ཁ་སང་དཀར་མཛེས་རྫོང་ཐོག་ཏུ་བོད་མི་ཞིག་གིས་བསྟན་འཛིན་རྒྱ་མཚོ་ཁྲི་ལོར་བརྟན་པར་ཤོག་ཅེས་སྐད་འབོད་གནང་བར་བརྟེན་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག
ཁ་སང་ཚེས་ ༢༧ ཉིན། དཀར་མཛེས་རྫོང་ཐོག་ཏུ་བོད་མི་གཞོན་སྐྱེས་མིང་ལ་བྱམས་པ་སེང་གེ་ཞུ་བ་ཞིག་གིས་རླུང་རྟ་གཏོར་བཞིན་༼བསྟན་འཛིན་རྒྱ་མཚོ་ཁྲི་ལོར་བརྟན་པར་ཤོག༽ཅེས་སྐད་འབོད་རྒྱག་བཞིན་གོམ་བགྲོད་གནང་ཡོད་པ་དང་། ཅུང་ཙམ་ལས་མ་འགོར་བར་ཉེན་རྟོག་པ་མང་པོ་བསླེབས་ཏེ་ཁོང་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག
ཨ་རིའི་ཉིག་ཡོག་ཏུ་གནས་སྡོད་རྫ་བ་བྱམས་པ་བརྩོན་འགྲུས་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཁོང་གིས་ཞི་རྒོལ་མ་གནང་གོང་གི་ཉིན་ཤས་སྔོན་༧གོང་ས་མཆོག་ཞབས་ཐང་དུ་ཕེབས་བཞིན་ཡོད་པའི་བརྙན་ཐུང་ཞིག་མཇལ་ཏེ། ༧གོང་ས་མཆོག་དགུང་ལོ་བགྲེས་པོར་ཕེབས་ཡོང་གི་འདུག་ཅེས་དང་། བླ་མར་མ་མཇལ་ན་གསོན་པོར་བསྡད་ཀྱང་སྙིང་པོ་མེད་ཚུལ་ཡང་ཡང་བཤད་དེ་ཐེངས་མང་ངུས་ཡོད་འདུག
ཁོང་འཛིན་བཟུང་བྱས་པའི་ཕྱིར་ཉིན་དེར་ཉེན་རྟོག་པ་མང་པོ་ཁོང་གི་ཁྱིམ་དུ་སོང་ནས་ནང་མི་ཚོར་འདྲི་བརྩད་བྱས་ཡོད་པ་དང་། དེའི་རྗེས་ཁོང་གི་བཟའ་ཟླ་དང་མོའི་ཨ་མ་གཉིས་ཀྱིས་ཟ་མ་དང་གྱོན་གོས་ཁུར་ནས་དཀར་མཛེས་རྫོང་ཐོག་ཏུ་བསྐྱེལ་བར་ཕྱིན་ཡོད་ཀྱང་། ཁོང་གང་དུ་ཡོད་མེད་ཙམ་ཡང་ཤེས་རྟོགས་མ་ཐུབ་པར་ཟ་མ་དང་གྱོན་གོས་རྣམས་ཁྱེར་ནས་ཕྱིར་ལོག་དགོས་བྱུང་ཡོད་འདུག
ད་ལྟའི་ཆར་ཁོང་གི་གནས་སྟངས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་སྟབས། ཁོང་གི་ནང་མི་དང་གཉེན་འབྲེལ་ཚོས་ཉེན་རྟོག་པས་ཁོང་ལ་མནར་གཅོད་གདུག་རྩུབ་གཏོང་བཞིན་ཡོད་པའི་ཐད་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། བོད་ཀྱི་ཆབ་སྲིད་བཙོན་པ་སྤྱི་མཚུངས་ལྟར་བཙོན་ཁང་དུ་བཙན་བཀོལ་རྡུང་རྡེག་ཚད་མེད་མྱོང་བའི་ཁར་འཚོ་བའི་ཆ་རྐྱེན་ཞན་པ་དང་ངལ་རྩོལ་ཤུགས་ཆེན་པོ་བྱེད་དགོས་པའི་རྐྱེན་གྱིས། བཙོན་གྲོལ་ཐོབ་ནའང་རྒྱུན་དུ་ནད་ཀྱིས་མནར་ཏེ། སྨན་པར་བསྟེན་གཏུག་བྱེད་དགོས་པ་ཞིག་ཏུ་མི་འགྱུར་བའི་རེ་བ་ཆེན་པོ་བྱེད་བཞིན་ཡོད་འདུག
བྱམས་པ་སེང་གེ་ལགས་ནི་དཀར་མཛེས་རྫོང་རྫ་ཁོག་ཤང་ཁྲ་དྷབ་གྲོང་རྡལ་གྱི་ཕ་བློ་དགའ་དང་མ་བོ་ཅག་གཉིས་ཀྱི་བུ་ཡིན་ཞིང་། ད་ལྟ་དགུང་ལོ་ ༢༩ ཙམ་ཡིན་ལ། དཀར་མཛེས་རྫོང་གི་ཉེ་འདབ་དར་མདོ་གྲོང་རྡལ་དུ་མག་པར་ཕྱིན་ཡོད་པ་དང་། ཁོང་གི་བཟའ་ཟླ་དབྱངས་ཅན་ཆོས་མཚོ་ཁོང་གཉིས་ལ་ལོ་ ༡ ཙམ་སོན་པའི་བུ་བསྟན་འཛིན་དར་རྒྱས་ཟེར་བ་ཞིག་དང་། བཟའ་ཟླའི་ཨ་མ་བཅས་ནང་དུ་བཟའ་མི་བཞི་ཡོད་འདུག