མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གལ་སྲིད་དངོས་གཞིར་མ་ཚུད་ན་སྐབས་དེར་བལྟ་རྒྱུ་ཡིན། ༼ཨ་ཚོགས་ཀླུ་མཁར་བྱམས།༽

བོད་ཀྱི་དུས་བབ།
༢༠༡༥/༡༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

 

བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་དང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུའི་ཆེན་མོའི་སྔོན་འགྲོའི་འོས་གྲངས་ཁྱབ་བསྒྲགས་དང་བསྟུན་ཏེ། འདི་གའི་གསར་ཁང་གིས་དབུས་འོས་བསྡུ་ལ་ཁང་གིས་གསལ་བསྒྲགས་གནང་བ་ལྟར། དངོས་གཞིའི་འོས་མིར་མ་ཚུད་པའི་སྲིད་སྐྱོང་འོས་མིར་བཞེངས་མཁན་དག་ལས་ཨ་ཚོགས་ཀླུ་མཁར་བྱམས་ལགས་སུ་དྲི་བ་ཁག་ཅིག་བཏོན་ཡོད།

 

DSC_3050དྲི་བ། ཁ་སང་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གྲངས་གསལ་བསྒྲགས་གནང་བའི་ཁྲོད་སྲིད་སྐྱོང་གི་འོས་མི་ ༦  གི་འོས་གྲངས་གསལ་བོ་ཆགས་སོང་། འོས་མི་རེ་རེའི་འོས་གྲངས་དང་འབྲེལ་ཏེ་མཐོང་ཚོར་ག་རེ་བྱུང་སོང་།

 

ལན། སྔོན་འགྲོའི་འོས་གྲངས་ཀྱི་ནང་ནས་འོས་མཐོ་ཤོས་བློ་བཟང་སེང་གེ་རེད། སྤྱིར་བཏང་བོད་མི་རིགས་དང་ལྷག་པར་དུ་བཙན་བྱོལ་སྤྱི་ཚོགས་འདི་ལ་མཚོན་ན། སྤྱི་ཚོགས་ལ་འགྱུར་བ་ཆེན་པོ་ཞིག་གཏོང་བ་དང་གསར་བརྗེ་རང་བཞིན་གྱི་ལེགས་བཅོས་བྱེད་པའི་བློ་ཁོག་མེད་སྟབས། མི་མང་གིས་སྐབས་སྔོན་མར་བློ་བཟང་སེང་གེར་ཐོབ་ཡོད་པ་དང་། ད་ལྟ་ཡིན་ནའང་ཁོ་ཡིན་ཤག་རེད་ལབ་ཀྱི་ཡོད་པའི་རྒྱུ་མཚན་ག་རེ་རེད་ཟེར་ན། གལ་ཆེ་ཤོས་དེ་ང་ཚོའི་སྤྱི་ཚོགས་ལ་ལམ་ཀ་གསར་བར་འགྲོ་རྒྱུ་དང་། བསྒྱུར་བཅོས་གཏོང་བའི་སྙིང་སྟོབས་མེད་པར་གོམས་སྲོལ་རྙིང་པ་དང་། ངོ་གདོང་རྙིང་པ་དག་ལ་དགའ་བ། ད་ལྟའི་བར་དུ་དེ་དག་ལ་མགོ་བསྙེས་བསྡད་པའི་རྒྱུ་མཚན་གྱིས་བློ་བཟང་སེང་གེ་ལ་མང་པོ་ཐོབ་པ་རེད་བསམ་གྱི་འདུག

 

དེའི་རྗེས་ནས་བཀྲ་ཤིས་དབང་འདུས་དང་བཀྲ་ཤིས་སྟོབས་རྒྱལ། ང་ཚོ་གསུམ་ཆགས་རེད། བཀྲ་ཤིས་དབང་འདུས་ཀྱིས་ཟླ་ཤས་སྔོན་ནས་བཟུང་ཁྱབ་བསྒྲགས་བྱས་ཏེ་ཁྱབ་བསྒྲགས་གང་ལ་གང་འཚམ་ཞིག་བྱེད་ཐུབ་ཡོད་པ་རེད། ང་ཡིན་ན་སྔོན་འགྲོའི་འོས་བསྡུའི་ཟླ་བ་གཅིག་གི་སྔོན་ཙམ་ལ་མ་གཏོགས་དངོས་སུ་ལངས་ནས་ཁྱབ་བསྒྲགས་བྱེད་ཐུབ་ཡོད་པ་མ་རེད། སྤྱི་ཚོགས་ནང་ཁྱབ་བསྒྲགས་དང་ངོ་སྤྲོད་བྱེད་པའི་གོ་སྐབས་ཡང་ཡག་པོ་ཞིག་བྱུང་མ་སོང་། ཕྱོགས་གཞན་ནས་བཤད་ན། གཞུང་དང་གཞུང་འབྲེལ་མ་ཡིན་པའི་སྡེ་ཚན་ཁག་གི་ཐོག་ནས་ང་ལ་ལྡོག་ཕྱོགས་ཀྱི་གནོན་ཤུགས་མང་པོ་ཞིག་བསླེབས་པ་རེད། ངའི་ཁྱབ་བསྒྲགས་ལས་ཀྱང་མིང་ཆལ་བཟོ་བ་དང་ཚུལ་དང་མི་མཐུན་པའི་བྱ་སྤྱོད་མང་པོ་ཞིག་སྤེལ་ཡོད་པའི་རྐྱེན་གྱིས་ང་ཁྱབ་བསྒྲགས་ཡག་པོ་ཞིག་འགྲོ་ཐུབ་ཡོད་པ་མ་རེད། དེ་གནས་སྟངས་གཅིག་རེད་བསམ་གྱི་འདུག བཀྲ་ཤིས་སྟོབས་རྒྱལ་ལ་མཚོན་ན། སྔོན་འགྲོའི་འོས་བསྡུར་ཟླ་བ་གཅིག་ཡོད་མེད་ཙམ་ལ་དྷ་རམ་ས་ལ་ནས་གསར་འགོད་གསལ་བསྒྲགས་ཤིག་བྱས་པ་ཙམ་རེད་མ་གཏོགས་ཁྱབ་བསྒྲགས་བྱེད་ཐུབ་ཡོད་པ་མ་རེད། དེར་བརྟེན། ང་ཚོ་གསར་པ་ཚོར་མཚོན་ན། སྤྱིར་བཏང་གི་ཆ་ནས་སྤྱི་ཚོགས་ཐོག་ངོ་སྤྲོད་ཀྱི་གོ་སྐབས་ཡག་པོ་ཞིག་ཀྱང་བྱུང་ཡོད་པ་མ་རེད། དེ་གལ་ཆེ་ཤོས་ཤིག་རེད་བསམ་གྱི་འདུག དེ་ནས་སྤེན་པ་ཚེ་རིང་རེད། ཁོ་རང་སྒེར་གྱི་ཐོག་ནས་སྤྱི་ཚོགས་འདིའི་ནང་ངོ་སྤྲོད་བྱེད་དགོས་པའི་མི་ཞིག་མ་རེད། ད་ལྟའི་བར་དུ་སྤྱི་ཚོགས་ཀྱི་བརྒྱུད་ལམ་སྣ་ཚོགས་ཐོག་བཟང་ན་ངན་ན་འཐོན་བསྡད་པ་ཞིག་ཡིན་པ་མ་ཟད། ཁོའི་རྒྱབ་ལྗོངས་དུ་དབུས་གཙང་ཆོལ་ཁ་ཟེར་བ་ལྟ་བུའི་ཚོགས་པ་ཆེ་ཤོས་དག་གིས་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་བྱས་པའི་རྒྱུ་མཚན་གྱིས་འོས་གང་ལ་གང་འཚམ་ཐོབ་སོང་བ་རེད། ངས་གཙོ་བོ་ག་རེ་ཤོད་ཀྱི་ཡོད་ཟེར་ན། ངེད་ཅག་ལྟ་བུར་མཚོན་ན་གལ་སྲིད་དངོས་གཞིའི་ནང་ལ་ཚུད་སོང་བ་ཡིན་ན། ད་དུང་འདི་ལས་འོས་འཕར་འགྲོ་བར་ང་ལ་མཚོན་ན་རེ་བ་རྒྱག་གི་ཡོད། ཡིན་ནའང་འོས་བསྡུ་ལྷན་ཁང་གི་ངོས་ནས་ཁྲིམས་དང་སྒྲིག་གཞི་མང་པོ་ཞིག་བཟོས་པའི་དབང་གིས་དངོས་གཞིའི་ནང་ལ་འགྲོ་རྒྱུར་རེ་བ་ཡོད་ས་མ་རེད། འོས་བསྡུའི་ཁྲིམས་སྒྲིག་བཟོས་པ་ཙམ་མ་རེད་ང་རང་ལ་འོས་མང་པོ་ཞིག་མ་ཐོབ་པའི་རྒྱུ་མཚན་དེ་མིས་བསམ་གཟས་ཏེ་མང་པོ་ཞིག་བྱས་པའི་དབང་གིས་བྱུང་བ་རེད་བསམ་གྱི་འདུག

 

དྲི་བ།  ཁྱེད་རང་རང་བཙན་རྩོད་མཁན་ཞིག་རེད། སྤྱི་ཚོགས་ནང་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱས་སོང་ཟེར་བའི་གླེང་སློང་ཞིག་ཀྱང་ཡོད་པ་རེད། ད་རེབ་སྔོན་འགྲོའི་འོས་བསྡུའི་ཁྲོད་ཁྱེད་རང་གི་འོས་གྲངས་ ༢༥༥༧ ཙམ་ལས་ཐོབ་ཡོད་པ་མ་རེད། གནས་སྟངས་འདི་ལ་གཞིགས་པའི་ཁྱོད་རང་གིས་ངོས་འཛིན་གང་འདྲ་གནང་གི་ཡོད་དམ།

 

ལན། བཙན་བྱོལ་སྤྱི་ཚོགས་ནང་ངས་ལོ་ངོ་ ༢༠ བསྐྱལ་ཡོད་པ་དང་། དེའི་ནང་བྱུང་ན་མ་བྱུང་ན་ངས་བོད་རང་བཙན་བཤད་ཡོད་པ་རེད། རྒྱ་ནག་གི་བཙོན་ཁང་དུ་ཕྱིན་པ་དེའང་བོད་རང་བཙན་འཐབ་རྩོད་བྱས་པའི་རྐྱེན་གྱིས་རེད། སྤྱིར་བཏང་ང་སྲིད་སྐྱོང་ལ་ལངས་པ་དང་མཉམ་གཅིག་ཏུ་རང་བཙན་གྱི་འབོད་སྒྲ་འདི་ཤུགས་ཆེན་པོ་ཞིག་ཡར་ཡོང་ན་དེས་ཀླུ་མཁར་བྱམས་ཙམ་མ་ཡིན་པར་བོད་ཀྱི་སྤྱི་ཚོགས་ལ་ཕན་ཞིག་ཐོགས་ངེས་རེད། ཡིན་ནའང་ལྡོག་ཕྱོགས་ཀྱི་གལ་ཆེ་ཤོས་ག་རེ་ཡིན་ལབ་ན། ཀླུ་མཁར་བྱམས་ཡར་ལངས་བ་དང་མཉམ་དུ་རང་བཙན་གྱི་འབོད་སྒྲ་ལས་༧རྒྱལ་བ་རིན་པོ་ཆེར་ཁ་བཏང་བ་རེད་ཅེས་པའི་སྐད་ཆ་དེ་ཤུགས་ཆེན་པོ་བཟོས་ཡོང་བ་དེས་ངའི་འོས་གྲངས་ལ་ཁྱད་པར་ཏན་ཏན་འགྲོ་ཡོད་པ་རེད་བསམ་གྱི་འདུག དེ་ཚོ་རྩ་བའི་ཆ་ནས་བཤད་ན་ང་ཀླུ་མཁར་བྱམས་ལ་དམིགས་བསལ་གྱིས་ཁྱད་པར་ཆེན་པོ་མི་འདུག་ལ། དེས་༧རྒྱལ་བ་རིན་པོ་ཆེ་མཆོག་ལའང་མཚན་གནས་རྗེས་འབྲེལ་གྱི་ཐོག་ནས་དོ་ཕོག་གང་ཡང་འགྲོ་བ་མ་རེད། རང་བཙན་རྩོད་མཁན་ཞིག་ལ་མཚོན་ན། རྒྱལ་བ་རིན་པོ་ཆེའི་བསྟན་པའི་དབུ་མའི་ལམ་ནས་ལོ་ངོ་ཉི་ཤུ་ཙམ་ལྷག་རིང་གྲུབ་འབྲས་འཐོན་གྱི་མེད་པ་དེ་བཤད་རྒྱུ་གལ་ཆེན་པོ་ཞིག་ཆགས་ཡོད་པ་རེད། དེའི་ནང་གི་ཚིག་རེ་གཉིས་ཤིག་གི་མགོ་རྔ་གཏུབས་ནས་འཁྱེར་ཡོང་སྟེ་༧རྒྱལ་བ་རིན་པོ་ཆེར་ཁ་བཏང་བ་རེད་ཟེར་ནས་མང་པོ་བཤད་པ་དེས་བོད་ཀྱི་རྩ་དོན་ལ་གྱོང་ཆེན་པོ་ཞིག་རག་ཡོད་པ་རེད་བསམ་གྱི་འདུག སྤྱིར་བཏང་དམངས་གཙོ་ཟེར་བ་དེས་སྤྱི་ཚོགས་ཀྱི་ལམ་ཁ་ཡག་པོ་ཞིག་ལ་འཁྲིད་ཐུབ་པ་རེད་ལ། ཤེས་ཚད་མེད་པའི་སྤྱི་ཚོགས་ལ་མཚོན་ན་ལམ་ཁ་ལོག་པར་ཡང་འཁྲིད་པའི་ཉེན་ཁ་ཡོད་པ་རེད། དཔེར་ན། སྒང་དུ་སྡོད་མཁན་ཚོས་གཙོ་བོ་སོ་སོའི་རྐུབ་སྟེགས་ག་རེ་ཐོབ་མིན་མ་གཏོགས་ས་གནས་མང་ཚོགས་ཀྱིས་ང་ཚོའི་སྟེང་དུ་ག་རེ་བྱེད་ཀྱི་འདུག གཞུང་དང་འོས་བསྡུ་ལས་ཁང་གིས་ག་རེ་བྱེད་ཀྱི་འདུག་དེ་དག་ཡོངས་རྫོགས་ལ་སྣང་མེད་གཏོང་གི་ཡོད་པ་དེ་ང་ཀླུ་མཁར་བྱམས་སྒེར་གྱི་གནད་དོན་ཙམ་མ་རེད་བོད་སྤྱི་ཚོགས་ལ་གྱོང་རྒྱག་གི་ཡོད་པ་རེད་བསམ་གྱི་འདུག

 

དྲི་བ། ད་རེབ་སྔོན་འགྲོའི་འོས་བསྡུའི་གནས་སྟངས་ལ་བལྟས་ཡོང་ན། སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་ལ་བསྐྱར་དུ་འཁེལ་རྒྱུ་ཡིན་པ་འདྲ་བོ་འདུག ཁོང་གི་ལས་ཡུན་རིང་འཐུས་ཤོར་ཆེ་ཤོས་གསུམ་གང་ལ་ངོས་འཛིན་གནང་གི་ཡོད་པ་དང་། གལ་སྲིད་ཁོང་ཡང་བསྐྱར་ཕེབས་པ་ཡིན་ན། ཁ་ཡོད་ལག་ཡོད་ཀྱིས་གནང་དགོས་པའི་ལས་འགན་གཙོ་བོ་གསུམ་གང་དག་ལ་ངོས་འཛིན་གནང་གི་ཡོད་དམ།

 

ལན། རྩ་བའི་བློ་བཟང་སེང་གེ་སྐབས་གཉིས་པར་བསྐྱར་དུ་ལངས་པ་ཙམ་གྱིས་ནོར་འཁྲུལ་རེད་བསམ་གྱི་འདུག ཁོ་རང་ལ་ནུས་པ་དང་འཇོན་ཐང་ག་རེ་ཡོད་པ་ཡིན་ནའང་དེ་བསྟན་ཚར་བ་རེད། ངས་བསམ་ན་བློ་བཟང་སེང་གེ་ཡིས་སྐབས་གཉིས་པ་ལ་གསར་པ་ཞེ་དྲགས་ཤིག་བྱ་རྒྱུ་ཡོད་པ་རེད་བསམ་གྱི་མི་འདུག གང་ཡིན་ཟེར་ན། ང་ཚོ་གཤིབ་བསྡད་པ་དང་། ལོ་འདི་འདྲ་ཞིག་ལ་ང་ཚོས་མཐོང་བསྡད་པ་རེད། བློ་བཟང་སེང་གེ་མི་ཡག་པོ་དང་སྡུག་པོ་ཡིན་པའི་སྐད་ཆ་མ་རེད། ཁོས་བོད་ཀྱི་རྩ་དོན་རང་བཞིན་གྱི་ལས་ཀ་ཆེན་པོ་ཞིག་བྱེད་ཐུབ་རྒྱུ་རེད་བསམ་པའི་གདེང་ཚོད་དེ་ང་ལ་མི་འདུག ཁོང་རང་སྐབས་གཉིས་པར་ལངས་པའི་ཁྱབ་བསྒྲགས་དེ་ཚོར་བལྟས་ཡོང་ན། ལས་འཕྲོ་སྐྱོང་དགོས་པ་ཁ་ཤས་ཙམ་མ་གཏོགས་གསར་གཏོད་རང་བཞིན་གྱི་ལས་འཆར་ཅི་ཡང་མཐོང་མ་སོང་།

 

དེ་ནས་མ་འོངས་པར་གལ་ཆེ་ཤོས་ག་རེ་ཐོག་ཤུགས་རྒྱག་དགོས་པ་རེད་ཟེར་ན། གཞིས་ཆགས་སྲ་བརྟན་ཟེར་བ་འདྲ་བོ་ཉ་གེ་ཉོག་གེ་འདི་རིགས་ཀྱང་འགྲིག་གི་ཡོད་པ་རེད་དེ། གཙོ་བོ་བོད་ཀྱི་རྩ་དོན་རང་བཞིན་གྱི་ལས་དོན་ཐོག་ཤུགས་རྒྱག་དགོས་པ་རེད། ཡིན་ནའང་རྩ་དོན་རང་བཞིན་ལ་ཤུགས་རྒྱག་དགོས་ཟེར་དུས་དབུ་མའི་ལམ་ནས་བོད་རྒྱ་ནག་གི་འོག་ཏུ་འགྲོ་རྒྱུ་ཡིན་ཟེར་བའི་སྐད་ཆ་འདིའི་རིགས་རྩ་བ་ཉིད་ནས་འགྲིག་གི་མ་རེད། དངོས་གནས་དྲང་གནས་དེང་སང་གི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགྱུར་བར་བལྟས་ཏེ་བོད་ཀྱི་རྩ་དོན་རང་བཞིན་གྱི་ཐོག་ལ་ཤུགས་བརྒྱབ་སྟེ། བོད་རང་དབང་རང་བཙན་གྱི་ལམ་ཀ་ཞིག་གི་ཐོག་འགྲོ་དགོས་པ་རེད། དེ་མིན་གྱི་ལས་ཀ་ག་རེ་བྱས་པ་ཡིན་ནའང་རྒྱུན་ལྡན་རེད། ཡིན་ནའང་བཙན་བྱོལ་འདི་ལ་སྒྲིག་འཛུགས་ཤིག་ཡོད་པ་དང་། སྒྲིག་འཛུགས་དེར་མགོ་ཁྲིད་མཁན་ཞིག་ཀྱང་དགོས་ཀྱི་ཡོད་ལ། དགོས་པ་ཙམ་གྱིས་གཅིག་ལ་ཐོབ་ཡོད་པ་འདྲ་པོ་མ་གཏོགས་ངས་དོན་ཚན་ལ་དབྱེ་ནས་བློ་བཟང་སེང་གེ་ཡིས་འདི་དང་འདི་བྱེད་དགོས་ཀྱི་འདུག་ཅེས་བཤད་ཤེས་ཀྱི་མི་འདུག

 

དྲི་བ། ཁྱེད་རང་ཐེངས་འདིའི་འོས་བསྡུའི་ནང་ཞུགས་པ་དེ་བཙན་བྱོལ་སྤྱི་ཚོགས་འདི་ལམ་ཀ་ཡག་པོ་ཞིག་ཏུ་ཁྲིད་ཐུབ་པའི་མཐའ་མཇུག་གི་རེ་བ་ཡིན་གསུངས་སོང་། གལ་སྲིད་ཁྱེད་རང་དངོས་གཞིའི་ནང་དུའང་མ་བསླེབ་པ་ཡིན་ན། མ་འོངས་པར་བོད་པའི་སྤྱི་དོན་ལ་འཆར་སྣང་དང་བློས་གཏོང་གི་རེ་འཆར་ག་རེ་ཡོད།

 

ལན། ང་སྲིད་སྐྱོང་གི་འོས་འདིའི་ནང་ཞུགས་པ་དེ་བོད་རང་བཙན་འཐབ་རྩོད་ཀྱི་ཆ་ཤས་ཤིག་ཡིན་ལ། སྤྱིར་བཏང་གི་ཆ་ནས་བོད་རང་བཙན་ཕྱོགས་ཁག་གི་ནང་ནས་རྒྱུན་རིང་པོར་གོ་བསྡུར་བྱས་པའི་ལས་རིམ་ནང་གི་གཅིག་རེད། ང་གཅིག་པུའི་གནད་དོན་མ་རེད། མི་མང་པོ་ཞིག་གིས་གོ་བསྡུར་བྱས་ཏེ་ང་ཚོ་འདིའི་ནང་ཞུགས་ཡོད་པ་རེད། དེར་བརྟེན། ང་ཚོའི་རང་བཙན་གྱི་འཐབ་རྩོད་འདི་དང་འབྲེལ་བའི་མ་འོངས་པར་ལས་འགུལ་ག་རེ་སྤེལ་དགོས་ཀྱི་ཡོད་པ་དེ་ཚོ་བང་བསྒྲིགས་ནས་ཡོད་སྟབས། མ་འོངས་པར་ངས་ལས་རིམ་དེའི་ནང་ནས་ཆ་ཤས་ག་རེ་ལེན་དགོས་ཀྱི་འདུག ཞབས་ཞུ་ག་རེ་ཞུ་ཐུབ་ཀྱི་ཡོད་ན་དེར་ངས་མུ་མཐུད་དུ་ལས་ཀ་བྱེད་རྒྱུ་ཡིན། དོན་དག་གཉིས་པ་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདིའི་ཐོག་ལ་བོད་རང་བཙན་རྩོད་མཁན་ཚོས་རེ་བ་རྒྱག་གི་རེད་དང་མ་རེད། རེ་བ་རྒྱག་ས་ཞིག་ཡོད་མེད་ཐོག་ང་ཚོས་བསམ་བློ་ཏན་ཏན་གཏོང་གི་རེད། ང་ཚོས་གོ་རིམ་ཁ་ཤས་ཤིག་བགོས་ཡོད། ད་ལྟའི་སྐབས་ལ་མངོན་གསལ་དོད་པོས་ང་དངོས་གཞིའི་ནང་འགྲོ་རུ་མ་བཅུག་པ་ཡིན་ན། ང་ཚོ་རང་བཙན་རྩོད་མཁན་ཚོས་ག་རེ་བྱེད་དགོས་ཀྱི་འདུག་དེའི་ཐོག་ཏན་ཏན་འཆར་གཞི་ཞིག་འཐེན་གྱི་རེད། གལ་སྲིད་ང་རང་དངོས་གཞིའི་ནང་ལ་བཞག་པ་ཡིན་ན་ང་ཚོས་ཁས་ལེན་དམ་བཅའ་དེ་མཇུག་བསྐྱལ་རྒྱུ་རེད། གལ་སྲིད་མངོན་གསལ་དོད་པོས་མ་བཞག་པ་ཡིན་ན་དངོས་གཞིའི་འོས་མི་གསལ་བསྒྲགས་སྐབས་དེ་ལ་འབབ་པའི་འཆར་གཞི་ཞིག་གཏོང་གི་རེད།

 

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༠ སྔོན་ལ།
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦

མཆན། 11

  1. རྨོག་དབང་ཆེན། says:
    ལོ་ 10 སྔོན།

    གླེན་མཁར་བྱམས་ནས་འོས་བསྡུ་ལས་ཁུངས་ལ་འཇིགས་སྐུལ་བྱེད་ཀྱི་འདུག། ངོ་མ་གནས་ཚུལ་ཚབ་ཆེན་རེད། ཕར་འོས་བསྡུ་ལས་ཁུངས་ལ་དགོངས་དག་ཅིག་ཞུས་ན་བཟང་། དེ་མིན་ཁྱོད་དངོས་གཞིའི་འོས་བསྡུའི་ནང་དུ་སླེབས་མ་ཐུབ་པ་ཁྱེད་རང་གི་འཇོན་ཐང་དངོས་རེད།

    Reply
  2. བསྟན་རྣམ། says:
    ལོ་ 10 སྔོན།

    མི་མིང་གིས་ལྡོག་ཕྱོགས་ཀྱིས་དྲིལ་བསྒྲགས་བྱས་ཏེ་ད་ཐེངས་ཀྱི་འོས་བསྡུ་དེ་ཀླུ་མཁར་བྱམས་དང་རྒྱལ་བ་རིན་པོ་ཆེ་གཉིས་དབར་གྱི་འགྲན་རྩོད་ཅིག་ཏུ་བསྒྱུར་ནས་ཁོ་ཕམ་པ་རེད་ཟེར། ཞིབ་ཏུ་བསམ་བློ་བཏང་ན་ཁོང་གིས་རྒྱལ་བ་རིན་པོ་ཆེའི་མཚན་གནས་རྗེས་འབྲེལ་ལ་ཁག་དཀྲི་བྱས་པ་ཙམ་ལས་དོན་དངོས་ཐོག་འོས་བསྡུ་དེ་ཁོང་ལ་དགོས་པ་དེ་བྱུང་ཡོད་རེད་བསམ། ཀླུ་མཁར་བྱམས་ནི་ལྐོག་གཡོ་ལ་བྱང་ཆུབ་པའི་ཆབ་སྲིད་པ་ཞིག་རེད། དང་ཐོག་ཁོང་གིས་ཆེད་མངགས་འོས་བསྡུ་དེ་ཁོང་དང་རྒྱལ་བ་རིན་པོ་ཆེའི་འགྲན་རྩོད་ལ་བསྒྱུར་ནས་རང་ཉིད་ནི་སྤྱི་ཚོགས་ནང་གི་མི་སྣ་གལ་ཆེ་ཤོས་དང་། རླབས་ཆེ་ཤོས། རྒྱལ་ཁབ་ལ་ཤ་ཞེན་ཡོད་མདོག་གི་རྣམ་པ་ཞིག་བསྟན་ནས་ཁོང་རང་ཉིད་རྒྱལ་བ་རིན་པོ་ཆེའི་ཁ་གཏད་ཀྱི་མི་སྣ་ཞིག་བསྒྱུར་ནས་རང་བཙན་རྩོད་མཁན་གྱི་མི་ལྷག་བསམ་ཅན་སྐོར་ཞིག་མགོ་བསྐོར་བྱེད་པ་དང་། རྒྱལ་རབས་ལོ་རྒྱུས་ལ་ལྐོག་གཡོ་བཅིངས་ཡོད། ཁོང་ནི་རྒྱལ་བ་རིན་པོ་ཆེ་ལ་བསུན་བཙིར་བཟོས་ཏེ་ཞོར་དུ་རང་ཉིད་ལ་མིང་ཞིག་ཐོབ་འདོད་བྱེད་མཁན་གྱི་ཆབ་སྲིད་པ་ཐབས་རྡུགས་ཤིག་རེད། རྒྱལ་བ་རིན་པོ་ཆེར་ངོ་རྒོལ་གྱི་རྣམ་པ་བསྟན་ནས་གཞན་གྱི་ལག་ནས་དངུལ་ལྐོག་ཟ་བྱེད་མཁན་ཞིག་ཡིན་པ་ཤེས་གསལ་ཡིན། མི་འགྱངས་པར་བདེན་དབང་རེག་གི་རེད་སྙམ། ཀླུ་མཁར་བྱམས་ཀྱིས་འོས་བསྡུའི་སྐབས་སུ་དཔལ་འབྱོར་འདུ་འགོད་རྒྱ་ཆེན་པོ་བྱས་ཡོད་པ་མ་ཟད། དངུལ་ལྷག་ཀྱང་འབུམ་མང་པོ་ཡོད་རབས་གོ་རྒྱུ་འདུག་ལ། དེ་དག་གི་རྩིས་ཁྲ་གཙང་མ་མེད་པར་ཁོང་ཚོའི་ཕྱོགས་གཏོགས་ཀྱིས་པ་ཁུག་ནང་བླུགས་ཡོད་ཚུལ་གྱི་གཏམ་ངན་ཞིག་ཨ་རི་ནས་བྱུང་ཡོད་ཚུལ་འདུག ད་ལྟོས་དང་ལྟད་མོ་ཡོད་རེད། ཁོ་རང་མིའི་ལག་ཆ་བྱས་ཏེ་རང་བཙན་ཁ་ལ་འཁྱེར། རྒྱལ་བ་རིན་པོ་ཆེ་ལ་ཁ་རེ་བཏང་ནས་འཚོ་ཐབས་བཙལ་ཏེ་འཚོ་བ་སྐྱེལ་ན་མ་གཏོགས་མི་འདི་ལ་རང་ཉིད་ཙམ་ལ་རང་ཁའང་གསོ་མི་ཐུབ་པའི་མི་ལད་པོ་དང་། ཁ་ཆེན་པོ། འུར་རྐྱལ་ཞིག་ལས་འཇོན་ཐང་གང་ཡང་མེད། ད་དུང་བོད་ཀྱི་སྲིད་སྐྱོང་ལ་བསྡད་གི་ཡིན་ཟེར་བ་ནི་མི་ངོ་ཚ་མེད་ན་ཁྱི་དང་། ཁྱི་ལ་རྔ་མ་མེད་ན་འདྲེ་ཟེར་བ་ལྟར་རེད་དོ།

    Reply
  3. བརྩོན་རྒྱམ། says:
    ལོ་ 10 སྔོན།

    གང་ལྟར་དམངས་གཙོ་ཞེས་པ་འདི་འདྲ་རེད་དྲང་བདེན་ཅན་དང་གནས་ལུགས་རྒྱུ་མཚན་ལྡན་པའི་མི་བུ་ཚོ་ལ་རིན་ཐང་འཇོག་གི་རེད།  མ་ཟད་མྱི་ངན་ཀླུ་བྱམས་ལྟ་བུའི་རིགས་ལ་དུས་ནམ་ཡང་རྒྱལ་ཁ་ཐོབ་མི་སྲིད་གལ་སྲིད་འདིའི་རིགས་ལ་རྒྱལ་ཁ་ཐོབ་པ་ཡིན་ན་དེ་དུས་བོད་ཟེར་བ་མང་ཙམ་ཡང་མེད་ཁོ་ཐག་རེད།  ཅེས་བརྗོད་ན་འོས་པ་ཞིག་རེད།  རྣམ་པ་ཚོས་གཟིགས་དང་མྱི་ངན་འདི་ཚོ་ལ་མིའི་རང་ཚིག་མེད་པ་འདི་འདྲ་མཐོང་ན་བློ་ཕམ་སྐྱེ་བྱེད་རེད། རང་ཅག་གི་༸འདི་ཕྱིའི་སྐྱབས་མགོན་༸གོང་ས་མཆོག་ལ་ཟུར་ཟ་བྱེད་མཁན་འདི་ཚོ་དང་དོལ་ཚོགས་ནང་གི་མྱི་ངན་དེ་ཚོ་དུས་ནམ་ཡང་དམར་ཕྱོགས་དང་གཅིག་ལ་དངོས་འཛིན་བྱེད་འོས་པ་རེད་ལ་དངོས་འཛིན་བྱེད་དགོས་པ་རེད་དྲན་ཡོད།

    Reply
  4. འདྲེ་རྣམ་རྒྱལ says:
    ལོ་ 10 སྔོན།

    ད་གང་ཤེས། དེང་གི་ཆབ་སྲིད་པ་དེ་ཚོ་བཤད་ཤེས་ཡ་ཡོད་མ་རེད། ཙམ་པ་རང་གིས་ཟོས། ཙམ་ཁུག་མིའི་མགོ་ལ་གཡོགས་རྒྱུར་ཧ་ཅང་དགའ་བོ་རེད།

    Reply
  5. བློན་ཆེན། says:
    ལོ་ 10 སྔོན།

    མང་གཙོ་དང་རང་དབང་ལ་གོ་བ་རྒྱ་ཆེ་ས་ནས་བླངས་ཏེ་བསམ་བློ་བཏང་ན། ཐེངས་འདིར་ཀླུ་མཁར་བྱམས་ཀྱིས་རང་བཙན་གྱི་ལྟ་བ་བཟུང་ནས་ཁྲིད་སྐྱོང་གི་འོས་མི་ལ་ལངས་པ་དེ་ཡག་པོ་བྱུང་ཡོད་པ་རེད། དེ་ལ་གནད་དོན་གལ་ཆེན་པོ་གཉིས་ཀྱི་ངོས་ནས་ལྟ་དགོས་པ་རེད། དང་པོ། ང་ཚོ་ཆབ་སྲིད་ལྟ་བ་དང་། ཆོས་ལུགས་དད་མོས། ཕོ་མོ། རིགས་རུས་སོགས་དབྱེ་བ་མི་འབྱེད་པའི་རང་དབང་མང་གཙོའི་ལམ་དུ་ཞུགས་ཟིན་པའི་རྣམ་པ་གསལ་པོར་སྟོན་ཐབས་བྱུང་བ་རེད། གཉིས་པ། ཕྱོགས་གཅིག་ནས་ཐེངས་འདིར་ཡང་བསྐྱར་མང་གཙོ་ཡང་དག་གི་ལམ་ནས་དབུ་མིའི་ལམ་དང་རང་བཙན་ལ་རྣམ་པ་དང་ཐབས་ལམ་གཞན་ཞིག་གི་སྒོ་ནས་མི་མང་གིས་འོས་ཤོག་འཕངས་པ་ལྟ་བུ་རེད། སྔོན་འགྲོའི་སྐབས་སྲིད་སྐྱོང་འོས་མིར་ལངས་པར་འོས་མང་ཤོས་ཐོབ་མཁན་གྱི་འོས་གྲངས་དང་ཀླུ་མཁར་བྱམས་ཀྱི་འོས་གྲངས་ཀྱི་བར་ཐག་གིས་བོད་ཀྱི་རྩ་དོན་ཐད་བོད་མང་ཚོགས་ཀྱི་མངོན་འདོད་དང་གདམས་ཀ་ག་རེ་ཡིན་ཁ་ཇེ་གསལ་དུ་བཏང་བ་རེད།

    Reply
  6. ཐོས་པ་དགའ། says:
    ལོ་ 10 སྔོན།

    ཨ་ཚོགས་ཀླུ་བྱམས། དྲི་བ་ཞིག་ཡོད་པར་ལན་གནང་རོགས། ད་ལྟའི་སྲིད་སྐྱོང་གི་འོས་མི་ཞིག་ཡིན་ན་བཟའ་ཚང་བར་ལ་འཛུལ་བའི་ནག་ཉེས་ཡོད་ན་གླེང་གཞི་ཅན་གྱི་མི་སྣ་ཆགས་ཡོད་དམ་མེད། གལ་ཏེ་ཡོད་ན་ཨ་མདོ་ཐེ་བོ་ནས་ཡིན་པ་སྦེལ་ལྗམ་ན་ཡོད་པའི་ཚུལ་ཁྲིམས་ཀྱི་བཟའ་ཟླ་པདྨ་ཆོས་སྒྲོན་ཁྱོད་ཀྱིས་ཕྲོག་ཡོད་མོད། ད་དུང་དེའི་ཡང་མི་ཚད་ཐེ་བོ་ཚུལ་ཁྲིམས་ཀྱིས་ཡུ་རོབ་ནས་མོའི་ཆེད་དུ་འགྲོ་སོང་ཕོན་ཆེ་བཏང་བ་དེ་ཚོ་ཡང་ཁྱོད་ཀྱིས་ཆུད་ཟོས་སུ་བཏང་བའི་དངུལ་དེ་ཚོ་གཞན་ལ་ཀུན་གསབ་བྱས་ཡོད་དམ། མེད་ན་དེ་ཚོ་དང་པོ་གཙང་བཟོ་བྱེད་གལ་ཆེ།

    Reply
  7. བློ་དགའ། says:
    ལོ་ 10 སྔོན།

    ཨ་ཚོགས་ཀླུ་མཁར་བྱམས་ལགས། ཁྱོད་རང་བོད་རང་བཙན་རྩོད་མཁན་ཡིན་ཟེར་གྱི་ཡོད་པ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ཚོགས་མི་ཁྲི་གཉིས་( 20000 )ལྷག་ཡོད་ཟེར་གྱིན་ཡོད་པ་རེད། བོད་རང་བཙན་སློབ་ཕྲུག་ཚོགས་པའང་ཚོགས་མི་མང་པོ་ཡོད་ཟེར་བཞིན་ཡོད་པ་རེད། ད་དུང་ཚོགས་པ་དེ་དག་གི་ཁོངས་སུ་མེད་མཁན་ཡང་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད་ཟེར་བཞིན་ཡོད་པ་རེད། ད་རེབ་ཁྱེད་རང་ལ་འོས་གྲངས་ ༢༥༥༧ ལས་བྱུང་མེད་པ་དེས་ཁྱོད་རང་ལ་གསལ་འདེབས་ཡག་པོ་ཞིག་བྱས་པ་རེད།

    ད་དུང་། ཁྱོད་རང་ལ་རྒྱབ་སྐྱོར་དང་འུད་བསྒྲགས་བྱེད་མཁན་མདོ་སྟོད་ཆོལ་ཁའི་ཆབ་སྲིད་པ་དག་རེད། འོས་བསྡུར་དེབ་སྐྱེལ་གནང་མཁན་མདོ་སྟོད་མི་མང་ཆིག་ཁྲི་( 10000 )ལྷག་ཡོད་པ་རེད། ད་དུང་ཁྱོད་ཀྱིས་ནམ་རྒྱུན་ཁྱོད་དང་ཁྱོད་ཀྱི་བསམ་བློ་ལ་རྒྱབ་སྐྱོར་བྱེད་མཁན་བོད་རིགས་ན་གཞོན་ཚོ་དང་། ལྷག་པར་དུ་མཐོ་རིམ་སློབ་མ་དང་ཤེས་ཡོན་ཅན་ཡིན་ཟེར་བཞིན་ཡོད་པ་རེད། ཉུང་མཐར་ད་རེས་འོས་བསྡུའི་ནང་ཆ་ཤས་ལེན་མཁན་གཞོན་སྐྱེས་དང་སློབ་ཕྲུག་ལྔ་སྟོང་ལས་བརྒལ་བ་བྱུང་ཡོད་པ་བཤད་མ་དགོས་པ་རེད། ཡིན་ནའང་ཁྱོད་རང་གི་འོས་གྲངས་ ༢༥༥༧ ་འདི་ལས་མེད་པ་དེས་ཁྱོད་རང་ལ་དྲི་བ་ཆེན་པོ་ཞིག་གཏོང་གི་ཡོད་པ་རེད།

    Reply
  8. ཕུར་ཐོག says:
    ལོ་ 10 སྔོན།

    ནམ་རྒྱུན་ཁྱོད་རང་གི་བཀའ་མོལ་གནང་སྟངས་ཞེ་དྲག་གནང་བར་འགྲོ་གི་མེད་ཀྱང་། ད་རེས་ཁ་རུ་ཁ་ཐུག་དང་དྲང་གཏམ་བཤད་འདུག་བསམ་བསམ་ཞིག་བྱུང་སོང་། ཁྱོད་རང་གིས་ཁ་གྲགས་ཚད་ལ་རང་བཙན་ཤོད་ཀྱི་ཡོད་པ་དེ་དུས་རྒྱུན་གཅིག་པ་རེད་དེའི་ནང་གསར་པ་གང་ཡང་མི་འདུག་མོད། ཁྱོད་རང་གིས་བློ་བཟང་སེང་གེ་ལ་བསམ་ཚུལ་ཞིག་གསུངས་ཡོད་པ་དེ་འདོད་ཀྱང་མ་འདོད་ཀྱང་དྲང་གཏམ་རེད་བསམ་སོང་།།

    Reply
  9. བློ་གྲོས་རབ་བརྟན། says:
    ལོ་ 10 སྔོན།

    དཀོན་མཆོག་གསུམ། ཀླུ་མཁར་བྱམས་འདི།

    ད་དཀོན་མཆོག་གསུམ། ཨ་ཁུ་ཀླུ་མཁར་བྱམས། སྲིད་སྐྱོང་དངོས་གཞིའི་འོས་འགྲན་ཁྲོད་མ་བསླེབས་ན། མ་བསླེབས་རེད། ཁྱོད་ལ་འོས་བླུག་ནི་མེད་སོང་ནི་རེད་ལ། ཁྱོད་ལ་རྒྱབ་སྐྱོར་འོས་པའི་ཡོན་ཏན་དང་། གཏམ་བཤད། ལྟ་བ། མི་གཤིས། ཀུན་སྤྱོད། སོགས་ཀྱི་ཐད་ནས། ཁྱོད་ལ་སྲིད་སྐྱོང་འོས་པ་དང་སྲིད་སྐྱོང་བྱེད་ཐུབ་པ་ཞིག་མི་མང་གིས་མཐོང་གི་མེད་པ་རེད། དེ་ཤེས་ན་ཡག་པོ་ཡོད་རེད། རང་སྟེང་ལ་གཏད་ནས་མི་བལྟ་བར་ཕར་རྐྱང་རྐྱང་ལ་བལྟས་ཏེ། མ་འགྲིག་མ་འཐུས་པ་ཚང་མ་གཞན་མགོ་གཡོག་རྐྱང་འདི། མི་ཤེས་ལྡན་པ་ཞིག་ཡིན་ད་ཡིན། སྤྱིར་གཏང་གི་མི་བསམ་ཤེས་ཞིག་གིས་ཀྱང་དེ་འདྲ་བྱེད་ཀྱི་མ་རེད། རང་ལ་ཅིག་བལྟ་ཁོ་ཐག་བལྟ་གི་རེད། རབ་ཅིག་ཡིན་ན། སྐྱོན་དེ་རང་སྟེང་ལའང་གང་འཚམས་ཡོད་པ་ཁས་ལེན་གྱི་རེད།

    ཀླུ་དེ་ལས་ལྡོག་སྟེ། ད་དུང་༼བོད་ཀྱི་དུས་བབ༽ ཏུ་བཀོད་པའི་བཅར་འདྲི་དེ་ལ་ཅིག་ལྟོས་དང་། དངོས་གཞིའི་འོས་ཁོངས་སུ་མ་བསླེབས་ན། ང་དང་རང་བཙན་སྒྲོག་མཁན་ཚོས་ཅིག་བྱ་རྒྱུ་ཡིན་མདོག་མདོག ལས་རིམ་ཞིག་པང་སྒྲིག་བཞིན་པ་ཡིན་ཟེར་ནས། བོད་གཞུང་དང་འོས་བསྡུ་ལས་ཁང་དང་། བོད་མི་ཚོར་གནོད་ཤུགས་དང་འཇིགས་སྐུལ་བྱེད་བཞིན་པ་འདི་དག་ཅི་རེད། ཀླུ་དང་རང་བཙན་ཚོ་སྒྲོག་མཁན་ཚོས་དམག་རྒྱག་རྒྱུ་ཡིན་ནམ།

    གཞན་ཡུལ་ན་གོང་ས་མཆོག་གིས་བཙུགས་པའི་བོད་མིའི་སྒྲིག་འཛུགས་འདི། རྒྱ་གར་གཞུང་གི་སྲུང་སྐྱོབ་འོག་གཞན་ནས་དམག་དཔུང་ཞིག་ཡོང་ས་མེད་ཀྱང་། ནང་ཁུལ་ནས་མང་གཙོ་དང་རང་བཙན་ཟེར་བའི་དམག་དཔུང་ཞིག་གིས་བོད་ཀྱི་སྒྲིག་འཛུགས་དང་བོད་མི་ཚོ་ཁ་འཐོར་དགུ་འཐོར་དུ་བཏང་སྟེ། རྒྱ་ནག་གཞུང་ལ་དགོས་པའི་གསོལ་སྟོན་ཆེན་པོ་ཞིག་མི་བཤམ་པའི་ངེས་པ་སུ་ལ་ཡོད་དམ།

    ད་ཨོ་ན། ཀླུ་་་་ཁྱོད་ཡིན་གཅིག་མིན་གཉིས་སྲིད་སྐྱོང་ཐོབ་དགོས་པ་རེད་དམ། ཀླུ་ཡི་རྒྱབ་ལ་ལངས་མཁན་ཚོས་ཡིན་གཅིག་མིན་གཉིས་ཀླུ་བྱམས་བཙན་གྱིས་སྲིད་སྐྱོང་ལ་འཇོག་རྒྱུ་ཡིན་ནམ། དེ་ཡིན་ན། ཁྱོད་ཚོའི་མང་གཙོ་དང་རང་དབང་དེ་གུང་ཁྲན་ཏང་དང་འདྲ་བོའམ་དེ་ལས་སྐྱོ་བ་འདུག ཕར་མང་གཙོའི་འགྲོ་སྟངས་མ་རེད་ཟེར་ནས་རྡོ་འཕངས་ན། སྟབས་མ་ལེགས་ན་རང་མགོ་ཁྲག་ལ་བསྲེ་ཡོང་།

    འོས་འགྲན་ཁྲོད་ནས་སུ་ཞིག་ཕམ་ན་འང་། མང་གཙོའི་གཤིས་ཀ་ཡོད་པའི་འོས་མི་ཞིག་ཡིན་ན། ཁོ་ལ་མི་མང་གིས་འོས་མ་བླུག་པ་ཡིན་དུས། ཁོ་ཕམ་པ་རེད་ལ། ཕམ་ཁ་དེ་ངོས་ལེན་དང་འབྲེལ་ཐོབ་མཁན་ལ་གུས་བརྩི་དང་། ལས་དོན་དག་ལམ་འགྲོ་ཡོང་བའི་སྨོན་འདུན་དང་ལག་འཇུ་བྱེད་ཀི་རེད། ཨ་ཁུ་ཀླུ་བྱམས་དེ་ལས་ལྡོག་འདུག་་་

    Reply
  10. ཐོས་པ་དགའ། says:
    ལོ་ 10 སྔོན།

    ཀླུ་བྱམས་ཁྱོད་ལ་བོད་བཙན་ལེན་རྒྱུ་དང་དེའི་ཕྱོགས་ཀྱི་ཐབས་ལམ་གང་ཡང་སྟོན་རྒྱུ་མེད་པར་དུས་རྒྱུན་དུ། དྲིན་ཅན་ལ་དྲིན་ལོག་དང་། ཡང་ལར་རྡོ་ལོག་ཟེར་པ་དེ་བྱས་པའི་ནག་ཉེས་གནམ་སར་མི་ཕྱུང་། ལྷག་དོན་དུ་ཁྱོད་ཀྱིས་༸གོང་ས་དོན་གྱི་བདག་པོ་རྒྱལ་འཚོང་བ་རེད་ལབ། རང་ཉིད་ཆབ་སྲིད་བཙོན་པ་རྫུན་མ་ཁྲབ། དོན་དངོས་ཐོག་ཁྱོད་ཀྱི་རྒྱབ་ལྗོངས་ལ་ཞིབ་འཇུག་བྱེད་བཞིན་པ་ཡིན།
    ཁྱོད་ཀྱིས་སྐད་ཆ་མགོ་མཇུག་མི་མཚུངས་པ་མང་དག་ཅིག་བཤད་པ་རེ་རེ་བཞིན་བགྲང་དགོས་ན་ཚོུད་སྟོང་ཟད་རེད། ཁྱོད་ཀྱིས་རང་ཉིད་བོད་རང་བཙན་ལ་སེམས་ཤུགས་ཡོད་འདོགས་ཀྱིས་དོན་དངོས་ཐོག་བོད་མིའི་མགོན་སྐྱབས་གཅིག་བུ་ནག་པོ་བཟོ་རྒྱུ་དང་། གཞུང་མང་གཉིས་ཀྱི་བར་དགྲ་དགའ་གཉེན་སྡུག་གི་ལས་ངན་ཚབ་ཆེ་བསགས་པའི་རེ་འབྲས་ཁྱོད་ལ་ནམ་ཞིག་སྨིན་རྒྱུ་རེད།
    ཡང་ཅིག་བཤད་ན་ང་ཚོས་ཁྱོད་ཆབ་་སྲིད་བཙོན་པ་ཡིན་དང་གཡག་རྐུན་མ་ཡིན་ཞིབ་འཇུག་བྱད་ཀིན་པ་ཡིན།
    ད་དུང་དབུས་འོས་བསྡུ་ལས་ཁུངས་ཀྱི་ལས་ཀྱི་སྣེ་མོ་བ་ཚོ་ཡང་མ་དྲང་རབས་གླེང་ཡོང་གི་འདུག ངོ་ཚ་ཞིག་གཏན་ནས་མི་འདུག ཨ་ལ་ལ།

    Reply
  11. ཚེ་རིང་བསྟན་པ། says:
    ལོ་ 10 སྔོན།

    ཀླུ་མཁར་བྱམས་ལགས་ནས་དེ་སྔ་འོས་བསྡུར་ལངས་སྐབས་རྒྱབ་སྐྱོར་ཇི་ཡོད་འོས་བླུགས་ཏེ་གང་འདྲ་ཞིག་ཡོད་མེད་ཐག་ཆོད་ཀྱི་རེད་གསུངས་སོང་། ད་ལྟ་འོས་ཤོག་ནས་རང་ཉིད་ལ་རྒྱབ་སྐྱོར་དེ་ཙམ་མ་ཐོབ་སྟབས་དངོས་གཞིའི་ནང་མ་བཞག་ན་གཅིག་བྱ་རྒྱུ་ཡོད་མདོག་མདོག་གི་སྡིགས་ར་བསྐུལ་གྱི་འདུག འཇིགས་བསྐུལ་རིང་ལུགས་པ་དེ་རིགས་དེང་སྐབས་གང་སར་མཐོང་རྒྱུ་འདུག ཁག་ཅིག་ནས་སྲིད་སྐྱོང་བློ་བཟང་སེང་གེར་རྒྱབ་སྐྱོར་ཡིན་ཅེས་༧གོང་ས་མཆོག་གི་སྐུ་དཔར་ཕབ་པ་དེའང་འགྲིག་ཡོད་རེད་ཅེས་ཕན་ཚུན་སྡིགས་ར་བསྐུལ་བ་མ་ཟད། དེའི་ཆེད་དུ་དངུལ་ཡང་ལེན་པ་རེད་ཅེས་སྐད་འཕྲིན་ནང་དུ་མཐོང་རྒྱུ་འདུག དངོས་གནས་ཧངས་སངས་དགོས་པའི་གནས་ཚུལ་རེད། བོད་ནང་བོད་མི་ཚོས་༧གོང་ས་༧མཆོག་ལ་མཚན་སྨད་ཞུ་རྒྱུ་དང་སྐུ་དཔར་ཚུན་ཆད་བློས་གཏོང་མི་ཕོད་པར་སོ་སོའི་རང་སྲོག་བློས་གཏོང་བྱ་གི་ཡོད་རེད། བཙན་བྱོལ་སྤྱི་ཚོགས་དང་ལྷག་པར་ཨ་རི་སོགས་ནང་བོད་མི་འགའ་རེས་བློ་བཟང་སེང་གེར་རྒྱབ་སྐྱོར་ཡིན་ཅེས་༧གོང་ས་མཆོག་གི་སྐུ་པར་ཨ་རི་དོན་གཅོད་ཁང་ནས་དེ་སྔ་འཇོག་ས་ནས་མར་ཕབ་སྟེ་དེར་བློ་བཟང་སེང་གེའི་དཔར་འགྲིག་པ་མ་ཟད། བློ་བཟང་སེང་གེ་སྐུ་དཔར་ཕབ་འདི་དེར་སྲིད་སྐྱོང་གི་དཔར་བཀལ་བ་འདི་ནི་ཆབ་སྲིད་ཐོག་ནས་དོན་སྙིང་ཡོད་པ་ལྟ་བུའི་ལོག་འགྲེལ་བྱས་པ་སོགས་ཧ་ལས་པའི་ཧམ་སེམས་ཞིག་རེད། ད་ལྟ་སྐུ་དཔར་ཕབ་པ་འདི་འགྲིག་པའི་རྣམ་འགྱུར་བཏོན་ཏེ་ད་དུང་མི་གཞན་གྱི་ལག་ནས་དངུལ་ལེན་པའི་སྐོར་དཔའ་བོ་ཡིན་མདོག་གིས་དྲ་རྒྱའི་ནང་བཀོད་ཡོང་གི་འདུག ཞེན་ཁོག་དང་ཧམ་པ། འཇིགས་བསྐུལ་བྱས་ཏེ་གཏུགས་དགོས་ས་དགྲ་བོ་རྒྱ་དམར་ལ་གཏུགས་མི་ཐུབ་པར་ནང་ཁུལ་དུ་དཔུང་བསྒྲིལ་ནས་སྡིགས་ར་བསྐུལ་རེས་བྱེད་པ་དང་ཐ་ན་དངུལ་དངོས་ཡན་ཆད་ལེན་ཏེ་ཆབ་སྲིད་རྦད་དེ་བཙོག་པ་བཟོ་མཁན་གྱི་སྐྱེ་བོ་དེ་དག་ནི་ངོ་མ་ངོ་ཚ་དགོས་པ་ཞིག་མི་འདུག་གམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese