མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀ་ལི་སྤུངས་ནས་སྤང་མདའ་རྙེད་པ།

བོད་ཀྱི་དུས་བབ།
༢༠༡༥/༡༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཐུབ་བསྟན་རྒྱལ་མཚན།

 

གནའ་བོའི་ཕ་མེས་ཡབ་མེས་ནས་ཡང་ཡང་གོ་མྱོང་བའི་རྒྱ་གར་ཀ་ལི་སྤུངས་ནི་ཧ་ཅང་མཛེས་སྡུག་གིས་བཅིངས་པའི་ཁོར་ཡུག་ཅིག་རེད། ང་ལ་མཚོན་ན་ཆེས་ཐོག་མ་ཀ་སྤུངས་སུ་བསྐྱོད་པའི་ཉིན་མོ་ནི་ ༢༠༡༥། ༡༡། ༦ དགོང་མོ་ཏག་ཏག་ལ་ཁེལ་སོང་།  དེའི་སང་ཉིན་ནས་དཔལ་ས་སྐྱའི་ཁྲི་ཐོག་ཞེ་གཅིག་པ་སྐྱབས་མགོན་༧གོང་མ་བདག་ཁྲི་རིན༌པོ་ཆེ་མཆོག་གིས་འཕགས་ཡུལ་གྲུབ་ཆེན་རྣམས་ནས་བརྒྱུད་པའི་ཆེ་བ་དུ་མའི་ལྡན་པའི་ཟབ་ཆོས་མན་ངག་དགུའི་ནང་གསེས་ལམ་སྐོར་ཕྱི་མ་བརྒྱད་ཀྱི་བཀའ་ཁྲིད་བསྩལ་རྒྱུ་ཡིན་པ་དང་། དུས་མཚུངས་འཁོན་གདུང་སྐུ་བགྲེས་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་སྙིང་ཁུ་ཡབ་ཆོས་བླ་ན་མེད་པའི་གསུང་ངག་རིན་པོ་ཆེ་ལམ་འབྲས་ཚོགས་བཤད་ཆེན་མོ་ཤར་ནུབ་ཡུལ་གྲུ་གང་ས་ནས་ཕེབས་པའི་ཆོས་ཞུ་བ་སྟོང་ཚོ་གཅིག་ལྷག་ལ་བཀའ་དྲིན་སྩོལ་བཞིན་པ་བཅས་ཁེལ་བའི་དེ་རིང་གི་འགྲུལ་བཞུད་འདི་ནི་མི་ཚེ་ནང་ཆེས་རིན་ཐང་ཆེ་ཤོས་ཀྱི་འགྲུལ་བཞུད་ཅིག་ཡིན།

 

སྤྱིར་བཏང་ནས་བཤད་ན་ཀ་ལི་སྤུངས་ནི་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་བསྟི་གནས་ཤིག་ཡིན་ཞིང་། དུས་འགྱུར་མ་བྱུང་གོང་བོད་ཀྱི་གྲགས་ཅན་ཚོང་པ་དང་དཔོན་ཁག་མང་པོ་ཞིག་གིས་ཚོང་དུས་གནང་སའི་ས་ཚིགས་གལ་ཆེ་ཞིག་ཆགས་འདུག ད་ལན་ཁོ་བོས་གོ་སྐབས་གཟུང་ཏེ་སྔོན་མའི་ལོ་རྒྱུས་མང་པོ་ཞིག་ལ་འཚོལ་ཞིབ་དང་དྲི་བ་བྱས་པས་བོད་ཀྱི་གནད་ཡོད་མི་སྣ་མང་པོ་ཞིག་གི་ལོ་རྒྱུས་དང་རྗེས་ཤུལ་ཁང་མིག་སོགས་ལ་ལྟ་རྒྱུ་བྱུང་། ད་དུང་དེའི་ཁོངས་ནས་ཚོར་སྣང་ཟབ་ཤོས་ཤིག་ནི་བགྲེས་སོང་ཁག་གཅིག་གིས་མིད་པ་མཆིལ་མས་རྣོང་བཞིན་དུ་ལྐོག་ལྐོག་སུད་སུད་ཀྱིས་ངོ་སྤྲོད་གནང་འོང་ཡ་གཅིག་ནི་སྨར་ཁམས་སྤང་མདའ་ཚང་གི་སྐོར་རེད།

 

དུས་རབས་ཉི་ཤུའི་མགོ་སྟོད་དུ་སྤང་མདའ་ཚང་ནི་རྟ་དྲེལ་བརྒྱ་ཕྲག་མང་པོ་དེད་ནས་སྨད་དར་མདོ་དང་རྒྱ་ནག་གི་རྒྱལ་ས་པེ་ཅིན་ནས་ཤར་རྒྱ་གར་ཀ་ལི་སྤུངས་ཚུན་ཆད་བར་དར་གོས་འགྲུལ་ལམ་རིང་མོའི་ཚོང་ལས་གཉེར་ནས་ཧ་ཅང་སྐད་གྲགས་ཆེ་བའི་ཚོང་པའི་ཁྱིམ་ཚང་ཞིག་ཡིན། བརྒྱ་ཕྲག་ཉི་ཤུའི་དཀྱིལ་ཙམ་ནས་རིམ་བཞི་དང་ནང་སོ་མཛོད་པ་ཡུལ་དམག་གི་རུ་དཔོན་སོགས་ཀྱི་གོ་གནས་སྣ་མང་བཞེས་ནས། སོག་སྡེ་དཔོན་མགོ་བཅོ་བརྒྱད་ཀྱི་གྲས་སུ་བཞུགས་པ་དང་སྡེ་པ་གཞུང་གི་སྐུ་ཚབ་ཀྱི་འགན་ཁུར་ཐོག་གྲུ་མོ་སྤྱི་ཁྱབ་སོགས་གནང་ནས་ཚོང་པའི་ལས་དོན་ཙམ་མ་ཟད་ས་སྐྱ་དང་དགའ་ལྡན་ཕོ་བྲང་སྲིད་གཞུང་གཉིས་ཀྱི་གོ་གནས་རིམ་པ་ཡོད་པའི་དཔོན་ཚང་ཞིག་ཏུ་གྱུར། མ་ཟད་༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཀྱང་ཐུགས་བློའི་རྗེན་འགེལ་གནང་སའི་སྤྱན་གསལ་གྱི་མི་སྣ་ཞིག་ཏུ་ཆགས་འདུག

 

སྤང་མདའ་ཞེས་པ་ནི་གནས་མིང་ཁྱིམ་ཚང་ལ་ཐོགས་པའི་དུད་ཚང་ཞིག་ཡིན་ཅིང་ཁྱིམ་འདིར་བུ་ཆེ་བ་སྤང་མདའ་ཡར་འཕེལ་དང་། འབྲིང་བ་སྤང་མདའ་སྟོབས་རྒྱས། ཆུང་བ་སྤང་མདའ་རབ་དགའ་བཅས་བུ་སྤུན་གསུམ་འདུག བུ་རྒན་པ་གཉིས་ནི་སྦྱང་སྟོབས་ཀྱི་སློབ་སྦྱོང་ལ་དེ་ཙམ་གོ་ཚོར་མེད་ཀྱང་སྐྱེས་སྟོབས་ཀྱི་རྣམ་དཔྱོད་དང་ཀླད་པ་ནི་ཧ་ཅང་ཚད་མཐོན་པོ་ཡིན་ཞིང་ཉེ་རབས་ལོ་རྒྱུས་སྨྲ་བ་དང་གནད་ཡོད་མི་སྣ་མང་པོས་ཁོང་གཉིས་ལ་བསྔགས་བརྗོད་གནང་བ་མ་ཟད་༧གོང་ས་མཆོག་གིས་ཀྱང་སྔ་ཕྱིར་བསྔགས་བརྗོད་མཛད་འདུག །བུ་ཆུང་བ་རབ་དགའ་ནི་བོད་རང་གི་རིག་གཞུང་དང་ནང་ཆོས་ལ་མཁས་པ་ཆེན་པོ་ཡིན་འདུག་པ་མ་ཟད་། རྒྱ་སྐད་དང་ཆབ་སྲིད་ཀྱི་ཐོག་ནས་ཧ་ཅང་མཁྱེན་པ་རྒྱས་པའི་ཕུལ་བྱུང་གི་མི་སྣ་ཞིག་རེད་འགི ཁོང་གིས་རྒྱ་སྐད་ནས་བོད་བསྒྱུར་ཞུས་པའི་དེབ་གཅིག་ཀྱང་ཡོད་ཚོད་གདའ། སྤང་མདའ་ཡར་འཕེལ་དང་རབ་དགའ་གཉིས་ཐོག་མའི་ཆར་སྐྱབས་བཅོལ་ཕེབས་ནས་ཀ་སྤུངས་སུ་གནས་གཞིས་བཟུང་ནས་བཞུགས་ཡོད་པ་དང་རང་གཞུང་གིས་ཛ་སག་གི་གོ་གནས་ཤིག་ཀྱང་གསོལ་སྩལ་གནང་ཡོད་ཚོད་འདུག ཁོང་ཚང་གིས་དུས་འགྱུར་སྐབས་བཙན་བྱོལ་དུ་ཕེབས་པའི་རང་ཁོངས་ཀྱི་མི་མང་རྣམས་སྡོད་གནས་ཀྱི་གཞིས་སྒར་ཞིག་དང་རང་ལུགས་ཆོས་བརྒྱུད་ཀྱི་རྟེན་གཞི་དགོན་པ་བཅས་གསར་བཞེངས་གནང་སའི་ཀ་ལི་སྤུངས་ས་གནས་ཡུལ་མིའི་ལག་ནས་ས་ཆ་མང་པོ་ཞིག་སྤུས་གཟིགས་གནང་ནས་དབུ་འོག་དཔུང་འདེབས་ཀྱི་གྲ་སྒྲིག་གནང་འདུག

 

ལོ་རབས་དྲུག་ཅུའི་ནང་སྤང་མདའ་ཡར་འཕེལ་དང་མ་ནང་ཨ་བུ་པདྨ་ཚེ་དབང་། སྨར་ཁམས་ཐོས་བསམ་འབྲེལ་ཡོད་སྐུ་དྲག་ཁག་གཅིག་མཉམ་འདུས་ཀྱིས་བོད་མི་རིགས་ཀྱི་ལས་དབང་དང་བདེ་དོན་ཁོ་ན་ལ་དམིགས་ནས་ལས་འགུལ་ཁ་ཤས་ཀྱི་རྨང་གཞི་བཏིང་འདུག་ཀྱང་སྒེ་གནད་ཁོག་བཟུང་གིས་ལས་དོན་ཡོངས་རྫོགས་འགྲེལ་ལོག་དང་མ་ཉེས་ཁག་གཡོགས་གནང་ནས་མཐར་བོད་པ་བོད་པས་བརྡུངས་ནས་དྲང་པོ་དང་བདེན་པ་ཡོད་ཚད་ཞུ་སའི་དཔོན་མེད། སྐྱབས་སའི་མགོན་མེད།  མཐར་ཀ་སྤུངས་སུ་གནས་མ་ཐུབ་པའི་དཀའ་ངལ་དང་གནོད་ཤུགས་འོག་ནས་ལས་དོན་ཡོངས་རྫོགས་མཇུག་སྒྲིལ་དགོས་བྱུང་འདུག གནོད་ཤུགས་དང་བཀའ་ངལ་འདིའི་བྱུང་དོན་གཙོ་བོ་ནི།

 

༡༽ དུས་འགྱུར་མ་བྱུང་གོང་ནས་སྤང་མདའ་ཚང་ནི་བོད་སྡེ་པ་གཞུང་གི་ཆེས་མཐོ་མི་སྣ་གྲས་ཡིན་པ་མ་ཟད་ཆབ་དཔལ་རིག་གསུམ་གང་ཐད་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པས་ཕྲག་དོག་གིས་མི་སྣ་མང་པོ་ཞིག་གི་མིག་ལ་མ་བབས་པ་དང་།

 

༢༽༧གོང་ས་བཅུ་གསུམ་པའི་སྤྱན་གསལ་དང་ཐུགས་འགེལ་གནང་སའི་མི་སྣ་གལ་ཆེ་ཞིག་ཡིན་པ་དང་། ཁམས་ཕྱོགས་སུ་ནང་སོ་མཛོད་པ་དང་རུ་དཔོན་གྱི་གོ་གནས་ཡོད་ཙང་ཉེ་སྐོར་གྱི་དཔོན་མིང་ཡོད་པ་རེ་གཉིས་ཀྱིས་ཁོ་དང་ཁོའི་མི་མང་ལ་དབང་ཡོད་དང་ཐུགས་རྩོད་གནང་སའི་གོ་སྐབས་མ་རགས་པའི་སྒེ་ནད་བྱུང་བ།

 

༣༽ བོད་ས་ཤོར་ལ་ཉེ་སྐབས་སྡེ་པ་གཞུང་གི་གསེར་དངུལ་མང་པོ་ཞིག་འབྲས་ལྗོངས་བར་སྐྱེལ་འདྲེན་གྱི་ལས་འགན་བཞེས་ཡོད་པ་དང་། ས་ཤོར་རྗེས་མི་སྣ་ལ་ལས་ངན་པ་ལག་སྦྲེལ་གྱིས་གསེར་དངུལ་དེ་དག་ཟ་འདོད་ཧམ་བཤད་བྱས་ཙང་ཐོགས་མའི་འཆར་སྤང་མདའ་ཡར་འཕེལ་གྱིས་གསེར་དངུལ་ནི་བོད་མི་སྤྱི་མཐུན་གྱི་རྒྱུ་རྫས་ཡིན་སྟབས་མི་རེ་གཉིས་ལ་ཁ་གསལ་མེད་པའི་རྩིས་སྤྲོད་ཞུ་ཐབས་མེད་སྐོར་གསུངས་ཏེ་དང་ལེན་མ་བྱས་པས་གནད་ཡོད་མི་སྣ་མང་པོ་ཞིག་ཁ་སྐྱེངས་ཙང་སྒེར་ནད་ཇི་ཆེར་གྱུར་ཡོད། གོང་གསལ་གནས་ཚུལ་འདི་གསུམ་གཙོར་བཟུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་མི་མང་ནང་ཁུལ་ལ་སྤང་མདའ་དང་སྤང་མདའི་འབྲེལ་ཡོད་ཡོངས་རྫོགས་རྩ་མེད་བཟོ་མ་ཐུབ་ཚེ་ཁོང་ཚོས་༧གོང་ས་ཆེན་པོ་སྐུ་དབང་ལ་ཐེ་བྱུས་གནང་གིན་ཡོད་པ། བོད་སྡེ་པ་གཞུང་གི་གསེར་དངུལ་ཚང་མ་སྒེར་ཟས་གནང་གིན་ཡོད་པ། དེ་དག་ངེས་པར་དུ་ཚུར་འཕྲོག་ནས་མི་མང་བདེ་རྩའི་ཆེད་ལྕག་གི་བཟོ་གྲྭ་འཛུགས་དགོས་པ། རྒྱ་དམར་ནག་གཉིས་ལ་ངན་པ་ལག་སྦྲེལ་གྱི་འབྲེལ་བ་ཡོད་པ་སོགས་དཀྲོག་གཏམ་སྤེལ་ཏེ་མཚན་རྟགས་བསྡུ་རུབ་སོགས་ཀྱང་གནང་ཡོད་ཚོད་འདུག

 

གནས་ཚུལ་དེ་དག་གི་རྐྱེན་པས་སྤང་མདའ་ཡར་འཕེལ་ཀ་སྤུངས་ལ་སྡོད་ཐབས་ཡོངས་སུ་ཟད་ནས་མཐར་བོད་དུ་ལོག་དགོས་བྱུང་བ་དང་། སྤང་མདའ་རབ་དགའ་ལ་ཀ་སྤུངས་ལྷམ་ཚོང་ཁང་ཞིག་ནས་ལྐོག་མདའ་བརྒྱབ་ནས་གསོད་གྲབས་བྱས་ཡོད་ཀྱང་མེ་མདའ་ཁོང་ལ་མ་ཕོག་ནས་ཚོང་བདག་གི་སྐྱེས་དམན་གྱི་རྐང་པར་ཕོག་ཤོར་འདུག མེ་མདའ་རྒྱག་མཁན་ནི་ཆེད་གཏོང་གནང་བའི་བོད་པ་ཞིག་ཡིན་པ་མ་ཟད་དམག་ཟུར་ཞིག་ཀྱང་ཡིན་འདུག ཁོང་གིས་སྤང་མདའ་རབ་དགའ་གསོད་ཆེད་ཉིན་མང་རྗེས་འདེད་བྱས་ཀྱང་མེ་མདའ་གཏན་ནས་རྒྱག་མ་ཐུབ་པས་མི་དེ་ནི་སྤྱིར་བཏང་ཞིག་རེད་མི་འདུག་ཟེར་བ་སོགས་བཤད་རབས་འདུག

 

གནས་ཚུལ་དེ་དག་གི་དབར་ན་སྤང་མདའ་དབང་མོ་༧གོང་ས་མཆོག་ལ་མཇལ་ཁ་ཞིག་ཐོབ་ཡོད་པས། དེ་ཡང་དཔེ་མེད་ཚབས་ཆེ་ཡིན་པས་མཇལ་ཁ་གཏོང་མཁན་མི་དེའི་སྐེར་ཐག་པ་བཏགས་ནས་ཕོ་བྲང་ཕྱི་རུ་དྲུད་ཀྱི་ཡིན་ཞེས་འུར་སྒྲ་ལང་ཡོད་འདུག སྐབས་དེ་ཤེད་དུ་སྤང་མདའ་དང་འབྲེལ་ཡོད་ཡོངས་ལ་དཀའ་ངལ་གཅིག་རྗེས་གཉིས་མཐུད་ཡོང་སྟབས་ལུང་ཚན་གཅིག་པའི་མི་སྣ་མི་ཉུང་བ་ཞིག་ལུང་ཚན་མིང་བསྒྱུར་བྱེད་དགོས་ཁེལ་འདུག  མདོར་ན་བརྒྱ་ཕྲག་ཉི་ཤུའི་ནང་ས་སྤང་མདའ་གནམ་སྤང་མདའ་ཞེས་པའི་གྲགས་སྙན་ཆེ་བ། ཆབ་དཔལ་རིག་གསུམ་ལ་མཁྱེན་དཔྱོད་ཡངས་པ།  རྣམ་དཀར་གྱི་བགྱི་བ་ལ་མོས་པ་དང་དད་ཞེན་ཆེ་བའི་བསྟན་པ་མཆོད་སྦྱིན་གྱི་སྦྱིན་བདག་ཆེན་པོ། དགྲ་བོར་བློ་མི་ཞུམ་པའི་དཔལ་འཛངས་གཉིས་ལྡན་སྤང་མདའ་ཚང་། ཁྱེད་སྤུན་གསུམ་པོར་འདི་ལྟར་ཉེས་མེད་ནག་གཡོག་གི་འོག་ནས་ཁྱིམ་ཚང་འདིའི་ཡོད་ཚད་མཇུག་བསྡོམས་རྒྱག་དགོས་བྱུང་བ་དེ་བསམ་བློ་ཇི་ཙམ་བཏང་ཡང་གྱོང་རྒུད་དང་བློ་ཕམ་གྱི་རང་བཞིན་ཞིག་ལོས་ཡིན། ད་ནི་ཆེས་མཐའ་མཇུག་གི་སྤང་མདའ་ནི་ད་ལྟ་མིག་སྔ་ནས་མཐོང་བཞིན་པའི་ཀ་ལི་སྤུངས་ཡོད་པའི་སྤང་མདའ་སྒོ་མཛོད་ཟེར་བའི་ལྕག་ལེབ་ཁང་པ་ཁ་ཤས་དང་རི་ངོགས་སུ་སྤང་མདའ་ས་ཆ་ཟེར་བ་ས་ཁྱོན་ཆེ་ཙམ་ཁ་ཤས་མཇལ་རྒྱུ་འདུག་ཀྱང་། ས་གནས་ཡུལ་མི་དང་བོད་པ་གཉིས་ཀས་མ་བདག་བདག་བཟུང་གནང་ནས་དེ་དག་ཀྱང་མིག་སྔ་ནས་དྲན་གསོ་སློང་བྱེད་ཙམ་ལས་ཅི་ཡང་མི་འདུག

 

ཀ་སྤུངས་ནས།༢༠༡༥་༡༡་༡༧

 

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

༢༠༢༥/༠༥/༢༣
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

༢༠༢༥/༠༥/༢༣
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

༢༠༢༥/༠༥/༢༣
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 5

  1. སྤང་མདའ་སྟོབས་རྒྱས། says:
    ལོ་ 9 སྔོན།

    ཡུགས་མོ་སྒྲོལ་མ་མིང་ཅན་འདས་པའི་ལོ་རྒྱུས་ནང་བྱུང་ཚར་བ་ཡིན་པས་རྒྱུ་མཚན་གྱིས་ངས་གླེང་བ་ཡིན། དེ་གླེང་རན་མེད་པ་ཞིག་ནམ་ཡང་མཐོང་གིན་མེད། གལ་སྲིད་གླེང་རན་མེད་ན་བོད་བཙན་པོའི་རྒྱལ་རབས་ཚུན་ཆད་ནས་གླེང་རན་མེད་པ་མཚུངས། ཁྱེད་ཀྱིས་ཆེད་དུ་རྙོག་གླེང་ཞིག་མགོ་ཚུགས་ནས་སྤང་མདའ་གཏོར་མཁན་བོད་གཞུང་ཡིན་པ་ངན་ཁག་དཀྲི་ཐབས་བྱས་པ་དེ་ཆེད་དུ་ད་ཡོད་སྤང་མདའི་མི་བརྒྱུད་དང་༸གོང་ས་མཆོག་དང་རང་གཞུང་བཅས་ཀྱི་བར་ན་དམ་ཚིག་ལ་གཏོར་སྐྱོན་གཏང་ཐབས་ཡིན་པས་ངས་གསལ་པོ་ཤེས་ཀྱི་ཡོད། སྤང་མདའ་རྩ་གཏོར་གཏང་མཁན་དེ་བོད་གཞུང་གི་མིང་དང་རྐུག་བཀྱག་བེད་སྤྱོད་གཏང་མཁན་གྱི་ལས་སྣེ་དྲག་གྲས་རེ་གཟུངས་ཡིན་པ་གསལ་གསལ་ཐིང་ཐིང་རེད། སྤང་མདའ་དབང་མོ་ཕྷ་རན་སི་དོན་གཅོད་གནང་མྱོང་བ་དེ་མཚན་མོ་རྨི་ལམ་མིན་པའི་རེ་བ་ཡོད། གལ་སྲིད་དོན་གཅོད་གནང་ཡོད་ན་སྐོ་གཞག་བྱེད་མཁན་སུ་ཡིན་སྐབས་དེར་ལོ་ཚིགས་ཇི་ཡིན་དང་བཀའ་ཤག་སུའི་སྐབས་ཡིན་པ་ཁ་གསལ་འགོད་རོགས། སྤང་མདའ་སྲས་མོ་སྐལ་བཟང་ཟེར་བ་དེ་སྤང་མདའ་ཚང་སུའི་སྲས་མོ་རེད། ཁྱེད་ཀྱིས་མ་ཤེས་ཤེས་མདོགས་དང་ཁུངས་མེད་ཀྱི་སྐད་ཆ་འདི་ཚོ་ཆེད་དུ་གཉེར་ནས་འདི་སྤེལ་སྟངས་ལ་ལྟས་ནས་ཁྱེད་ཀྱང་ལྐོག་རྔན་ཞིག་གིས་འོག་ནས་མིས་བེད་སྤྱོད་གནང་གིན་མེད་པའི་རེ་བ་ཡོད། ངར་སྤང་མདའ་སྐོར་མངགས་བཅོལ་བྱེད་མཁན་སུ་ཡང་མེད་ཀྱང་སོ་སོའི་ཡུལ་གྱི་རྗེ་བོའི་བདེ་སྡུག་དེ་འབངས་མི་སེར་ལ་འགན་དབང་ཡོད་ཙང་བདེན་པ་དེ་རྫུན་པས་བཅོམ་དུས་ནམ་ཡང་སྡུག་ནད་འདི་འཁྱོལ་གྱི་མི་འདུག །

    Reply
  2. amadolma says:
    ལོ་ 9 སྔོན།

    ཐུབ་བསྟན་རྒྱལ་མཚན་ལགས།་་་ལོ་རྒྱུས་ཞེས་པ་དེ་ལོ་ངོ་སྟོང་ཕྲག་སོང་ནའང་གླེང་ཆོག་པ་ཞིག་རེད།་་་དེས་ན་ཁྱོད་ཀྱིས་སྤོམ་མདའ་ཚང་ལ་རྒྱབ་སྐྱོར་ཡིན་ཚེ།་་་ལོ་རྒྱུས་དེ་དག་ཚར་ས་ཚར་བ་རེད།་་་གླེང་རིན་མེད་པ་ཞིག་དང་མཚང་འབྲུས་པ་ལྟ་བུ་ཞིག་ལས་མ་མཐོང་།་་་ཆེད་དུ་རྙོག་གླེང་བྱས་པ་ཡིན་ན་ནི་ཁྱོད་རང་གི་བློ་འདོད་རེད།་་་སྐབས་དེར་ཁྱོད་རང་གིས་བཤད་པ་ལྟར་རྩ་གཏོར་བཏང་མཁན་རྒྱ་གར་གཞུང་གི་གསང་བ་ལས་ཁུངས་དང་བོད་གཞུང་རེད།་་་ཤེས་སོང་ངམ།་་་ཀ་ལོན་སྦུག་ནས་སྤོམ་མདའ་རྙེད་པ་ཟེར་བ་དེ་ཡ་མཚན་ཅན་ཞིག་ལས་མ་མཐོང་།་་་སྤོམ་མདའ་ཚང་གི་མི་ངོ་དབང་མོ་ལགས་དང་།་་་སྲས་མོ་སྐལ་བཟང་ལགས་བོད་གཞུང་གི་ཕ་རན་སིའི་སྐུ་ཚབ་དོན་གཅོད་ཀྱང་གནང་ཡོད་པ་ཚང་མས་ཤེས་གསལ་རེད།་་་དེ་འཚོལ་དགོས་དོན་མེད་ལ་བརླག་པ་ཞིག་དང་རྙེད་པ་ཞིག་ག་ལ་ཡིན།་་་བོད་ནང་དུ་སྤོམ་མདའ་ཚང་གི་མི་རྒྱུས་འཁྲུལ་མེད་ཕ་ཤི་ན་བུ་དང་བུ་ཤི་ན་ཚ་བོ་བཅས་སྨྱུག་རྩ་རྒྱས་པ་ལྟ་བུ་ཞིག་ཡོད་བཞིན་པར་མི་ངོ་སུ་ཞིག་གིས་ཀྱང་བརྗོད་རིན་མེད་པའི་གཏམ་ཞིག་ཁྱོད་རང་ལ་བཤད་དགོས་པས་སུ་ཞིག་གིས་བཀའ་མངགས་དང་བསྐུལ་མ་གནང་སོང་ངམ།་་ཡིག་རྨོངས་སིལ་བ་ཙམ་ཞིག་ལ་གང་བཤད་གང་འབྲི་ཡིན་བསམ་མི་ཉེན།་་ལྷག་པར་དུ་སྔ་མོའི་གཏམ་དཔེར་ཞིག་ལ་བསྟོད་མི་ཤེས་མཁན་གྱིས་བསྟོད་པ་ལས།་་་སྨད་མཁས་པ་གཅིག་གིས་སྨད་ན་དགའ་ཟེར་བ་བཞིན་ནོ།།

    Reply
  3. སྤང་མདའ་སྟོབས་རྒྱས། says:
    ལོ་ 9 སྔོན།

    གསེར་ཚུལ་ལགས། ལོ་རྒྱུས་འདིར་ཁུངས་ལུང་མེད་པ་ཁྱེད་ཀྱིས་ཐག་གཅོད་ཨེ་ཐུབ། ཁྱེད་ལ་དཔང་རྟགས་དང་ཁུངས་སྐྱེལ་ག་རེ་ཡོད་ལགས།
    ཨ་མ་སྒྲོལ་མ། དཀར་འདོན་དགོས་ཟེར་ནས་ཞུ་གཏུགས་ཡོད་མེད་ལ་མ་ལྟོས་པར་བྱུང་བ་རང་བཞིན་བརྗོད་པ་དེ་ལོ་སྟོང་ཕྲག་འགྲོ་ན་ཡང་ལོ་རྒྱུས་ནང་ཡོད་པ་ཞིག་དང་གླེང་སློང་བྱེད་འོས་པ་ཞིག་རེད། སྤང་མདའ་ཚང་དབང་ཡོད་དབང་མེད་ཀྱི་རྩ་གཏོར་ཟིན་ན་ཡང་ད་དུང་སྤང་མདའ་ལ་ག་རེའི་ཚང་བྲུས་དགོས་རེད།

    Reply
  4. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 9 སྔོན།

    སུ་ཡིན་ཡང་ལོ་རྒྱུས་ཁུངས་ལུངས་མེད་པའི་རྫུན་མའི་རིགས་མ་སྤེལ་ན་བཟང་། བཀའ་དྲིན་ཆེ།

    Reply
  5. amadolma says:
    ལོ་ 9 སྔོན།

    བཙན་བྱོལ་བའི་བྱུང་རིམ་ནང་དུ་ཐོན་པའི་རྩོད་རྙོག་ཅན་གྱི་གནད་དོན་ཞིག་མི་ལོ་དྲུག་ཅུ་བརྒལ་ཟིན་པའི་དུས་སུ་སླར་ཡང་བོད་ཀྱི་བང་ཆེན་དང་དུས་བབ་གསར་ཤོག་ཐོག་གསར་འགོད་བྱས་དོན་གང་ཡིན་ནམ།་་་སྤོམ་མདའ་ཚང་དང་འབྲེལ་བའི་རྙོག་གླེང་དེ་དག་སླར་ཡང་དཀར་འདོན་དགོས་ཞེས་སུ་ཞིག་ལ་ཞུ་གཏུགས་བྱ་འདོད་ཡོད་དམ།་་་དེ་ནི་འདས་པའི་རྙོག་གླེང་བསྐྱར་སླང་གིས་སྤོམ་མདའ་ཚང་ལ་ད་ལྟའི་ཆར་ཡང་མཚང་འབྲུད་བྱ་རྩིས་ཤིག་ལས་གཞན་མ་མཐོང་།་་་མི་དཔང་དང་དངོས་དཔང་ཚང་མ་ཡོད་དུས་དོན་གྱི་བདག་པོས་གསལ་བཤད་དག་ཐེར་མ་གནང་བར་ད་ལྟ་བཤད་སྲོལ་དང་གནམ་གཏམ་ཙམ་ལས་དོན་ངོ་མ་གང་ཡང་མི་ཤེས་པས་ལབ་གླེང་བྱས་པ་དེ་ནི་རྒྱུ་མཚན་གང་ཡང་མ་མཐོང་།་་་ལོ་རྒྱུས་བཤད་མཁན་དེས་སྤོམ་མདའ་ཚང་གི་བུ་སྤུན་གསུམ་གྱི་རྒན་གཞོན་ཡང་མ་ཤེས་པ་ཞིག་ལ་ལོ་རྒྱུས་དེའི་ཀྱང་ག་ལ་ཤེས།་་་དཔེར་ན།་་་སྤུན་གསུམ་ནས་ཆུང་ཤོས་སྐུ་ངོ་སྟོབས་རྒྱལ་ལགས་ཡིན་པའང་ཤེས་ཀྱི་མེད་པ་རེད།་་ལར་ནས་སྨར་ཁམས་བའི་མིས་བྱེད་སྟངས་ཤིག་ལ།་་་བོད་གཞུང་དང་བོད་མི་མང་གིས་གོང་དུ་བཀུར་བའི་སྨར་ཁམས་བའི་མི་སྣ་ཞིག་ཡོད་ཕྱིན།་་་དེར་སོ་སོས་མིའི་འཇོན་ཐང་ལ་ཕྲག་དོག་དང་སྡང་སེམས་བྱས་ཏེ་མི་དེའི་རྐང་པ་ནས་མར་འཐེན་གང་ཐུབ་བྱེད་པའི་ལོ་རྒྱུས་ད་བར་མང་པོ་ཡོད་པ་རེད།་་་དེ་ཕྱི་རོགས་ནང་བཙོང་ཟེར་བ་དེ་མ་ཡིན་ནམ།་་གནས་ཚུལ་འདི་རིགས་སྤེལ་མཚམས་བཞག་ན་ལེགས་སོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese