་རེད། ག་དུས་ཡིན་ནའང་གསར་འགོད་གཅིག་དང་གཉིས་ལ་མ་གཏོགས་ལན་རྒྱག་རྒྱུ་ཡོད་པ་མ་རེད། རྒྱུ་མཚན་ནི་རིག་པ་གསལ་བོ་དགོས་རེད། སྐབས་དེར་གནམ་གཤིས་གྲང་མོ་འདུག ཁོ་ཚོ་གསར་འགོད་པ་དྲུག་བདུན་ཞིག་འདུག ངའི་སེམས་ལ་བསམ་བློ་གཅིག་འཁོར། ཁ་ནས་གཞན་པ་ཞིག་ཐོན་པ་རེད། འོན་ཀྱང་། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༧ ཉིན་སྲིད་སྐྱོང་བློ་བཟང་སེང་གེས་ངོ་དེབ་སྟེང་དེའི་སྐོར་གསལ་བཤད་བྱས་ཚར་བ་རེད། སྲིད་སྐྱོང་གིས་དེ་འདྲ་བཤད་འདུག་དེ་གོ་ནོར་ཐེབས་སྲིད་པ་ཞིག་རེད། སྲིད་སྐྱོང་གིས་དེའི་སྔོན་དང་དེའི་རྗེས་སུའང་ད་ལོའི་རྒྱབ་ཤ་དཀར་པོའི་སྔོན་གླེང་དེར་གཟིགས་གནང་དང་། ལོ་རྒྱུས་ཐོག་ནས་བོད་རང་བཙན་ཡིན་པ་རེད། ད་ལྟ་མི་སེར་སྤེལ་བའི་ལམ་ལུགས་འོག་ལ་ལྷག་བསྡད་ཡོད་པ་རེད་ཅེས་ད་ལྟའི་བར་གསར་འགོད་ཁག་མང་པོར་བཤད་ཚར་བ་རེད་ལ། མུ་མཐུད་ནས་བཤད་བསྡད་ཡོད་པ་རེད། ཅེས་དང་།
ཡང་གསར་འགོད་པས་སྲིད་སྐྱོང་མཆོག་གིས་ཁྲིམས་ལུགས་ཆེད་སྦྱོང་གནང་བ་ཡིན་པས་བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུའི་སྒྲིག་གཞི་ཁག་གསལ་བོ་མཁྱེན་གྱི་ཡོད་རྒྱུ་རེད། ཡིན་ནའང་དམངས་གཙོའི་དུས་དྲན་ཉིན་མོར་སྐུ་ཉིད་ཀྱིས་སྒང་ལ་གསུང་བཤད་གནང་སྐབས། ཁྱེད་ཀྱི་རྒྱབ་སྐྱོར་ཚོགས་པས་གཙུག་ལག་ཁང་གི་ར་བའི་ནང་སྐུ་ཉིད་སྲིད་སྐྱོང་ལ་ལང་གི་རེད་ཅེས་ཁྱབ་བསྒྲགས་ཡི་གེ་འགྲེམ་སྤེལ་བྱེད་ཀྱི་འདུག སྐུ་ཉིད་ཀྱིས་བལྟས་ན་དེ་འོས་བསྡུའི་སྒྲིག་གཞི་དང་འགལ་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་ཁོང་གིས། ད་ལྟ་ང་ལ་རྒྱབ་སྐྱོར་གནང་མཁན་ཚོས་ཡིག་ཆ་བཀྲམ་གྱི་འདུག་ཅེས་པ་དེ། འོས་བསྡུའི་སྒྲིག་གཞིའི་ནང་ལ་རྒྱབ་སྐྱོར་གནང་མཁན་ཚོས་ཡིག་ཆ་བཀྲམ་ཆོག་གི་ཡོད་ལ་བཀྲམ་གྱི་ཡོད་པ་རེད། ཡིན་ནའང་། ས་གནས་འོས་བསྡུ་ལས་ཁང་ལ་འོས་གཞིའི་ཡིག་ཆ་དེ་འདྲ་བཟོས་ཡོད། བཀྲམ་གྱི་ཡིན་ཞེས་ཁོང་ཚོར་སྙན་སེང་ཞུ་དགོས་ཀྱི་ཡོད་པ་རེད། སྙན་སེང་ཞུས་ཚར་རྗེས་ཡིག་ཆ་དེ་བཀྲམ་ཆོག་གི་རེད། དེ་རྒྱབ་སྐྱོར་གནང་མཁན་ཚོས་གནང་བ་རེད། དེ་ཆོག་གི་རེད་ཅེས་ཞུས་པ་ཡིན། ཡིན་ན་ཡང་ངའི་དངོས་གཞིའི་གསར་འགོད་ལྷན་ཚོགས་དེ་རིང་རེད། ཅེས་གསུངས་སོང་།
གསར་འགོད་པ་ཞིག་གིས་སྲིད་སྐྱོང་གི་ཐུགས་འགན་བཞེས་ནས་ལོ་ ༥ བ་དེ་འགྲོ་བཞིན་ཡོད་སྟབས་ཕྱིར་མིག་ཅིག་བལྟས་པ་ཡིན་ན། ཕྱག་ལས་ཁྲོད་ནས་བློ་ཚིམ་ཤོས་དང་ལེགས་འགྲུབ་ཆེ་ཤོས་ག་རེ་ཡིན་པར་གཟིགས་ཀྱི་ཡོད་དྲིས་པར་ཁོང་གིས། འདི་ཁག་པོ་འདྲ་ཞིག་འདུག ང་ཚོར་དུས་རྒྱུན་༧གོང་ས་མཆོག་གིས་བཀའ་དགོངས་དང་མི་རྒན་པ་ཚོས་ག་རེ་གསུང་གི་ཡོད་པ་རེད་ཅེས་ན། མ་འགྲིག་པ་དེ་སོ་སོས་བཤད་དགོས་ཀྱི་ཡོད་པ་རེད། འགྲིག་པ་དེ་གཞན་གྱིས་བཤད་ཀྱི་རེད་ཅེས་ཡ་རབས་བཟང་སྤྱོད་ཀྱི་འགྲོ་སྟངས་ཤིག་ཆགས་ཡོང་གི་ཡོད་སྟབས། ང་རང་ཡིན་ན་ལོ་ ༤ ཡི་རིང་ལ་གཞན་པ་གང་ཡང་མེད་ཀྱང་ཧུར་ཐག་འབད་ཐག་གིས་དཀའ་ལས་བརྒྱབ་ཡིན་བསམ་བསམ་ཞིག་ཡོད་པར་བརྟེན། ང་རང་གིས་བྱས་རྗེས་ཆེ་ཤོས་བརྩིས་པ་ཡིན་ན་བློ་བཟང་སེང་གེས་དཀའ་ལས་བརྒྱབ་མེད་ཟེར་བའི་འགྱོད་པ་མེད། འགྲོ་དགོས་སར་འགྲོ་ཡིན། ཐུག་དགོས་སར་ཐུག་ཡོད། བཤད་དགོས་སར་བཤད་ཡིན། དེ་ལ་ང་ཐེ་ཚོམ་གཅིག་ཀྱང་མེད། ང་དགོང་མོ་མར་ཉལ་བའི་སྐབས་དང་རྗེས་མར་ངའི་བུ་མོས་ཁྱེད་རང་སྲིད་སྐྱོང་ཡིན་སྐབས་ག་རེ་བྱས་ཡིན་ཞེས་དྲིས་པ་ཡིན་ན་ངས་དཀའ་ལས་བརྒྱབ་ཡོད་ཅེས་ཐེ་ཚོམ་མེད་པའི་ཐོག་ནས་ཞུ་ཐུབ་ཀྱི་ཡོད། ཡིན་ན་ཡང་། འགྲུབ་འབྲས་ག་རེ་སྨིན་ཡོད་ཟེར་བ་དེར་ང་ཐེ་ཚོམ་འདྲ་པོ་ཞིག་འདུག ཡ་རབས་བཟང་སྤྱོད་ཀྱི་ཐོག་ནས་བཤད་སྟངས་ཤིག་ཡོད་ཀྱང་གཙོ་ཆེ་ཤོས་དམ་འབུལ་ཉིན་མོར་༧གོང་ས་མཆོག་ཆིབས་བསྒྱུར་བསྐྱངས་ཏེ། བོད་དུ་ཡོད་སྐབས་སྲིད་སྐྱོང་སྟག་བྲག་རིན་པོ་ཆེ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་༧གོང་ས་མཆོག་ལ་ཕུལ་བཞག་པ་དེ། དེ་རིང་མི་མང་གིས་བདམས་པའི་སྲིད་སྐྱོང་བློ་བཟང་སེང་གེ་ལ་གནང་གི་ཡོད་ཅེས་གསུངས་ཡོང་བའི་ཉིན་མོ་དེར་ངའི་སེམས་ལ་ལྗིད་ཁོག་ཆེན་པོ་ཞེ་བོ་ཞིག་ཆགས་སོང་། ལོ་རྒྱུས་ནང་འགྱུར་བ་ཆེན་པོ་འདི་འདྲ་ཞིག་འགྲོ་གི་ཡོད་པའི་སྐབས་སུ། མི་མང་གིས་ང་ལ་ཡིད་ཆེས་བྱས་ནས་འགན་སྤྲད་པ་རེད། ༧གོང་ས་མཆོག་གིས་དེ་རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན་གཅིག་ཡིན་དཱ་ཞེས་གསུངས་པ་དེ་འགན་ལྗིད་པོ་ཞེ་བོ་ཞིག་རེད་བཱ། དེའི་སྐབས་སུ་ང་རང་གི་ལས་དང་བསོད་ནམས་ལ་བརྟེན་ནས་ག་རེ་བསྐོས་ཡོད་པ་དེ་ཡོང་གི་ཡོད་སྟབས། ང་རང་གིས་དངོས་གནས་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ནས་དཀའ་ལས་རྒྱག་ཏུ་འགྲོ་དགོས་རེད་བསམ་བྱུང་། དེ་ནས་ལོ་ ༤ ནང་ལྷིང་འཇགས་ཆགས་པ་དེ་ངས་གྲུབ་འབྲས་ཆེ་ཤོས་ཡིན་བསམ་གྱི་འདུག རྒྱ་ནག་གཞུང་གིས་ཏན་ཏན་རེ་བ་བྱས་ནས་ད་ལྟའི་བར་དུ་སྔ་ཕྱི་མ་གཏོགས་བོད་མིའི་སྒྲིག་འཛུགས་དེ་ནུས་མེད་ཆགས་འགྲོ་ཡི་རེད་ཅེས་ཚགས་པར་ཁག་ལ་ཤོད་ཀྱི་ཡོད་པ་རེད། བཙན་བྱོལ་ནང་གི་མི་ཐོག་རྒན་པ་ཚོས་སེམས་ཁྲལ་བྱས་ནས་ད་ག་འདྲ་ཆགས་ཡོང་བསམ་ནས་སེམས་ཚབ་ཆེན་པོ་ཞིག་བྱུང་ཡོད་པ་རེད། དེའི་རྗེས་ནས་མང་ཚོགས་ཀྱིས་ང་ལ་ལག་འཇུ་བྱས་ཏེ་མིག་ཆུ་བཏང་ནས་དགའ་སྣང་བྱས་པར་བརྟེན། ང་བློ་བཟང་སེང་གེ་མི་དཀྱུས་མ་ཞིག་རྩ་བ་ནས་མ་རེད་ཅེས་ངས་ག་དུས་ཡིན་ཡང་ཞུ་བསྡད་ཡོད། བློ་བཟང་སེང་གེས་སྲིད་སྐྱོང་གི་འགན་ཁུར་ནས་བསྡད་ཡོད་པ་རེད། འགན་ཁུར་ཚར་བའི་རྗེས་སུ་མི་དཀྱུས་མ་བྱས་ནས་འགྲོ་རྒྱུ་ཡིན་ཡང་། སྐབས་སུ་བབ་པའི་ལས་དང་བསོད་ནམས་ཀྱིས་བློ་བཟང་སེང་གེ་ལ་སྲིད་སྐྱོང་གི་འགན་ཡོད་སྟབས། འགན་ཁུར་བ་དེ་ཡག་པོ་ཡོང་བར་ཤོག་ཅེས་བོད་ནས་གཞས་བཏང་པ་དང་དགོན་སྡེ་ཁག་གིས་སྨོན་ལམ་རྒྱག་པ་སོགས་བྱེད་ཀྱི་ཡོད་པ་རེད་བསམ་གྱི་འདུག ཁོང་ཚོས་ཚོར་བ་ཡོད་པའི་ཐོག་ནས་བཤད་ཡོང་དུས་ངས་འཇོན་ན་མ་འཇོན་ན་འགན་ཁུར་ནས་དཀའ་ལས་ཤིག་བརྒྱབ་སྟེ་ཡར་མར་འགྲོ་བ་ཙམ་གྱིས་མི་མང་ལ་བློ་བདེ་པོ་ཡོང་ཡོད་པ་དང་། དམིགས་བསལ་མི་རྒན་པ་ཚོར་བློ་བདེ་པོ་ཡོང་གི་ཡོད་ན། ངས་གང་བྱས་པ་དེ་འགྲིག་བསྡད་ཡོད་ས་རེད་བསམ་གྱི་ཡོད། གཙོ་ཆེ་ཤོས་སྤྱི་ཚོགས་ལྷིང་འཇགས་ཡོང་ཡོད་པ་དེ་རེད་བསམ་གྱི་ཡོད། ཅེས་གསུངས་སོང་།
ཡང་གསར་འགོད་པ་ཞིག་གིས་༧རྒྱལ་བ་རིན་པོ་ཆེར་མཛད་འཕྲིན་མང་པོ་ཡོད་པ་དང་སྐུ་ངལ་གསོ་དགོས་ཀྱི་ཡོད་པ་དེ་ཚོ་ལོ་མང་པོའི་སྔོན་ནས་གྲོས་ཚོགས་རིམ་པ་དང་བཀའ་ཤག་རིམ་པ། མང་ཚོགས་ནང་ནས་གསོལ་འདེབས་ཞུས་དང་ཞུ་བཞིན་པའི་གནས་སྟངས་ཤིག་རེད་མ་གཏོགས་གནས་ཚུལ་གསར་པ་གང་ཡང་མ་རེད། ༧རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭར་ང་ཚོ་མི་མང་དང་འཛིན་སྐྱོང་ཚང་མར་བློ་ཚབ་ཡོད་ཀྱང་། བཀའ་ཤག་གིས་དེའི་བར་ནས་དུས་འཁོར་དབང་ཆེན་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་ཏེ་ཞལ་བཞེས་བྱུང་བ་ནང་བཞིན་གནང་རྒྱུ་བྱས་པ་རེད། ཡིན་ན་ཡང་། འཛིན་སྐྱོང་གི་ས་གནས་མགོ་འཛིན་ཚོགས་འདུ་ད་ལོའི་ཕྱི་ཟླ་ ༧ པའི་ནང་ཚོགས་སྐབས། གཞུང་འབྲེལ་གྱི་གསལ་བསྒྲགས་ནང་ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༡ པོའི་ནང་དུས་འཁོར་དབང་ཆེན་གནང་གི་རེད། སྐབས་དེར་གཞིས་ཆགས་ཁག་གི་རྒན་འཁོགས་དུས་འཁོར་དབང་ཆེན་མ་ཐོབ་མཁན་ཚོ་འཁྲིད་ཡོང་དགོས་པ་དང་འཛིན་གྲྭ་བཅུ་པ་དང་བཅུ་གཅིག་སོགས་སློབ་ཕྲུག་ཚོ་ཡང་འཁྲིད་ཡོང་དགོས་རེད་ཅེས་དུས་འཁོར་དབང་ཆེན་ཡོད་པའི་གསལ་བསྒྲགས་ཤིག་བྱུང་ཚར་བ་རེད། ཡིན་ནའང་གློ་བུར་དུ་དུས་ཚོད་ཐུང་ཐུང་ཞེ་དྲགས་ཤིག་གི་ནང་ཕྱི་ཟླ་ ༧ དང་ ༨ པའི་བར་བཀའ་ཤག་གིས་༧རྒྱབ་བ་རིན་པོ་ཆེ་ཡི་མཛད་འཕྲིན་ཉུང་དུ་གཏོང་དགོས་པ་དང་སྐུ་ངལ་གསོ་དགོས་པའི་ཐུགས་ཁྲལ་བྱུང་པ་རེད། དུས་ཚོད་ཐུང་ཐུང་ཞིག་གི་ནང་དུས་དབང་ཕྱིར་འགྱང་གནང་དགོས་པ་དེ་ག་རེ་རེད།
༧རྒྱལ་བ་རིན་པོ་ཆེ་ཡི་མཛད་འཕྲིན་ཉུང་དུ་གཏོང་དགོས་ཡོད་ན་ལྷོ་ཕྱོགས་ལམ་རིམ་ཆེན་མོའི་གསུང་ཆོས་དེ་ཉི་མ་ ༥ མང་དུ་བཏང་འདུག ཧོན་སོར་ལ་ཕེབས་པ་དེ་ཚོ་ཡིན་ནའང་གློ་བར་དུ་མཛན་འཕྲིན་གསར་བ་དེ་འདྲ་ཕེབས་གནང་འདུག དེ་དག་ཉུང་འཕྲི་མ་བཏང་པར་བོད་དང་རྒྱ་གར་ཙམ་མ་ཡིན་པར་རྒྱལ་སྤྱིའི་སྟེང་དུས་འཁོར་དབང་ཆེན་དང་འབྲེལ་བ་ཡོད་པའི་མཛད་རིམ་དེར་འགྱུར་བ་བཏང་བ་ག་རེ་ཡིན་ནམ། ༧རྒྱལ་བ་རིན་པོ་ཆེ་ཡི་སྐུ་ཕྱྭར་ཉེན་ཁ་ཡོད་ན་དུས་འཁོར་དབང་ཆེན་སྐབས་ལ་ཉེན་ཁ་ཡོད་ལ། ལྷོ་ཕྱོགས་གསུང་ཆོས་སྐབས་ཡིན་ནའང་ཉེན་ཁ་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེས་སྐུ་ངལ་གསོ་དགོས་ཡོད་ན་དུས་འཁོར་དབང་ཆེན་སྐབས་ཡིན་ཡང་སྐུ་ངལ་གསོ་དགོས་ཡོད་ལ། ལྷོ་ཕྱོགས་ལ་ཡིན་ཡང་ངལ་གསོ་དགོས་ཡོད་པ་རེད། དེར་དབྱེ་བ་གང་ཡང་ཡོད་པ་མ་རེད་བསམ་གྱི་འདུག དེར་བརྟེན་དུས་ཚོད་ཐུང་ཐུང་དེ་འདྲ་ཞིག་གི་ནང་བཀའ་ཤག་གིས་གསོལ་འདེབས་ཞུ་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ་ཞེས་བཀའ་འདྲི་ཞུས་སོང་།
སྲིད་སྐྱོང་མཆོག་གིས་བཀའ་ལན་གནང་དོན། ཁྱེད་རང་གིས་ལྷོ་ཕྱོགས་དང་འདི་གར་ཉེན་ཁ་གཅིག་པ་རེད་ལ། སྐུ་ངལ་གསོས་བ་གཅིག་པ་རེད་ཅེས་ཐག་ཆོད་མདོག་ཁ་བོ་ཞེ་དྲགས་གསུངས་སོང་། ཡིན་ནའང་། ངས་ག་དུས་ཡིན་ཡང་ཞུ་བསྡད་ཡོད། བཀའ་ཤག་གི་ཕྱི་ལོགས་སུ་བཞུགས་མཁན་ཚོའི་བཀའ་མོལ་གནང་བ་དང་བཀའ་ཤག་གི་ནང་ལ་བཞུགས་ཏེ་ཉིན་རེ་བཞིན་གྱི་ཕྱག་ལས་གནང་བ་སོགས་ལ་ཁྱད་པར་ཆེན་པོ་ཞེ་དྲགས་ཡོད་པ་རེད། ང་རང་ཕྱི་ལོགས་སུ་རྒྱུན་རིང་པོར་བསྡད་པ་རེད། བཀའ་ཤག་ནང་ལ་བསྡད་དེ་ཐག་གཅོད་སྐབས་འགན་ཧ་ལས་པའི་ཆེན་པོ་ཡིན་སྟབས། བཀའ་ཤག་ནས་ཐག་གཅོད་ག་རེ་གནང་པ་ཡིན་ཡང་། འཕྲལ་ཕུགས་རྒྱང་གསུམ་ཚང་མར་གཟིགས་ནས་བཀའ་བསྡུར་རིམ་པ་གནང་སྟེ་ཐག་གཅོད་ཀྱི་ཡོད་པ་རེད་མ་གཏོགས། མཐོ་རྒྱག་དམའ་རྒྱག་དང་གློ་བུར་དུ་དུས་ཚོད་ཐུང་ཐུང་ཞིག་གི་ནང་ཐག་གཅོད་ཀྱི་ཡོད་པ་མ་རེད་ཅེས་ཞུ་རྒྱུ་ཡིན། ཁྱེད་རང་གིས་ཐག་གཅོད་མདོག་ཁ་བོ་ཞེ་དྲགས་གསུངས་སོང་ཡང་དེ་འདྲ་མ་རེད་ཅེས་ཞུ་ཡི་ཡིན། དགའ་ལྡན་ཕོ་བྲང་ལ་བཀའ་བསྡུར་རིམ་པ་གནང་དགོས་ཀྱི་ཡོད་པ་རེད། དེའི་སྒང་ལ་ངས་ཞེ་དྲགས་ཞུ་དགོས་ཀྱི་ཡོད་པ་མ་རེད་བསམ་གྱི་འདུག ཉེ་ཆར་མིན་ནེ་སོ་ཊ་ (Minnesota) ལ་ཕེབས་སྐབས་༧གོང་ས་མཆོག་གིས་མི་མང་ལ་བཀའ་སློབ་གནང་པའི་ནང་གང་ལ་གང་འཚམ་ཞིག་གསུངས་སོང་བསམ་གྱི་ཡོད། དེར་བསྐྱར་ཏུ་གཟིགས་གནང་དང་། སོག་ཡུལ་གྱི་དུས་འཁོར་དབང་ཆེན་ཡང་ད་ལོ་མི་གནང་བར་བྱས་ཡིན། ད་ལོའི་དུས་འཁོར་དབང་ཆེན་ཡིན་ཡང་ཕར་འགྱང་གནང་ཡིན་ཞེས་གསུངས་ཡོད་པ་རེད།
ཁྱེད་རང་གིས་ལྷོ་ཕྱོགས་ཀྱི་གསུང་ཆོས་དང་དུས་འཁོར་དབང་གཉིས་གཅིག་པ་རེད་ཟེར་བ་དེ་གཅིག་པ་རྩ་བ་ནས་མ་རེད། དུས་འཁོར་དབང་ཆེན་ལ་ཞོགས་པ་སྔ་མོ་ནས་སྒྲུབ་བྱ་གནང་དགོས་ཀྱི་ཡོད་པ་རེད། གསུང་ཆོས་གཞན་དག་ལ་བཞུགས་ཁྲིའི་སྒང་བཞུགས་ནས་གསུང་ཆོས་གནང་རྒྱུ་རེད། དེ་གཉིས་ཧ་ལས་པའི་ཁྱད་པར་ཡོད་པ་རེད། དུས་འཁོར་དབང་ཆེན་གྱི་སྒྲུབ་བྱ་དེར་སྐུ་ངལ་ཧ་ལས་པ་ཆེན་པོ་ཡོད་པ་དང་། དུས་འཁོར་དབང་ཆེན་གཏན་འཁེལ་བའི་རྗེས་སུ་མི་མང་ཁྲི་དང་འབུམ་གྱིས་ཁྱད་པར་འགྲོ་ཡི་ཡོད་པ་རེད། སྐེད་མཚམས་ནས་ཕར་འགྱང་དང་འགྱུར་བ་གཏོང་དགོས་ན། དོ་ཕོག་ཆེན་པོ་ཞེ་དྲགས་འགྲོ་ཡི་ཡོད་པ་རེད། དེས་མི་མང་པོར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་སྟབས། གྱ་སྟོན་ནས་བཟུང་སྟེ་སྐུ་ཐང་ཆད་ཀྱི་ཡོད་པ་གསལ་བོ་ཡིན་དུས། ཕྱི་ཟླ་ ༡༠ དང་ ༡༢ གྱི་མཛད་རིམ་ཁག་ལ་གཟིགས་ན་སྐུ་ངལ་གསོ་བའི་དུས་ཚོད་རག་གི་མི་འདུག དེའི་རྗེས་སུ་དུས་འཁོར་དབང་ཆེན་བྱུང་བ་ཡིན་ན། དཀའ་ལས་ཁག་པོ་ཞེ་དྲགས་རེད། དེར་བརྟེན་གསུང་ཆོས་གནང་རྒྱུར་༧གོང་ས་མཆོག་བཞུགས་ཁྲིའི་སྒང་ལ་བཞུགས་ནས་གསུང་ཆོས་གནང་རྒྱུ་རེད། སྐུ་ངལ་ཡོད་པ་མ་རེད་ཟེར་ན་ཡོད་པ་རེད། ཡིན་ཡང་༧གོང་ས་མཆོག་གིས་ནམ་རྒྱུན་འཛིན་སྐྱོང་དང་གསུང་ཆོས་གནང་རྒྱུ་གཉིས་བསྡུར་ན། གསུང་ཆོས་གནང་རྒྱུ་མཉེས་པོ་དང་ཐུགས་ལྷོད་པོ་ཡོང་གི་འདུག་ཅེས་གསུང་གིན་ཡོད་ཀྱང་། དུས་འཁོར་དབང་ཆེན་དེ་ཉིན་མ་མང་པོ་སྒྲུབ་བྱ་གནང་དགོས་ཀྱི་ཡོད་པ་རེད། ཞོགས་པ་ཆུ་ཚོད་གཉིས་པར་ཡར་བཞེངས་ཏེ་སྒྲུབ་བྱ་ཆུ་ཚོད་བཞི་ལྔར་གནང་དགོས་པ་དང་། དེ་ནས་ཉིན་གང་གསུང་ཆོས་གནང་དགོས་ཀྱི་ཡོད་པ་རེད། དེའི་སྒང་ལ་སྔོན་འགྲོའི་གསུང་ཆོས་ཡོད་པ་རེད། སྔོན་འགྲོའི་གསུང་ཆོས་དེ་ཡང་ད་ལོ་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་སྤྱོད་འཇུག་གསུང་གི་ཡིན་གསུངས་དུས་དེ་ཡང་མང་པོ་ཞེ་དྲགས་ཤིག་གནང་དགོས་ཀྱི་ཡོད་པ་རེད། དེར་བརྟེན་དུས་འཁོར་དབང་ཆེན་ལ་འགྱུར་བ་གཏོང་རྒྱུ་མེད་སྟབས་ང་ཚོས་ལོ་གཅིག་ལ་ཕར་འགྱངས་བྱས་ཏེ་ལོ་རྗེས་མར་མཛད་རིམ་ལྷོད་ཙམ་བྱུང་ན་ཡག་པོ་ཡོང་ས་རེད་ཅེས་ཞུས་པ་རེད། ང་ཚོ་བཀའ་ཤག་གིས་ཞུས་པའི་དུས་འཁོར་དབང་ཆེན་གཅིག་པུ་ཕར་འགྱངས་གནང་བ་མ་རེད་དཱ། སོག་ཡུལ་ལ་ཡོད་པའི་དུས་འཁོར་དབང་ཆེན་ཡིན་ཡང་ཕར་འགྱང་གནང་གི་ཡིན་ཞེས་གསུངས་ཡོད་པ་རེད། ཁ་སང་མི་ནེ་སོ་ཊ་ལ་གོང་ས་མཆོག་གིས་གསུངས་ཡོད་སྟབས་ངས་མང་པོ་ཞུ་བསྡད་ན་ལན་པོ་ཡོད་མ་རེད་བསམ་གྱི་འདུག དེར་ཡང་བསྐྱར་གཟིགས་གནང་དཱ། དགོས་པ་རྒྱུ་མཚན་ཆ་ཚང་ལ་གཟིགས་པའི་བཀའ་བསྡུར་རིམ་པ་གནང་སྟེ་བཀའ་ཤག་གིས་ཐག་གཅོད་བྱེད་ཀྱི་ཡོད་པ་རེད་མ་གཏོགས། གློ་བར་དུ་ཐག་གཅོད་བྱེད་ཀྱི་ཡོད་པ་མ་རེད་ཅེས་ནས་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།
གསར་འགོད་པ། འཇིགས་མེད་རྒྱ་མཚོ།
ངོ་མ་བཤད་ན་སྲིད་སྐྱོང་ལགས་ཀྱིས་ཐོག་མའི་དམིགས་ཡུལ་གསུམ་གསུང་ཡོད་རེད། ལོ་ངོ་བཞིའི་རིང་གྲུབ་འབྲས་ཡག་ཤོག་ལྷག་འཇགས་ཡིན་གསུང་བ་དང་ལྷག་པར་ ༧གོང་ས་མཆོག་དང་། མཁས་དབང་ཟམ་གདོང་རིན་པོ་གཉིས་ནས་སྐུ་ངལ་བསྐྱོན་ནས་བཙུགས་པའི་ཤེས་ཡོན་སྲིད་ཇུས་དང་། དཔེ་སྟོན་སློབ་གྲྭ་གཉིས་ཉིན་བཞིན་ཉམས་རྒུད་བཏང་། བོད་ཡིག་སློབ་ཚན་ལ་ཡིག་རྒྱུགས་ཨང་དང་པོར་སོན་པ་ལ་བརྒྱ་ཆ་དྲུག་ཅུ་ལོན་ན་ཆོག་པ་བཟོས།
འདི་དག་ནི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱི་འདས་པའི་ལོ་ངོ་བཞིའི་རིང་གནང་པའི་གྲུབ་འབྲས་རེད། ཆགས་འཇིག་འོག་གནས་པའི་མི་རིགས་ཞིག་གསོན་པོར་གནས་དགོས་ན་མི་རིགས་དེ་ཡི་སྐད་ཡིག་རིགས་གཞུང་ནི་མི་རིགས་དེའི་སྲོག་རྩ་ཡིན། སྲིད་སྐྱོང་ལ་ཁྱེད་རང་གི་ལོ་བཞིའི་ནང་སོ་སོའི་མི་རིགས་གི་སྐད་ཡིག་གི་གནས་རིམ་དེ་ག་པར་ཞག་ཡོད། ལས་ཀ་དེ་ཚོ་བློ་ཕམ་རེད།
ངོ་མ་རེད་དངོས་འཛིན་དེ་འདྲ་ཡིན་ན་གང་ལྟར་ཡང་སྐྱར་ལོ་ངོ་ལྔའི་རིང་ལྷང་འཇགས་ལྡན་པ་ཞིག་འུ་ཡོང་འདོད་ན་ཡང་ཁོང་འདེམས་དགོས་པ་རེད། འདས་པའི་བྱ་བ་ལ་བལྟས་ན་འབྱུང་འགྱུར་གྱི་ལོ་ལྔའི་ཕྱག་ལས་ཡང་ཕྱི་གསལ་ནང་གསལ་རེད། དེ་ཙམ་གྱི་འགྲིག་གི་ཡོད་པ་ཞིག་ལ་གུས་པ་དངོས་འཛིན་མེད་གང་ཡིན་ཟེར་ན་མི་རིགས་ཀྱིས་འཐབ་རྩོད་ཟེར་བ་རྩོད་གླེང་མ་བྱས་པར་རང་ཤུགས་ཀྱི་ཐོབ་ཡོང་བ་ཞིག་མིན་ཙང་འབད་བརྩོན་ངེས་པར་གནང་དགོས་པ་རེད་དྲན་ནས་ཡོད་དེ་འདྲ་སོང་ཙང་མ་འོངས་པའི་སྲིད་སྐྱོང་འདི་འདྲ་ཞིག་མ་ཡིན་པར་ཕྱོགས་གང་ལ་ཡིན་རུང་མཁྱེན་རྒྱ་ཆེ་བ་ཞིག་ལ་བསམ་བློ་གཏོང་དགོས་པ་རེད་དྲན་ནས་ཡོད།
བཀུར་འོས་སྲིད་སྐྱོང་མཆོག་གི་བསྒྲགས་གཏམ་དང་གསར་འགོད་པར་བཀའ་ལན་རྣམས་དངོས་ཡོད་ཀྱི་གནས་ཚུལ་དང་མཐུན་པར་དྲང་མོར་མོལ་པས། རྒྱ་ཆེའི་ཀློག་པོའི་སེམས་ནང་ཟུག་འགྲོ་བ་ཞིག་བྱུང་སོང་སྙམ།
དེ་རིང་སླར་ཡང་སྲིད་སྐྱོང་འོས་མིར་བཞེངས་པའི་བསྒྲགས་གཏམ་དང་། སང་གནངས་ཁྱེད་ཀྱི་བོད་མིའི་ལོ་རྒྱུས་ལྡན་པའི་སྲིད་སྟེགས་ཀྱི་སྐྱོག་མཚམས་ཏེ་འདས་པའི་ཕྱག་ལས་ལ་གཟེངས་སུ་ཐོན་པའི་ངོས་འཛིན་གྱིས།
ཨ་རིའི་སཱེེལྶ་བྷག་མཐོ་སློབ་ཀྱི་གཟེངས་རྟགས་གྲགས་ཅན་འབུལ་ངེས་བཅས་ནི་ང་ཚོ་བོད་མིའི་ལ་རྒྱ་ཉིད་ཡིན་པས་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ།
གང་ལྟར་ལོ་འདི་དག་གིས་གྲུབ་འབྲས་ལྷག་འཇགས་རེད་ངོ་མ་ཡག་པོ་འདུག་ཧ་ཧ་ཧ་གཞན་ཚོས་ཡང་ཁྱེད་ཀྱིས་ཕྱག་ལས་ཚང་མ་ལྷག་འཇགས་རེད་ཟེར་གྱིན་འདུག་དེ་འདྲ་ཡིན་ཚང་དགོངས་པ་ཞུ་རོགས།
ངོ་མ་བཤད་ན་སྲིད་སྐྱོང་ལགས་ཀྱིས་ཐོག་མའི་དམིགས་ཡུལ་གསུམ་གསུང་ཡོད་ཚོད་མ་རེད། གང་ཡིན་ཟེར་ན་ལོ་ངོ་བཞིའི་རིང་གྲུབ་འབྲས་ཡག་ཤོག་ལྷག་འཇགས་ཡིན་གསུང་བ་ཡིན་དུས་གཙོ་བོ་ལྷང་འཇགས་གལ་ཆེན་བརྩིས་ནས་གཞན་རྣམས་ཞོར་ལས་འདྲ་བོ་ཡིན་ཚོད་རེད། དེ་འདྲ་ཡིན་དུས་མ་འཇོན་རབ་མ་གསུང་ན་ཡག་ཤོས་རེད།