མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐུགས་ཕམ་གྱི་བཀའ་སློབ་ཕེབས་དགོས་བཟོས་པ་འདི་དག་ཧ་ཅང་བློས་འགན་མི་བཟོད་པ་ཞིག་རེད།

བོད་ཀྱི་དུས་བབ།
༢༠༡༥/༡༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་༧གོང་ས་མཆོག་ལ་ཞི་བདེ་གཟེངས་རྟགས་ཐོབ་པའི་དུས་དྲན་སྲུང་གཙིའི་སྟེང་། བཀའ་སྤྱི་གཉིས་ཀྱི་གསུང་བཤད་ནང་དབུ་མའི་ལམ་ལ་མུ་མཐུད་ཤུགས་བསྐྱོན་དགོས་པ་དང་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་ལས་ཁོང་གི་ཐུགས་ཕམ་པའི་བཤད་སྤྱོད་རིགས་སྤེལ་མི་རུང་བའི་འབོད་སྐུལ་ཞུས་སོང་།

 

IMG_3555དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར། རྒྱ་གར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་གཞུང་དམངས་གཉིས་ཀྱིས་༧གོང་ས་མཆོག་གིས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་ཏེ་ལོ་ངོ་ ༢༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

 

དུས་དྲན་དབུ་འབྱེད་གྱི་སྐུ་མགྲོན་གཙོ་བོར་རྒྱ་གར་ཧི་མ་ཅལ་མངའ་སྡེའི་གཞུང་གི་བློན་ཆེན་ཟུར་བ་ཡིན་པ་དང་ད་ལྟ་མངའ་སྡེའི་གྲོས་ཚོགས་འཐུས་མི་ལྕམ་སི་མེ་ཊི་སའི་ཝེན་ཅོ་དྷི་རེ (Smt Sarveen Chaudhary)དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་དབུས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ། དེ་བཞིན། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཟུར་བ་དང་ད་ཆ་ཚོགས་པའི་སློབ་སྟོན་པ་སྐུ་ཞབས་རམ་སི་ཝ་རོཕ་ཇེ་ (Ram Swaroopji) ལགས་གཙོས་ཧི་མ་ཅལ་མངའ་སྡེའི་གནད་ཡོད་མི་སྣ་ཁག་ཅིག བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ལས་བྱེད་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འགན་འཛིན། བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་བཅས་མི་མང་ ༢༠༠༠ ལྷག་འཛོམས་སོང་།

 

IMG_3630མཛད་སྒོའི་ཐོག་མར་ཧིན་བོད་གཉིས་ཀྱི་རྒྱལ་གླུ་ཕུལ་བ་དང་བསྟུན་ཏེ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་བསྒྲེངས་འཛུགས་གནང་རྗེས། བོད་བསྟན་སྲིད་ཆེད་ལུས་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པར་མྱ་ངན་གུས་འདུད་དང་། བོད་ཀྱི་ཟློས་གར་ཚོགས་པས་ནོ་བྷེལ་བསྟོད་དབྱངས་མཉམ་འབུལ་གནང་རྗེས། འཕྲོད་བསྟེན་ལས་ཁུངས་ཀྱིས་བཙན་བྱོལ་སྤྱི་ཚོགས་ནང་འཕྲོད་བསྟེན་དང་འབྲེལ་བའི་ཕྱག་ལས་གནང་མཁན་ཞབས་ལོ་ ༢༥ འཁོར་བའི་ལས་བྱེད་ ༦ ལ་སྲིད་སྐྱོང་གིས་གཟེངས་བསྟོད་ལེགས་སྐྱེས་ཕུལ་བ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཕྱི་དྲིལ་ལས་ཁུངས་ནས་ཕྱི་ལོ་ ༡༩༩༦ ལོར་འགྲེམས་སྤེལ་གནང་བའི་ The Panchen Lama Lineage:How Reincarnation is Being Reinvented as a Political Tool ཞེས་པའི་དཔེ་དེབ་དེར་ཁ་སྣོན་གྱིས་པར་སྐྲུན་ཞུས་པ་དབུ་འབྱེད་གནང་སོང་།

 

ཐེངས་འདིའི་བཀའ་ཤག་གི་གསུང་བཤད་ནང་། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་ལྟར་མང་གཙོའི་ལམ་ལུགས་ཀྱི་ཐོག་ནས་གཏན་ལ་ཕབ་པའི་དབུ་མའི་ལམ་ནི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཤིག་ཡིན། འདིས་བོད་རྒྱ་མི་རིགས་གཉིས་ཀྱི་ཕུགས་རྒྱང་རིང་པོའི་ཁེ་ཕན་ལ་སྨན་པར་བརྟེན་རྒྱལ་སྤྱིའི་སྲིད་གཞུང་ཁག་དང༌། ཤེས་ཡོན་ཅན། རྒྱ་རིགས་རྩོམ་པ་པོ།མཁས་པ་བཅས་ཕྱོགས་མང་པོ་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གང་མང་བྱུང་ཡོད། ཨ་རིའི་ཕོ་བྲང་དཀར་པོ་ནས་དབུ་མའི་ལམ་གྱི་མཛད་བྱུས་ལ་བསྔགས་བརྗོད་དང་རྒྱབ་སྐྱོར་ཤུགས་ཆེ་ཡོད་པའི་གསལ་བསྒྲགས་ཀྱང་སྤེལ་ཡོད། འདི་ལོའི་ནང་སྲིད་འཛིན་ཨཱོ་སྦ་མ་མཆོག་གིས་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་མཇལ་འཕྲད་གནང་སྐབས་ཁོང་གིས་བོད་དོན་དཀའ་རྙོག་སེལ་ཐབས་སུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་གང་ཉིད་ཀྱི་སྐུ་ཚབ་ལྷན་དུ་འབྲེལ་མོལ་གནང་དགོས་པའི་ནན་བསྐུལ་གནང་ཡོད། ཁོང་གིས་གསུང་བཤད་དེ་འདྲ་གནང་བར་བཀའ་ཤག་གིས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དགའ་བསུ་དང་རྗེས་སུ་ཡི་རང་ཞུ་གི་ཡོད།
IMG_3674དེ་བཞིན་ཨ་རི་གྲོས་ཚོགས་ཀྱི་དབུ་འཁྲིད་ལྕམ་ནན་སི་སྤེ་ལོ་སི་མཆོག་གིས་གཙོས་གྲོས་ཚོགས་འཐུས་མི་ཁག་ཅིག་བོད་དུ་གཟིགས་སྐོར་ཕེབས་ཏེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ཐུགས་འཚབ་ཡོད་གསུངས་པ་དང་ཆབས་ཅིག་རྒྱ་ནག་གཞུང་ནས་འབྲེལ་མོལ་གནང་དགོས་པའི་བསྐུལ་མ་གནང་ཡོད། དེ་ཡང་ཨ་རིའི་གྲོས་ཚོགས་ཀྱི་དབུ་འཁྲིད་ལྕམ་ནན་སི་སྤེ་ལོ་སི་མཆོག་གིས་ ”བོད་མིའི་ཆོས་དད་དང་སྨྲ་བརྗོད་ཀྱི་རང་དབང༌། ཆོས་དང་རིག་གཞུང་སྐད་ཡིག་སྲུང་སྐྱོབ། ཕྱི་འབྲེལ་མི་སྣ་དང་ལྟ་སྐོར་བ་ཕེབས་ཕྱོགས་ཐད་ཐུགས་འཚབ་ཡོད་ཅེས་”དང༌། ཁོང་གིས་མུ་མཐུད་”ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་རྒྱ་ཆེའི་མི་མང་དང་གྲོས་ཚོགས་ནས་རྒྱབ་སྐྱོར་ཤུགས་ཆེ་ཡོད་སྐོར་རྒྱ་ནག་གཞུང་གི་མི་སྣར་གསལ་པོ་བཤད་ཡོད་”ཅེས་གསུངས་ཡོད། དེ་མཚུངས་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇཱིམ་མེག་གྷ་ཝན་མཆོག་གིས་ཀྱང་ད་ལན་གྱི་གཟིགས་སྐོར་སྐབས་རྒྱ་རིགས་ལས་བྱེད་མཉམ་དུ་བསམ་ཚུལ་བརྗེ་ལེན་ཤུགས་ཆེ་བྱུང་སྐབས་ཁོང་གིས་ ”ཏཱ་ལའི་བླ་མ་ནི་བོད་རྒྱའི་དཀའ་རྙོག་འགྲིག་འཇགས་ཡོང་བའི་ཐབས་ལམ་ཡིན།རྒྱ་ནག་གཞུང་གིས་བོད་ནང་འགྲོ་གྲོན་བཏང་ཡོད་ནའང༌། མི་རིགས་ཤིག་གི་ངོ་བོ་མཚོན་པའི་རྩ་ཆེའི་རིག་གཞུང་དང་སྲོལ་རྒྱུན་རྣམས་འགྲེམས་སྟོན་ཁང་ལྟ་བུ་ཞིག་ཏུ་དམ་བཅིངས་ཐུབ་ཀྱི་མ་རེད།”ཅེས་གསུངས་ཡོད་ཚུལ་འཁོད་འདུག

 

གསུང་བཤད་ནང་མུ་མཐུད་དུ་བཀོད་དོན། ཉེ་ཆར་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲན་ཆུང་གོའུ་ཡིས་བོད་རིགས་ལས་བྱེད་པ་ལྐོག་ཏུ་ཆོས་དད་བྱེད་མཁན་དང་ ‘ཏཱ་ལའི་རུ་ཚོགས’ ཀྱི་རྗེས་འཇུག་པ་ངོ་རྟགས་བཟུང་སྟེ་ཚབས་ཆེའི་ཉེས་པ་གཏོང་དགོས་བཤད་ཡོད། ཡང་རྒྱ་ནག་གཞུང་འཛིན་མི་སྣ་ཀྲུའུ་ཝེ་ཆུན་གྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་སྐོར་ཐག་གཅོད་བྱེད་དབང་རྒྱ་ནག་གཞུང་ལ་ཡོད་ཚུལ་ཧམ་བཤད་བྱས་ཡོད། འོན་ཀྱང་ཆོས་དང་སྐྱེ་བ་སྔ་ཕྱི་ཁས་མི་ལེན་མཁན་ཞིག་གིས་ཧམ་བཤད་བྱས་པར་རྒྱལ་སྤྱིའི་བློ་ལྡན་སུས་ཀྱང་ཆ་འཛིན་མི་བྱེད། ྋགོང་ས་མཆོག་གི་སྐུའི་ཡང་སྲིད་ནི་བོད་ཀྱི་ལོ་རྒྱུས་དང་ཆོས་ཕྱོགས་གང་ཐད་ནས་ྋགོང་ས་མཆོག་གང་ཉིད་ལས་གཞན་སུ་ལའང་ཐག་གཅོད་བྱེད་དབང་མེད། ྋགོང་ས་མཆོག་ལ་བོད་མིས་ཡིད་ཆེས་སྲ་བརྟན་ཡོད་པ་དེར་རྒྱ་ནག་གཞུང་གིས་དཔུང་སྟོབས་སྤྱད་པའམ་དངུལ་སྤྲད་དེ་འགྱུར་བ་རྩ་བ་ནས་གཏོང་ཐུབ་ཀྱི་མ་རེད། ཅེས་འཁོད་འདུག

 

IMG_3905བཀའ་ཤག་གི་གསུང་བཤད་དང་ད་ལོའི་འོས་བསྡུའི་སྐོར་འཁོད་དོན། བཙན་བྱོལ་བོད་མི་རྣམས་ནས་མང་གཙོའི་བརྒྱུད་རིམ་གྱི་གོ་རྟོགས་ཇེ་ཆེར་འཕེལ་སྟེ་འོས་བསྡུའི་སྐབས་དོ་སྣང་ཆེན་པོས་མཉམ་ཞུགས་གནང་ཡོད། གཞི་རྩའི་གཏམ་བརྗོད་ཀྱི་རང་དབང་ནི་མང་གཙོའི་ཐོབ་ཐང་ཞིག་ཡིན་པ་དང་སྤྱི་ཚོགས་ཀྱི་བརྒྱུད་ལམ་ཁག་ནི་དེའི་ལག་ཆ་ལྟ་བུ་ཡིན་ནའང༌། དེ་དག་བེད་སྤྱོད་ལོག་པར་མ་སོང་བའི་འགན་འཁུར་དགོས་པ་ཡིན། དམིགས་བསལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་བརྩི་བཀུར་ཞུ་རྒྱུའི་ཚབ་ཏུ་རྫུན་གཏམ་ཧམ་བཤད་བྱས་པ་ལ་བཀའ་ཤག་ནས་མཐའ་གཅིག་ཏུ་ངོ་རྒོལ་ཡོད། སྲིད་སྐྱོང་དང་སྤྱི་འཐུས་ལ་བཞེངས་མཁན་སྐྱེ་བོ་སུ་ཡིན་མིན་ལ་མ་ལྟོས་པར་ཁུངས་མེད་ཀྱི་སྐྱོན་འཛུགས་བྱེད་པ་དེས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྒྲིག་འཛུགས་ཀྱི་མཚན་མཐོང་ལ་གནོད་རྒྱུ་ལས་ཕན་ཆ་གང་ཡང་མེད། ཉེ་ཆར་དྲ་ལམ་ཁག་ཏུ་གཞི་མེད་སྐྱོན་འཛུགས་ཀྱི་འཆལ་གཏམ་མང་དག་ཅིག་སྤེལ་བ་དེས་མང་ཚོགས་ཡིད་རྨོངས་སུ་བཅུག་ཡོད་པ་མ་ཟད། བོད་མིའི་རྩ་དོན་དང་ཆིག་སྒྲིལ་ལ་འཕྲལ་ཕུགས་རྒྱང་གསུམ་ནས་ཁེ་ཕན་གང་ཡང་བྱུང་རྒྱུ་མེད་ན་ཚང་མས་ཡིད་གཟབ་དང་འགན་འཁུར་གནང་རྒྱུ་གལ་ཆེ།

 

བོད་མིའི་སྒྲིག་འཛུགས་ཀྱིས་ ༢༠༡༤ ལོར་བཀའ་དྲིན་རྗེས་དྲན་སྲུང་བརྩི་ཞུས་པ་དང༌། ༢༠༡༥ ལོར་གཞུང་མང་གཉིས་ནས་མགོན་པོ་མཆོག་དགུང་གྲངས་བརྒྱད་བཅུ་ཐམ་པར་ཕེབས་པའི་བཀྲིན་རྗེས་དྲན་གྱི་ལོ་ཚིགས་སྲུང་བརྩི་ཞུ་བཞིན་པའིསྐབས་འདིར་སྐྱེ་བོ་རེ་ཟུང་གིས་བཀའ་དྲིན་བསམ་ཤེས་མེད་པར་མགོན་པོ་མཆོག་ལ་རྒྱལ་ཚོང་བ་ཡིན་པའི་སྨྱོ་གཏམ་དང༌། ཟུར་ཟ་སོགས་འཆལ་གཏམ་སྣ་ཚོགས་སྤེལ་བཞིན་ཡོད་པ་ནི་འགྲོ་བ་མིའི་བཟང་སྤྱོད་དང་ཡོངས་སུ་འགལ་བའི་ངོ་ཚ་དགོས་པའི་གནས་ཤིག་ཡིན།

 

དེ་བཞིན་དོལ་རྒྱལ་རྗེས་འབྲངས་པ་ཚོས་རྒྱ་ནག་གཞུང་དང་ངན་པ་ལག་སྦྲེལ་གྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་དང་ངོ་རྒོལ་བྱེད་པ་ཀུན་གྱི་མཐོང་ཐོས་བྱུང་ཡོད། ཕྱིའི་ཡུལ་ཁག་ཏུ་འཚར་ལོངས་བྱུང་བའི་ན་གཞོན་འགའ་རེས་དོལ་རྒྱལ་ཕྱོགས་གཏོགས་པས་ཆོས་དད་རང་དབང་རྩོད་པ་བདེན་པ་མིན་ནམ་སྙམ་པ་བློར་འཆར་སྲིད། དོན་དངོས་གནས་སྟངས་ནི་དོལ་རྒྱལ་རྗེས་འབྲངས་པ་ཚོས་བོད་མིའི་གཞིས་ཆགས་ནང་དགོན་པ་བརྒྱབ་སྟེ་དོལ་རྒྱལ་བསྟེན་རྒྱུར་རང་དབངབྱུང་ཡོད་པ་དང༌།བོད་མིའི་སྒྲིག་འཛུགས་ནས་ཁོང་ཚོར་བོད་མི་ཀུན་ལ་ཐོབ་པའི་ཤེས་ཡོན་དང༌། འཕྲོད་བསྟེན། འགྲུལ་བསྐྱོད་སོགས་ཀྱི་མཐུན་རྐྱེན་སྦྱར་དང་སྦྱོར་བཞིན་པ་ཡིན། དེར་བརྟེན་རང་རེ་མི་ཐོག་རྒན་པ་ཚོས་རང་གི་བུ་ཕྲུག་བརྒྱུད་འཛར་ལ་དོལ་རྒྱལ་གྱི་གནད་དོན་ངོ་མ་ཇི་ཡིན་ངོ་སྤྲོད་འགྲེལ་བཤད་དང་སློབ་གསོ་གནང་དགོས་པ་གལ་ཆེ་ཡིན། ཞེས་སོགས་བཀོད་འདུག

 

IMG_3564བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ནང་། ཉེ་ལམ་ཕྱི་ཟླ་ ༡༡ ཚེས་ ༣ ཉིན་གཙུག་ལག་ཁང་དུ་སོག་ཤོད་དང་རོང་པོ་སོགས་ཀྱིས་བརྟེན་བཞུགས་ཕུལ་སྐབས་ཀྱི་བཀའ་སློབ་ཅིག་ལུང་འདྲེན་གནང་དོན། “ད་ཆ་ང་ཚོ་དུས་རབས་ ༢༠ དང་ ༢༡ ནང་སླེབས་ཡོད། འཛམ་གླིང་ཧ་ཅང་འགྱུར་བ་འགྲོ་བཞིན་ཡོད། དེ་འདྲ་ཡིན་དུས་གཉིས་ཕན་གྱི་བསམ་བློ་བཏང་ནས་འགྲོ་རྒྱུ་ཅིག་རེད། དབུ་མའི་ལམ་ཟེར་རྒྱུ་འདི་རེད། དེ་རིང་ཁྱེད་རང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཡིད་ཆེས་གཙང་མའི་ཐོག་ནས་དེའི་རྗེས་སུ་སྐྱོད་བཞིན་ཡོད། དེར་འགྱུར་བ་མེད། ཅེས་བརྗོད་པ་རེད། དེ་ངོས་རང་ཧ་ཅང་དགའ་པོ་བྱུང་། ༸རྒྱལ་བ་རིན་པོ་ཆེ་བོད་ལ་ཤ་ཚ་ཡོད་པ་རེད། བོད་ལ་ཕན་པ་ཞིག་བསམ་བློ་གཏོང་གི་རེད། བོད་ཀྱི་ཆབ་སྲིད་ཀྱི་འགན་འཁྱེར་ནས་ལོ་དྲུག་ཅུ་ཙམ་ལས་ཀ་བྱས་པ་རེད། ད་ཆ་རྒན་ཡོལ་བྱས་ནས་ངོས་རང་ལོ་བརྒྱད་ཅུར་སླེབས་སྐབས་འགྲིག་མ་སོང་ཞེས་ལབ་པ་ཡིན་ན་སྐབས་རེ་བློ་ཏོག་ཙམ་ཕམ་གྱི་འདུག བསམ་པ་རྣམ་དག་བྱས་པ་ཡིན། ད་ཆ་ཡག་བྱུང་ཟེར་རྒྱུའི་ཚབ་ཏུ་འཐུས་ཤོར་བཏང་འདུག ཅེས་ལབ་ན་བློ་ཕམ་གྱི་འདུག ཤེས་སོང་ངམ། དེར་བརྟེན་ང་ཚོའི་རྩ་བའི་ལམ་སྟོན་ཞིག་ཡོད་པ་དེར་ཧུར་ཐག་འབད་ཐག་བྱས་ནས་ཤར་བསྐྱོད་བྱེད་བཞིན་ཡོད་ཅེས་བརྗོད་པ་དེར་ངོས་རང་ཧ་ཅང་དགའ་པོ་བྱུང་། ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན་” ཞེས་སོགས་ཐུགས་ཕམ་གྱི་བཀའ་སློབ་སྩལ་དགོས་བྱུང་བ་འདི་བཞིན་བོད་མི་ཡོངས་ཀྱི་ཁོག་པའི་སྙིང་དང་། དཔྲལ་བའི་མིག ཡིད་བཞིན་གྱི་ནོར་བུ་ཞེས་ཞུ་བཞིན་པའི་འདི་ཕྱི་གཏན་གྱི་བཀའ་དྲིན་གྱི་བདག་ཉིད་ཆེན་པོ་གང་ཉིད་བོད་མི་རང་གི་ངོས་ནས་ཐུགས་ཕམ་གྱི་བཀའ་སློབ་ཕེབས་དགོས་བཟོས་པ་འདི་དག་ཧ་ཅང་བློས་འགན་མི་བཟོད་པའི་གནས་སུ་གྱུར་པས་བོད་མི་ཚང་མས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེས་མཛད་ཕྱོགས་དངོས་ཡོད་ཀྱི་ལམ་ནས་གསལ་རྟོགས་ཐུབ་པ་བྱ་རྒྱུ་ཤིན་ཏུ་གལ་ཆེར་མ་ཟད། མགོན་པོ་གང་གི་ཐུགས་རྗེ་བཀའ་དྲིན་དུས་རྟག་ཏུ་ཡིད་ལ་དྲན་ཤེས་དགོས་པ་དང་། བོད་མིའི་སྤྱི་མཐུན་བསོད་ནམས་བཅས་ལ་དགོངས་རྒྱ་ཆེ་བཞེས་མ་ལན་མ་འགྱོད་མེད་པ་གནང་དགོས་པའི་དུས་མཚམས་ངེས་ཅན་ཞིག་ཏུ་སླེབས་ཡོད་པའི་འབོད་སྐུལ་ནན་ཏན་ཞུ་རྒྱུ་ཡིན།

 

IMG_3592རྒྱ་ནག་མགོ་ཁྲིད་ཚོའི་ངོས་ནས་ཀྱང་སྲིད་བྱུས་མཁྲེགས་འཛིན་ཁོ་ན་མིན་པར་དངོས་ཐོག་བདེན་འཚོལ་ཞེས་ཡང་ཡང་བཤད་དང་ཤོད་བཞིན་འདུག་པ་ལྟར། དོན་དངོས་ལག་ལེན་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རང་རྒྱལ་གཞན་ཕམ་མིན་ཞིང། བོད་རྒྱ་གཉིས་ཕན་དང་། ལྷག་པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འདིའི་ཐོག་ནས་བོད་རྒྱ་གཉིས་ཀའི་དཀའ་རྙོག་སེལ་ཞིང། རྒྱ་ནག་གཞུང་གི་བསམ་འདུན་བོད་དེ་བཞིན་རྒྱ་ནག་དང་ཁ་བྲལ་དུ་འགྲོ་མི་དགོས་ལ། བོད་མིར་བོད་མིའི་ངོ་བོ་དང་། ཆོས་རིག ཁོར་ཡུག་བཅས་རྩ་བརླག་ཏུ་འགྲོ་མི་དགོས་པ་བཅས་ཀྱི་མངོན་འདོད་དེ་དག་བསྒྲུབ་རྒྱུར་བློ་སྟོབས་ཆེར་བསྐྱེད་ཀྱིས་དུས་ཐོག་བསམ་ཤེས་ཐུབ་པ་དགོས་རྒྱུའི་སྐུལ་མ་མུ་མཐུད་བྱ་རྒྱུ་ཡིན། ཞེས་སོགས་བཀོད་འདུག

 

ཧི་མ་ཅལ་མངའ་སྡེའི་གཞུང་གི་བློན་ཆེན་ཟུར་བ་ལྕམ་སི་མེ་ཊི་སའི་ཝེན་ཅོ་དྷི་རེ་མཆོག་གིས་གསུངས་དོན། ༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཕུལ་བ་དེ་བོད་དང་རྒྱ་གར་གཉིས་ཀྱིས་དགའ་སྤོབས་སྐྱེས་དགོས་པ་ཞིག་རེད། ལྷག་པར་དུ་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཀྱི་ཕྱག་དངུལ་ཆ་ཚང་སྤྱི་ཚོགས་ཞབས་ཞུ་དང་འབྲེལ་བའི་ཚོགས་པ་ཁག་ལ་བགོས་འགྲེམས་གནང་བ་དེ་ཚོས་༧གོང་ས་མཆོག་གིས་དུས་དང་རྣམ་པ་ཀུན་དུ་རླབས་ཆེ་བའི་སྤྱི་ཚོགས་ཀྱི་ཕན་བདེ་ལ་གཟིགས་ཀྱི་ཡོད་པ་གསལ་བོ་ཞེ་དྲགས་རེད།

 

IMG_3765བོད་དང་རྒྱ་གར་གྱི་རིག་གཞུང་ནི་ལོ་རྒྱུས་དང་ལྡན་པ་ཞིག་ཆགས་ཡོད་པ་རེད། ཡིན་ཡང་ད་ལྟ་རྒྱ་ནག་གིས་བོད་བཙན་འཛིན་བྱས་ཡོད་པ་རེད། རྒྱ་གར་དང་ཨེ་ཤ་ཡའི་ཆུའི་འབྱུང་ཁུངས་སོགས་བོད་ནང་ཆགས་ཡོད་སྟབས། རྒྱ་ནག་གིས་བོད་བཙན་འཛིན་བྱས་པར་བརྟེན། བོད་ནང་གི་གཙང་ཆུ་སོགས་ཁ་བསྒྱུར་དང་ཆུ་རགས་སོགས་བཟོས་ཏེ་ཨེ་ཤ་ཡའི་ནང་ལ་གྱོང་གུན་ཆེན་པོ་འགྲོ་བཞིན་ཡོད་པ་མ་ཟད། ད་དུང་བོད་ནང་གི་གཏེར་ཁ་མང་པོ་སྔོག་འདོན་བྱས་ཏེ་བོད་བཙན་བཟུང་བྱས་ནས་ད་ལྟ་ཡང་གློད་གྲོལ་གཏིང་གི་ཡོད་པ་མ་རེད། ཡིན་ཡང་བོད་མི་ཚོ་བཙན་བྱོལ་འབྱོར་རྗེས་༧གོང་ས་མཆོག་གིས་བོད་མིའི་སྒྲིག་འཛུགས་བཙུགས་ཏེ་སོ་སོའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཡག་པོ་བྱས་པ་མ་ཟད། རྒྱ་གར་དང་བོད་གཉིས་ཀྱི་མཛའ་འབྲེལ་ཡང་ག་ཚོད་ཡག་པོ་ཡོད་པ་མཐོང་གི་རེད། དཔེར་ན། དེ་རིང་ང་ཚོའི་མཛད་སྒོ་དབུ་འབྱེད་བྱས་པའི་སྐབས་སུ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་གཏིང་གི་ཡོད་པ་རེད། བོད་པའི་སློབ་ཕྲུག་ཚོས་རྒྱ་གར་གྱི་རྒྱལ་གླུ་གཏོང་པ་དང་། དབྱིན་ཇི་དང་ཧིན་དྷུ། ལུང་པའི་ཡུལ་སྐད་བཤད་ཤེས་ཀྱི་ཡོད་པ་སྟེ་ང་ཚོའི་འབྲེལ་བ་དམ་པོ་ཡོད་པ་གསལ་བོ་མཚོན་གྱི་ཡོད་པ་རེད། རྒྱ་ནག་གཞུང་ལ་ཞི་བདེ་དང་ལྷུང་འཇགས་ཤིག་དགོས་ཀྱི་ཡོད་ན། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་སོགས་བརྗོད་སོང་།

 

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༠ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༠ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༤ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese