མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པར་ཆེད་ལས་རྩོམ་པ་པོ་དང་རིགས་གཅིག་རྐང་འཛིན་པ་མེད་པ་དེ་བློ་ཕམ་པ་ཞིག་རེད།

བོད་ཀྱི་དུས་བབ།
༢༠༡༥/༡༢/༢༡
Share on FacebookShare on TwitterShare on EmailShare on Whatsapp

 

ཉེ་ལམ་འདི་ག་བོད་ཀྱི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་དོན་འགྲུབ་བཀྲ་ཤིས་ཡུ་རོབ་ནང་སྐོར་སྐྱོད་དང་བསྟུན་ཏེ། ཧྥ་རན་སིའི་རྒྱལ་ས་ཕ་རེ་སིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་སྐད་ཡིག་དང་སྤྱི་ཚོགས་དཔལ་ཡོན་སློབ་ཆེན་(Institut national des langues et civilisations orientales)ཞེས་པའི་བོད་སྐད་ཡིག་སྡེ་ཚན་ནང་༼བོད་ཀྱི་གསར་འགོད་ལས་རིགས་ཀྱི་བྱུང་རིམ།༽ཞེས་པ་ངོ་སྤྲོད་གཏམ་བཤད་དང་བསྟུན་ཏེ། སློབ་ཆེན་དེ་གའི་བོད་ཡིག་སྡེ་ཚན་གྱི་འགན་འཛིན་བོད་ཀྱི་དེང་རབས་རྩོམ་རིག་མཁས་པ་ཆོས་ཉིད་དབང་མོ་(Professeure Francoise Robin)ལགས་སུ། སློབ་གླིང་དེ་གའི་བོད་ཡིག་སྡེ་ཚན་གྱི་གནས་ཚུལ་དང་འབྲེལ་ཏེ་བོད་ཀྱི་དེང་རབས་རྩོམ་རིག་སྐོར་ལ་གླེང་མོལ་བྱས།

 

thumb_IMG_2468_1024དྲི་བ། ཐོག་མར་ཁྱོད་རང་གིས་རྒྱལ་སྤྱིའི་སྐད་ཡིག་སློབ་གྲྭ་འདིའི་བྱུང་རིམ་དང་། སློབ་གླིང་འདིའི་ནང་གི་བོད་སྐད་ཡིག་སྡེ་ཚན་གྱི་བྱུང་འཕེལ་ངོ་སྤྲོད་ཅིག་གནང་རོགས།

 


ལན།
 སློབ་གྲྭ་འདིའི་ལོ་རྒྱུས་རིང་པོ་ཞེ་དྲགས་རེད། ཡུ་རོབ་ནང་གི་སྙན་གྲགས་ཆེ་ཤོས་ཀྱི་སློབ་གྲྭ་ཞིག་རེད། སློབ་གྲྭ་འདི་ཐོག་མ་ ༡༦༦༩ ལོར་བཙུགས་འདུག སྐབས་དེར་ཧྥ་རན་སི་རྒྱལ་པོའི་རིང་ལུགས་རེད། རྒྱལ་ཁབ་གཞན་ལ་དམག་དོན་དང་ཚོང་ལམ་གྱི་འབྲེལ་བ་བྱེད་པར་ལོ་ཙྭ་བ་དང་ཕོ་ཉ་གསོ་སྐྱོང་བྱེད་པའི་ཆེད་དུ་བཙུགས་པ་ཞིག་རེད། ཐོག་མ་ཊར་ཀའེ་དང་ཨཱ་རབ་སོགས་ཀྱི་སྐད་ཡིག་ནས་མགོ་འཛུགས་བྱས་ཏེ། རིམ་གྱིས་ཉི་ཧོང་གི་སྐད་དང་རྒྱ་ནག་གི་སྐད་ཡིག་ཀྱང་སློབ་ཁྲིད་བྱས་འདུག ང་ནོར་མེད་ན་བོད་ཡིག་ ༡༨༤༢ ལོར་མགོ་བཙུགས་འདུག རྒྱ་སྐད་ ༡༨༤༣ ལོར་མགོ་བཙུགས་པ་རེད། རྒྱ་སྐད་དེ་བོད་སྐད་ལས་ལོ་གཅིག་གི་རྗེས་རེད། སྐབས་དེར་སྐུ་ཞབས་(Philippe Edouard Foucaux)ལགས་ཀྱིས་ཐེངས་དང་པོར་སློབ་གྲྭ་འདིའི་ནང་བོད་ཡིག་སློབ་ཁྲིད་མགོ་བཙུགས་ཏེ། ༡༨༤༥ ལོར་ཁོས་ཐེངས་དང་པོར་བོད་ཡིག་གི་བརྡ་སྤྲོད་རིག་པ་ཧྥ་རན་སིའི་སྐད་ཡིག་ནང་བྲིས་ཏེ། ཡུ་རོབ་ནང་བོད་རིག་པའི་ཞིབ་འཇུག་སྐོར་ལ་སྟེགས་བུ་སྐྲུན་མཁན་ཐོག་མ་ཆགས་འདུག

 

སྐབས་དེའི་དགེ་རྒན་ཚོས་སྐད་ཡིག་ ༢༦ རེ་སློབ་ཁྲིད་བྱེད་ཀྱི་ཡོད་པ་རེད་ཟེར་བའི་བཤད་སྲོལ་ཞིག་འདུག གཅིག་བྱས་ན་སྐད་ཡིག་དེ་དག་གི་ཆུ་ཚད་མཐོན་པོ་ཞེ་དྲགས་ཨ་ཡིན་བསམ་གྱི་འདུག གང་ཡིན་ཟེར་ན། དེའི་སྔོན་ཧཱང་གྷ་རི་ནས་ཡིན་པའི་སྐུ་ཞབས་སོ་མ་ཌེ་ཀོ་རོ་སི་(Sándor Csoma de Kőrös 1784-1842 )ལགས་ཀྱིས་ ༡༨༣༤ ལོར་བོད་དབྱིན་ཚིག་མཛོད་བཏོན་ཚར་ཡོད་པ་རེད་ལ། བཀའ་འགྱུར་དང་བསྟན་འགྱུར་ཡང་ཧྥ་རན་སིར་བསླེབས་ཡོད། སྐབས་དེའི་བོད་ཡིག་དགེ་རྒན་གྱིས་ལེགས་སྦྱར་སྐད་ཏོག་ཙམ་ཤེས་ཀྱི་ཡོད་སྟབས། བོད་དབྱིན་ཚིག་མཛོད་དང་ལེགས་སྦྱར་སོགས་ལ་བརྟེན་ཏེ། བོད་ཡིག་ནང་གི་བཀའ་འགྱུར་བསྟན་འགྱུར་སློབ་ཁྲིད་གནང་ཡོད་ས་རེད། བཀའ་འགྱུར་བསྟན་འགྱུར་སློབ་དེབ་རེད། གཅིག་བྱས་ན་སྐབས་དེའི་སློབ་ཕྲུག་ཚོ་ནང་ཆོས་ལ་དོ་སྣང་ཡོད་རྒྱུ་རེད། གང་ཡིན་ཟེར་ན། བོད་པའི་རྡོ་རྗེ་ཐེག་པ་དེ་ཁྱད་མཚར་ཞེ་དྲགས་མཐོང་གི་ཡོད་པ་རེད། གང་ལྟར། སྐབས་དེའི་བོད་ཡིག་དགེ་རྒན་ཁོ་རང་དང་ཁོ་རང་གི་རྗེས་ལ་དགེ་རྒན་གཞན་ཞིག་བཅས་ལོ་ངོ་ ༢༠ ལྷག་གི་རིང་བོད་ཡིག་སློབ་ཁྲིད་གནང་འདུག ཕྱི་ལོ་ ༡༨༦༢ ཡས་མས་ལ་(INALCO)སློབ་གྲྭ་འདིའི་ནང་དུ་བོད་ཡིག་སློབ་ཁྲིད་མཚམས་འཇོག་དགོས་བྱུང་འདུག སྐབས་དེའི་སློབ་མ་ཚོས་ཧྥ་རན་སིའི་སློབ་གྲྭ་གཞན་ནང་བོད་ཡིག་སློབ་ཁྲིད་གནང་ཡོད་ས་རེད།

 

དྲི་བ། ད་ལྟའི་ཆར་སློབ་གྲྭ་འདིར་སྐད་ཡིག་དང་སློབ་ཕྲུག་ག་ཚོད་ཡོད་དམ།

 

ལན། སློབ་གྲྭ་འདིར་རོབ་རྩིས་བྱས་ན་ད་ལྟ་སློབ་ཕྲུག་ཁྲི་གཅིག་མ་ཟིན་ཙམ་ཡོད་རྒྱུ་རེད། སྐད་ཡིག་ ༩༥ སློབ་ཁྲིད་བྱེད་ཀྱི་ཡོད་པ་རེད། གཅིག་བྱས་ན་འཛམ་གླིང་ཐོག་སྐད་ཡིག་མང་ཤོས་ཀྱི་སློབ་གྲྭ་ཞིག་ཡིན་རྒྱུ་རེད། སྡེ་ཁག་ཆེན་པོ་ ༡༠ ཡོད་པ་རེད། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་སྐད་ཡིག་ཁྱིམ་ཚང་གཅིག་ཡིན་པ་དེ་ཚོ་སྡེ་ཁག་གཅིག་བཟོས་ཡོད་པ་རེད། བོད་སྐད་དེ་ལྷོ་ཨེ་ཤ་ཡའི་ཧི་མ་ལ་ཡའི་སྡེ་ཁག་ཁོངས་རེད། སྡེ་ཁག་འདིའི་ནང་ཧིན་རྡི་དང་། བོད་སྐད། བལ་ཡུལ་གྱི་སྐད། བྷང་གྷ་ལའི་སྐད། ཨུར་དྷུ། སིང་གྷ་ལའི་སྐད་སོགས་སྐད་ཡིག་ ༨ ཡོད་པ་རེད།

 

དྲི་བ། སློབ་གྲྭ་འདིའི་ནང་གི་བོད་ཡིག་སྡེ་ཚན་གྱི་གནས་སྟངས་ད་ལྟའི་ཆར་གང་འདྲ་ཡོད་དམ།

 


tibettimesལན།
 སྔོན་མ་ ༡༩༦༠ ལོར་བོད་པའི་མཁས་པ་གསུམ་ཐོག་མར་ཧྥ་རན་སིར་བསླེབས་པ་རེད། དེའི་ཁྲོད་ནས་དྭགས་པོ་རིན་པོ་ཆེ་སོགས་ཀྱིས་སློབ་གྲྭ་འདིར་བོད་ཡིག་སླར་གསོ་གནང་འདུག སྐབས་དེར་ཧྥ་རན་སིའི་སློབ་གྲྭ་གཞན་པའི་ནང་བོད་རིག་པའི་མཁས་པ་སི་ཊེན་(Projfessor Rolf A. Stein)སོགས་ཀྱིས་བོད་ཡིག་ཏོག་ཙམ་རེ་སློབ་ཁྲིད་བྱེད་ཀྱི་ཡོད་ས་རེད།

སློབ་གྲྭ་འདིའི་བོད་ཡིག་སྡེ་ཚན་ནང་སྐད་ཡིག་གི་ཚན་པ་ཞིག་དང་ཞིབ་འཇུག་གི་ཚན་པ་ཞིག་བཅས་ཚན་པ་གཉིས་འདྲ་བོ་རེད། སྐད་ཡིག་དེ་འཛིན་རིམ་དང་པོ་ནས་ལྔ་པའི་བར་དང་། ཞིབ་འཇུག་ནང་ཉེ་བའི་གཙུག་ལག་རབ་འབྱམས་པ་(BA)དང་། གཙུག་ལག་རབ་འབྱམས་པ་ (MA)། འབུམ་རམས་པ་(PHD)སོགས་ཡོད་པ་རེད། བོད་ཡིག་སྡེ་ཚན་འདིར་ཚུད་པར་མ་མཐར་ཡུ་རོབ་སྤྱི་ཡོངས་ཀྱི་འཛིན་རིམ་ ༡༢ འཐོན་དགོས་ཀྱི་ཡོད་པ་རེད། སློབ་གྲྭ་འདི་ནས་བོད་རིག་པའི་ཞིབ་འཇུག་པ་ཁ་ཤས་འཐོན་པ་རེད། གཅིག་བྱས་ན་ང་རང་སློབ་གྲྭ་འདིའི་ནང་ནས་འབུམ་རམས་པ་འཐོན་པ་ཐོག་མ་ཡིན་རྒྱུ་རེད། མཁས་དབང་དགེ་འདུན་ཆོས་འཕེལ་སྐོར་ལ་ཞིབ་འཇུག་གནང་མཁན་བདེ་སྦྱིན་བཟང་མོ་(Professeure Heather Stoddard)ལ་མཚོན་ནའང་སློབ་གྲྭ་འདི་ནས་བོད་ཡིག་སྦྱངས་པ་རེད། སྔོན་མ་མོ་རང་གིས་བོད་ཡིག་སྡེ་ཚན་འདིའི་མགོ་ཁྲིད་གནང་བ་རེད། སྔོན་ཆད་སློབ་གྲྭ་འདི་ནས་བོད་ཡིག་མ་གཏོགས་བོད་སྐད་ཐོག་གྲུབ་འབྲས་ཆེན་པོ་ཐོན་མི་འདུག་བསམ་སོང་། ནེ་ཁོ་ལ་(Nicolas Tournadre)སློབ་གྲྭ་འདིར་དགེ་རྒན་གནང་བ་ནས་བཟུང་བོད་སྐད་ཞེ་དྲགས་ཡར་རྒྱས་ཕྱིན་ཡོད། ལྷག་པར་དུ་ཉིས་སྟོང་ལོའི་རྗེས་ནས་བཟུང་ལྗང་བུ་དང་རྒན་ཆབ་བྲག་ལྷ་མོ་སྐྱབས། ཆུང་ཚེ་རིང་། ན་ག་སངས་རྒྱས་བསྟན་དར་སོགས་བོད་པ་རང་གི་དགེ་རྒན་མང་པོ་ཞིག་གདན་འདྲེན་ཞུས་ཏེ། བོད་ཡིག་ཙམ་མིན་པར་བོད་སྐད་རང་གི་ཐོག་ལའང་ཡར་རྒྱས་ཡག་པོ་ཕྱིན་སོང་།

 

དྲི་བ། ད་ལྟ་ཧྥ་རན་སིའི་སློབ་གྲྭ་གཞན་ནང་བོད་ཡིག་སློབ་ཁྲིད་དང་བོད་རིག་པའི་ཞིབ་འཇུག་མཁས་པ་ཡོད་དམ།

 

ལན། ངས་བསམ་ན་ཡུ་རོབ་ནང་གི་བོད་རིག་པའི་མཁས་པ་མང་ཤོས་ཧྥ་རན་སི་ཡིན་རྒྱུ་རེད། བོད་རིག་པའི་མཁས་པ་མཱ་ཐེའུ་ཁཱབ་སི་ཊིན་(Mathew Kapstein)དང་། རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་ཚོགས་པའི་ཚོགས་ཙོ་ཅྭར་ལེ་སི་རྭམ་བྷལ་(Charles Ramble)གཉིས་ལ་མཚོན་ན། སློབ་གྲྭ་གཞན་པའི་ནང་རབ་འབྱམས་པ་དང་འབུམ་རམས་པའི་དགེ་རྒན་གནང་གི་ཡོད་པ་རེད། ཧྥ་རན་སིའི་རྒྱལ་ཡོངས་ཞིབ་འཇུག་ཁང་དུ་ཞིབ་འཇུག་པ་ ༡༧༠༠༠ ཙམ་ཡོད་པ་རེད། བོད་དང་འབྲེལ་བ་ཡོད་པའི་ཚོགས་པ་གསུམ་ཡོད། ད་ལྟ་རྒན་ཡོལ་ཐོན་ཟིན་པའི་མཁར་རྨེའུ་བསམ་གཏན་ཡང་སྔོན་མ་ཞིབ་འཇུག་ཁང་དེའི་ནང་གི་ཞིབ་འཇུག་པ་རེད། བོད་ཀྱི་སྔགས་པའི་སྐོར་ལ་ཞིབ་འཇུག་གནང་མཁན་ནེ་ཁོ་ལ་སེ་ལེ་(Nicholas Sihle)ཡང་དེ་གའི་ཞིབ་འཇུག་པ་རེད།

 

ང་ཚོ་མི་སྐོར་ཞིག་གིས་ ༢༠༡༢ ལོར་ཧྥ་རན་སིའི་བོད་རིག་པའི་ཞིབ་འཇུག་ཚོགས་པ་ཟེར་བ་ཞིག་བཙུགས་པ་ཡིན། ལོ་གཅིག་ལ་ཐེངས་དྲུག་བདུན་རེར་འཛོམས་ཏེ་བགྲོ་གླེང་བྱེད་ཀྱིན་ཡོད། ན་ནིང་བོད་ནང་ནས་པདྨ་ཚེ་བརྟེན་སྐད་བཏང་པ་རེད། ཐེངས་རྗེས་མར་ཨུ་རུ་སུའི་སྐད་ཀྱི་དགེ་རྒན་ཆེན་མོ་ཞིག་སྐད་གཏོང་རྒྱུ་ཡིན། ཁོ་རང་གིས་མཁས་དབང་དགེ་འདུན་ཆོས་འཕེལ་དང་དེབ་ཐེར་སྔོན་པོ་དབྱིན་ཡིག་ནང་སྒྱུར་མཁན་ཨུ་རུ་སུའི་བོད་རིག་པ་བ་ནེ་ཁོ་ལ་སི་རོ་རེག་(Nicholas Roerich)དང་བོད་ཀྱི་འབྲེལ་བའི་སྐོར་ལ་གཏམ་བཤད་གནང་རྒྱུ་རེད། བརྗོད་གཞི་འདི་ཧ་ཅང་གལ་ཆེན་པོ་རེད། ཁོ་རང་གི་བུ་ཡང་བོད་རིག་པའི་ཞིབ་འཇུག་པ་རེད། ཁོ་རང་གིས་བོད་ཀྱི་སྒྲུང་རིང་༼གཙུག་གཡུ། ༽རྩོམ་པ་པོ་གླང་བདུན་དཔལ་འབྱོར་ལགས་ཨུ་རུ་སུར་གདན་འདྲེན་ཞུས་བ་རེད།

 

དྲི་བ། ཁྱོད་རང་བོད་རིག་པའི་ཞིབ་འཇུག་པ་ཞིག་ཡིན་པའི་ངོས་ནས་བོད་པའི་སྐད་ཡིག་རིག་གཞུང་དེ་མི་རིགས་གཞན་ནང་ཁྱབ་སྤེལ་བྱེད་པར་ཐབས་ལམ་ཡག་ཤོས་གང་འདྲ་མཐོང་གི་ཡོད།

 

ལན། སྤྱིར་བཏང་ཕྱི་རྒྱལ་བ་ཚོས་བོད་ཡིག་སྦྱོང་ཁག་པོར་མཐོང་གི་ཡོད་པ་རེད། འོན་ཀྱང་དགའ་དགོས་པ་ཞིག་ལ། འབར་མ་ལ་མཚོན་ན་མི་གྲངས་ས་ཡ་ ༥༠ མ་ཟིན་ཙམ་ཡོད་པ་རེད། ཡུ་རོབ་ལུང་པ་ཡོངས་རྫོགས་ནང་འབར་མའི་སྐད་ཡིག་སྦྱོང་ས་ ༣ མ་གཏོགས་ཡོད་པ་མ་རེད། བོད་ཡིག་ཡུ་རོབ་ཀྱི་སློབ་གྲྭ་ཆེན་མོ་མང་པོའི་ནང་ཡོད་པ་རེད། ནུབ་ཕྱོགས་ཀྱི་བོད་ཡིག་སྦྱོང་མཁན་ཚོ་ལ་མཚོན་ན། བོད་ཡིག་སྦྱང་ན་ཚོང་གི་ཁེ་ཕན་དང་ལས་ཀའི་ཁེ་ཕན། མཐོང་དང་ཆ་འཇོག་གི་ཁེ་ཕན་གང་ཡང་ཡོད་པ་མ་རེད། ཡིན་ནའང་ཕྱི་རྒྱལ་བ་དེ་ཚོས་སྦྱོང་གི་ཡོད་པ་རེད། འདི་ནང་པའི་ཆོས་ཀྱི་བཀའ་དྲིན་རེད། ངས་བསམ་བློ་བཏང་ན་བོད་གཞུང་གིས་ཀྱང་ཕྱི་རྒྱལ་བ་ཚོར་བོད་ཡིག་ཁྲིད་ཐབས་སྐོར་ལ་འཆར་གཞི་ཞིག་བཟོ་དགོས་པ་རེད་བསམ་གྱི་འདུག འདི་ཕྱི་རྒྱལ་ཁག་གི་བོད་རིགས་གཞོན་སྐྱེས་དེ་ཚོར་ཡང་ཕན་ཐོགས་ཞེ་དྲགས་ཡོད་པ་རེད།

 

དྲི་བ། ཆོས་ཉིད་དབང་མོ་ཁྱེད་རང་ཐོག་མ་བོད་པ་དང་བོད་པའི་རིག་གཞུང་ལ་འབྲེལ་བ་ཆགས་སྟངས་སྐོར་ངོ་སྤྲོད་ཅིག་གནང་ན་འགྲིག་གམ།

 

ལན། ང་རང་གིས་སློབ་གྲྭ་ཆེན་མོའི་སྐབས་སུ་ཕ་མའི་རེ་འདོད་ལྟར་ཚོང་ལས་སྦྱངས་པ་ཡིན། སློབ་གྲྭ་ཐོན་རྗེས་སི་ཁོ་ཌི་ལན་ཌི་(Scotland) ས་ཁུལ་ཆུང་ཆུང་ཞིག་ལ་སོང་ནས་ཞབས་ཞུ་མའི་ལས་ཀ་བྱས་པ་ཡིན། དེའི་རྗེས་ལ་ཨའེ་སི་ལན་ཌི་(Iceland)ལ་སོང་ནས་ཞིང་ཁ་ལས་པ་ཡིན། སྐབས་དེར་ངས་དེབ་ཅིག་གི་ནང་ནས་ཧི་མ་ལ་ཡའི་བྱང་རྒྱུད་ཀྱི་གཟིག་གི་སྐོར་མཐོང་སོང་། དེབ་དེ་བརྒྱུད་ནས་ང་བལ་ཡུལ་དུ་འགྲོ་འདོད་སྐྱེས་སོང་། ༡༩༩༢ ལོར་ང་བལ་ཡུལ་ཨཱ་ན་པུར་ན་ལ་ཕྱིན་ཏེ། ངས་ད་ལྟ་གསལ་བོར་དྲན་གྱི་འདུག ང་ལུང་པ་དེར་རྐང་པ་བརྒྱབ་ནས་ཡར་ཕྱིན་སྐབས་རི་འདབས་སུ་ལྗོན་ཤིང་མང་པོ་འདུག ག་ལེར་ཤིང་སྡོང་དེ་ཚོར་ལོ་མ་དང་ཡལ་ཀ་སྐམ་པོ་མཐོང་ཡོང་གི་འདུག ང་དེ་ལ་སེམས་པ་ཤོར་སོང་། མི་ལ་སྐད་ཆ་དྲས་ན་ནང་པའི་ས་ཆ་རེད་ཟེར་གྱི་འདུག རྗེས་སུ་ཕྱིར་ཧྥ་རན་སིར་ལོག་མ་ཐག་ཨེན་ནལ་ཁོ་སློབ་གྲྭ་(INALCO)འདིར་ཐོ་བརྒྱབ་སྟེ་བོད་སྐད་སྦྱོང་མགོ་བཙུགས་པ་ཡིན། དེའི་རྗེས་ལ་ཏཱ་ལའི་བླ་མ་ཧྥ་རན་སིའི་ལྷོ་ཕྱོགས་ལ་ཕེབས་ང་ཕྱིན་པ་ཡིན། ཏཱ་ལའི་བླ་མས་སྐབས་དེར་སྤྱོད་འཇུག་ཆེན་མོ་གསུངས་སོང་། སྟོང་ཉིད་དང་རྟེན་འབྲེལ་དེ་ཚོར་ང་ཧང་སང་སོང་། ༡༩༩༤ ལོར་ང་སོག་ཡུལ་བྷུ་རི་ཡ་ཊི་བརྒྱུད་ནས་བོད་ནང་ལ་ཕྱིན་ཏེ་བོད་ལྗོངས་སློབ་གྲྭ་ཆེན་མོར་ལོ་གཅིག་ལ་བོད་ཡིག་སྦྱངས་པ་ཡིན།

 

དྲི་བ། ཁྱེད་གིས་སློབ་གྲྭ་འདིའི་ནང་ནས་བོད་ཀྱི་དེང་རབས་རྩོམ་རིག་ཐོག་འབུམ་རམས་དམ་བཅའ་བཞག་པ་རེད། བོད་ཀྱི་དེང་རབས་རྩོམ་རིག་དེ་དུས་མཚམས་གང་ནས་ངོས་འཛིན་གནང་གི་ཡོད།

 

ལན། ངས་བོད་པའི་དེང་རབས་རྩོམ་རིག་ལ་ལྟ་དགོས་པའི་རྒྱུ་མཚན་གཙོ་བོ་དེ། དེང་རབས་རྩོམ་རིག་གི་ནང་ནས་ད་ལྟའི་བོད་ཀྱི་སྤྱི་ཚོགས་ཧྲིལ་བོ་ལ་ལྟ་ཐུབ་ཀྱི་འདུག བོད་ནང་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་མེད་སྟབས། དེང་རབས་རྩོམ་རིག་དང་གླུ་གཞས་སོགས་ལས་བོད་ནང་གི་བོད་མིའི་བསམ་བློ་རྟོགས་ཐུབ་ཀྱི་འདུག བོད་ཀྱི་དེང་རབས་རྩོམ་རིག་དེ་དོན་འགྲུབ་རྒྱལ་ནས་མགོ་འཛུགས་ཀྱི་ཡོད། དགེ་འདུན་ཆོས་འཕེལ་གྱི་སྙན་ངག་དེ་ཚོ་སྲོལ་རྒྱུན་དང་དེང་རབས་གཉིས་ཀྱི་བར་ན་ཡོད་པ་ཞིག་རེད། ང་ཁོང་གི་སྙན་ངག་ལ་ཧ་ཅང་དགའ་བོ་ཡོད།

 

དྲི་བ། བོད་པའི་དེང་རབས་རྩོམ་རིག་ནང་བོད་པའི་རིག་གཞུང་དང་བོད་པའི་ཁྱད་ཆོས་འདུག་གམ།

 

ལན། བོད་པའི་དེང་རབས་རྩོམ་རིག་དེ་རྒྱ་ནག་ལ་དཔེ་བལྟས་པ་རེད་བསམ་གྱི་འདུག རྒྱ་ནག་གིས་ཀྱང་ནུབ་ཕྱོགས་ལ་དཔེ་བལྟས་པ་རེད། བོད་པའི་དེང་རབས་རྩོམ་རིག་ནང་དུ་བོད་པའི་ཁྱད་ཚོས་མཐོང་ཁག་པོ་རེད། ཡིན་ནའང་འཛམ་གླིང་གི་རིག་གནས་ཚང་མ་ལ་འདྲ་བའི་ཆ་ཞིག་ཡོད་པ་རེད། སྲོལ་རྒྱུན་ཡོངས་རྫོགས་ལ་ས་ཁུལ་དང་མི་རིགས། ཡུལ་སྲོལ་གོམ་གཤིས་སོགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པ་དང་། དེང་རབས་ཚང་མར་ཐུན་མོང་མ་ཡིན་པའི་ཆ་དེ་བརླགས་ཚར་ཡོད། ཡིན་ནའང་བོད་ཀྱི་དེང་རབས་རྩོམ་རིག་ལ་ཁྱད་ཆོས་གཅིག་ག་རེ་འདུག་ཟེར་ན། བརྗོད་བྱའི་ཐད་ནས་བོད་མི་རིགས་ཀྱི་གནད་དོན་དང་། སོ་སོའི་ས་གནས་ཀྱི་གནད་དོན་ཤུགས་ཆེན་པོ་བྱེད་ཀྱི་འདུག ཕྱི་རྒྱལ་གྱི་དེང་རབས་རྩོམ་རིག་དང་། ལྷག་པར་དུ་ཧྥ་རན་སིའི་རྩོམ་ཡིག་ལ་དེ་འདྲ་ཡོད་པ་མ་རེད། བོད་པའི་རྩོམ་པ་པོ་དང་རྩོམ་ཡིག་གིས་འགན་ཆེན་པོ་འཁུར་གྱི་འདུག དེ་ཡག་པོ་ཡིན་མིན་ངས་ཤེས་ཀྱི་མེད།

 

རྨ་ལྷོ་སོག་རྫོང་གི་རྩོམ་པ་པོ་བདེ་སྐྱིད་སྒྲོལ་མ་ལ་མཚོན་ན་ང་རང་ཆེས་དགའ་སའི་རྩོམ་པ་པོ་ཞིག་ཡིན། གང་ཡིན་ཟེར་ན། ང་མོ་རང་གི་རྩོམ་ཡིག་ལ་དགའ་བ་ཙམ་མ་རེད། མོ་རང་གི་རང་གཤིས་དང་སྒྱུ་རྩལ་གྱི་སེམས་ཁམས་ལ་དགའ་བོ་ཡོད། མོ་རང་གི་༼ ཨ་མའི་ཟེའུ ༽དེ་ངས་ཧྥ་རན་སིའི་སྐད་ནང་བསྒྱུར་ཡོད། བདེ་སྐྱིད་སྒྲོལ་མའི་བརྩམས་སྒྲུང་དེ་ཚོའི་ནང་ཁོར་ཡུག་དང་མི་སྣ་ཞིབ་འབྲི་བྱས་པ་ཧ་ལས་པ་རེད། མོ་རང་གིས་ཐབ་ཚང་ནང་གི་གནས་ཚུལ་ཞིག་བྲིས་ཡོད་པ་དེ་སྐྱེས་པ་སུ་གང་གིས་ཀྱང་འབྲི་མི་ཐུབ་པ་ཞིག་རེད། མོ་རང་བོད་པའི་བུད་མེད་ཀྱི་གནད་དོན་དེ་རྩོམ་རིག་གི་གར་སྟེགས་སྟེང་སྐྱེལ་མཁན་ཐོག་མ་རེད་བསམ་གྱི་འདུག ཡིན་ནའང་མོ་རང་བུད་མེད་ཐོབ་ཐང་རྩོད་ལེན་པ་མ་རེད། གལ་སྲིད་མོ་རང་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་པ་ཞིག་ཡིན་ན། ཞི་འཇམ་པ་དང་ཐབས་མཁས་པོའི་ཐོག་ནས་རྩོད་མཁན་དེ་རེད།

 

དྲི་བ། བོད་ནང་གི་དེང་རབས་རྩོམ་རིག་གི་ད་ལྟའི་གནས་སྟངས་གང་འདྲར་མཐོང་གི་ཡོད།

 

ལན། བོད་ནང་རྩོམ་འབྲི་མཁན་མང་པོ་ཞེ་དྲགས་རེད། ལྷག་པར་དུ་སྙན་ངག་པ་མང་པོ་རེད། གཅིག་བྱས་ན་མི་འབོར་ལ་ཞུགས་པའི་བོད་དེ་འཛམ་གླིང་གི་སྙན་ངག་པ་མང་ཤོས་ཡིན་རྒྱུ་རེད། དེ་ག་རེ་བྱས་ཏེ་བྱུང་བ་རེད་ཟེར་ན། བོད་མི་ཚོ་སྙན་ངག་གི་འཇིག་རྟེན་དུ་བསྡད་ཡོད་པ་རེད། བོད་ནང་གི་ཡི་གེ་མི་ཤེས་མཁན་འབྲོག་པ་དང་ཞིང་པ་ཚོས་ཀྱང་སྙན་ངག་དང་སྒྲུང་། གླུ་གཞས་མང་པོ་བློ་ཐོག་ན་ཡོད་པ་རེད། དེ་བོད་མི་ཚོ་སྡོད་སའི་ཁོར་ཡུག་དང་འཚོ་བ་རོལ་སྟངས་ཀྱིས་སྙན་ངག་ལ་གྲོགས་བྱས་ཡོད་པ་རེད། ཡིན་ནའང་བོད་པའི་སྙན་ངག་པ་དེ་ཚོའི་ཁྲོད་དུ་སྒྲུང་གཏམ་འབྲི་མཁན་ཁ་ཤས་མ་གཏོགས་རྩོམ་པ་པོ་ཉུང་ཉུང་རེད། ཉིས་སྟོང་ལོ་ཡས་མས་ནས་སྒྲུང་གཏམ་ཡག་པོ་འབྲི་མཁན་ཡང་འཐོན་ཐུབ་ཡོད་པ་མ་རེད། ཨ་སྨྱོན་བཀྲ་ཤིས་དོན་འགྲུབ་དང་སྟག་འབུམ་རྒྱལ། ཚེ་རིང་དོན་འགྲུབ་ཁོ་རང་ཚོའི་རྗེས་ལ། མི་རབས་གསར་པའི་ནང་གི་བརྩམས་སྒྲུང་རྩོམ་པ་པོ་དེ་ཚོ་གང་དུ་ཕྱིན་པ་རེད།

 

ལོ་རབས་བརྒྱད་ཅུ་དགུ་བཅུ་དེ་བོད་པའི་སྙན་ངག་གི་དུས་རབས་ཆགས་པ་རེད། ཡིན་ནའང་སྙན་ངག་དེ་ཞེ་དྲགས་བརྟན་པོ་རང་ཡོད་པ་མ་རེད། སྐབས་དེའི་སྙན་ངག་པའི་ཁྲོད་དུ་རྩོམ་པ་པོ་ཚད་ལྡན་མང་པོ་ཞིག་བྱུང་ཐུབ་ཡོད་པ་མ་རེད། ངས་བསམ་བློ་བཏང་ན། རྩ་བའི་ཆ་ནས་བོད་པའི་འཚོ་བ་རོལ་སྟངས་ལ་འགྱུར་བ་ཆེན་པོ་ཞིག་ཕྱིན་ཏེ་སྒྲུང་དང་སྙན་ངག་གི་ཞིང་ཁམས་ཉམས་ཆག་ཕྱིན་པ་དང་། དྲ་རྒྱ་དང་བརྡ་འཕྲིན་དར་བ་ནས་རྩོམ་འབྲིའི་ཁ་ཕྱོགས་ཀྱང་འགྱུར་བ་ཡིན་སྲིད་མོད། གཙོ་བོ་བོད་པའི་སྙན་ངག་པ་དེ་ཚོའི་ཤེས་ཡོན་ཆུ་ཚད་དང་བརྩོན་འགྲུས་གཉིས་ཐད་ནས་འདང་གི་ཡོད་པ་མ་རེད་བསམ་གྱི་འདུག ཁྱོད་ཀྱིས་བསམ་བློ་ཐོངས་དང་། བདེ་སྐྱིད་སྒྲོལ་མ་ལྟ་བུར་ལོ་ངོ་ཉི་ཤུ་ནས་སུམ་ཅུར་རྒྱུན་སྐྱོང་ཐུབ་མཁན་སུ་འདུག

 

དྲི་བ། དེང་སྐབས་བོད་ཕྱི་ནང་གཉིས་སུ་གློག་བརྙན་བཟོ་མཁན་མང་པོ་ཞིག་འཐོན་ཡོང་གི་འདུག བོད་ནང་ནས་བཟོས་པའི་གློག་བརྙན་རེ་ཟུང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དེ་འདྲའི་ཐོག་སྟོན་ཐུབ་པ་བྱུང་ཡོད་པ་རེད།

 

ལན། ང་བློ་ཕམ་པ་ཞིག་ལ། བོད་པའི་རྩོམ་པ་པོའི་ནང་དུ་ཆེད་ལས་པ་ཉུང་ཉུང་རེད། ལས་ཞོར་རྩོམ་འབྲི་བ་རྐྱང་རྐྱང་རེད། ལྷག་པར་དུ་བཙན་བྱོལ་སྤྱི་ཚོགས་ནང་དུ་ཆེད་ལས་རྩོམ་པ་པོ་ཧ་ལམ་ཡོད་པ་མ་རེད། རིགས་གཅིག་རྐང་འཛིན་པ་དེ་བས་ཀྱང་མི་འདུག བོད་ཀྱི་རྩོམ་པ་པོ་ཚོས་སྙན་ངག་འབྲི་གི་རེད། བརྩམས་སྒྲུང་འབྲི་གི་རེད། ཚོང་རྒྱག་གི་རེད། ལོ་རྒྱུས་འབྲི་གི་རེད། ད་ལྟ་གློག་བརྙན་བཟོ་མཁན་ཆེད་ལས་པ་རེ་གཉིས་འདུག དཔེར་ན། པདྨ་ཚེ་བརྟན་དང་། ཟོན་ཐར་རྒྱལ། གདུགས་དཀར་ཚེ་རིང་སོགས་ཡག་པོ་འདུག གདུགས་དཀར་ཚེ་རིང་གིས་ད་ལྟ་དངོས་བྱུང་གློག་བརྙན་༼ ལོ་བརྒྱ། ༽ཟེར་བ་ཞིག་བཟོ་བཞིན་འདུག དེ་ཧ་ཅང་ཡག་པོ་འདུག རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཕྱིན་ན། ཆེད་ལས་པ་མིན་ན་ཡ་བྱེད་མཁན་རག་གི་མ་རེད། ཁྱོད་རང་ཚོས་ད་དུང་ག་ལེར་རྩེད་མོ་རྩེད་ཨཱ་ལབ་ཀྱི་རེད།

 

དྲི་བ། བོད་པའི་དེང་རབས་རྩོམ་རིག་གི་སྒྱུ་རྩལ་གྱི་ཚད་གཞི་དེ་ག་འདྲ་ཞིག་ལ་མཐོང་གི་ཡོད།

 

ལན། ཚད་མཐོ་བོ་ཧང་སང་དགོས་པ་རེད། དེ་ཁྱོད་རང་ཚོའི་སྒྱུ་རྩལ་རིག་གནས་ཀྱི་ལོ་རྒྱུས་རྒྱུན་རིང་བའི་བཀའ་དྲིན་རེད། སྒྱུ་རྩལ་དེ་རི་མོ་ཞིག་ཡིན་ན། བོད་པའི་རྩོམ་རིག་སྒྱུ་རྩལ་ལ་སྔོན་མ་ནས་སྐྱ་ཐིག་ཚད་དང་ལྡན་པ་ཞིག་བྲིས་ཡོད་པ་རེད། ལྷག་པར་དུ་བོད་པའི་བརྩམས་སྒྲུང་དང་གློག་བརྙན་གྱི་སྒྱུ་རྩལ་དེ་ཚད་མཐོ་བོ་ཞེ་དྲགས་རེད། གློག་བརྙན་ལ་མཚོན་ན་ལོ་ཁ་ཤས་ནང་རྒྱལ་སྤྱིའི་ཚད་གཞིར་བསླེབས་པ་རེད། དེ་ངས་གོང་དུ་བཤད་པ་ལྟར་བོད་པའི་ཁོར་ཡུག་དང་རིག་གནས་ལ་འབྲེལ་བ་ཡོད་པ་རེད། གཉིས་པ་རྩོམ་པ་པོ་ཁོ་རང་ཚོའི་གཤིས་ཀའི་ཐོག་ནས་ཡོང་གི་ཡོད་པ་རེད་བསམ་གྱི་འདུག ང་རང་གིས་བལྟས་ན་རིག་གནས་གསར་བརྗེ་བྱུང་བའི་རྗེས་ལ་བོད་པའི་རྩོམ་རིག་ཟེར་ན་འདྲ་རྩོམ་པ་པོ་ཟེར་ན་འདྲ་འཕེལ་རིམ་གསུམ་བྱུང་བ་རེད། ཐོག་མ་སྙན་ངག་དང་བསྟོད་རྩོམ་ཤུགས་ཆེན་པོ་རེད། དེའི་རྗེས་ལ་བརྩམས་སྒྲུང་དང་དཔྱད་རྩོམ་ཏོག་ཙམ་བྱུང་བ་རེད། ད་ལྟ་འབོལ་རྩོམ་དང་གློག་བརྙན་ཐོག་ལ་འཕེལ་རྒྱས་འགྲོ་བཞིན་འདུག་བསམ་གྱི་ཡོད།

 

དྲི་བ། ཁྱོད་རང་གིས་བོད་པའི་རྩོམ་ཡིག་ཁ་ཤས་ཧྥ་རན་སིའི་སྐད་ཡིག་ནང་བསྒྱུར་བ་ཡིན་གསུངས་སོང་། དེ་ཚོར་ཧྥ་རན་སིའི་མི་མང་ནང་གདེང་འཇོག་གང་འདྲ་འདུག

 

ལན། ངས་མང་པོ་བསྒྱུར་ཐུབ་མ་སོང་། དེ་ཚོར་དགའ་བོ་བྱེད་མཁན་ཡོང་གི་འདུག ཡིན་ནའང་ཁོ་ཚོ་བོད་པར་དགའ་བོ་བྱེད་མཁན་དེ་ཚོ་རེད། དེས་ངའི་ཡིད་ཚིམ་གྱི་མི་འདུག ངའི་རེ་བ་བོད་དོན་རྒྱབ་སྐྱོར་བ་ལས་བརྒལ་ཏེ་ཧྥ་རན་སིའི་མི་མང་ནང་ཤུགས་རྐྱེན་ཐེབས་ན་བསམ་གྱི་འདུག ང་རང་གི་རེ་བ་གཅིག་འགྲུབ་པ་དེ་ངས་བོད་ཀྱི་རྩོམ་རིག་ཧྥ་རན་སིའི་སྐད་ནང་མ་བསྒྱུར་སྔོན་ལ། བོད་པར་ནང་པའི་ཆོས་མ་གཏོགས་རྩོམ་རིག་དང་རྩོམ་པ་པོ་ཡོད་པ་ཧ་གོ་མཁན་ཡོད་པ་མ་རེད། ལྷག་པར་དུ་བཙན་བྱོལ་ནང་མ་གཏོགས་བོད་ནང་དུ་དོ་སྣང་བྱེད་ས་གང་ཡང་ཡོད་པ་མ་རེད་བསམ་བསྡད་ཡོད་པ་རེད། ངས་ཁོ་ཚོར་ཁྱོད་རང་ཚོས་བོད་ལ་དགའ་བོ་བྱེད་རྒྱུ་ཡིན་ན། ད་ལྟའི་བོད་དང་བོད་མིར་དགའ་བོ་བྱེད་དགོས་པ་རེད་མ་གཏོགས་གུ་རུ་རིན་པོ་ཆེ་སོགས་ད་ལྟ་ཡོད་པ་མ་རེད་ལབ་ཀྱི་ཡོད།

 

དྲི་བ། ཁྱོད་ལ་བོད་པའི་རྩོམ་ཡིག་རིག་གཞུང་ཐོག་མ་འོངས་པར་འཆར་གཞི་གང་འདྲ་ཡོད།

 

ལན། བློ་ཕམ་པ་ཞིག་ལ་ང་ལ་འཆར་གཞི་མང་པོ་ཡོད་ཀྱང་དུས་ཚོད་ཡོད་པ་མ་རེད། ངས་ད་ལྟ་ཚེ་རིང་དོན་འགྲུབ་ཀྱི་བརྩམས་སྒྲུང་༼ རླུང་དམར་འུར་འུར༽ དང་། ལྷ་བྱམས་རྒྱལ་གྱི་༼བོད་པའི་གཅེས་ཕྲུག༽སྒྱུར་བཞིན་ཡོད། གཅིག་བྱས་ན་ ༼ང་ཡི་ཨ་ཕ་གཉིས།༽བསྒྱུར་དགོས་བསམ་ཡོད། ལོ་ཁ་ཤས་སྔོན་ནས་ཨ་མདོའི་སྐད་སློབ་དེབ་ཅིག་འབྲི་བཞིན་ཀྱང་ད་དུང་ཚར་མ་སོང་། ངས་སྔོན་མ་ཧྥ་རན་སིའི་བོད་པ་སྐྱབས་བཅོལ་བ་དེ་ཚོར་རོགས་པ་བྱེད་ཆེད་ ‘བོད་པའི་ཁྱིམ་ཆུང་།’ ཟེར་བ་ཞིག་བཙུགས་ཏེ་ལས་ཀ་མང་པོ་ཞིག་ཆགས་སོང་། དེང་སྐབས་ངས་དེབ་ལའང་བལྟ་ཐུབ་ཀྱི་མི་འདུག དེ་ནས་ང་ལ་རྨི་ལམ་གསུམ་ཡོད། ཧྥ་རན་སིའི་འཛིན་གྲྭ་བཅུ་གཉིས་ཀྱི་ཡིག་ཚད་ནང་བོད་ཡིག་འཇོག་ཐུབ་ན་བསམ་ཡོད། གང་ཡིན་ཟེར་ན། གཞུང་འབྲེལ་གྱི་སྐད་ཡིག་གཙོ་བོའི་ཟུར་དུ་སྐད་ཡིག་གཞན་པའང་ཡིག་ཚད་གཏོང་རྒྱུའི་ལམ་ཁ་ཞིག་ཡོད་པ་རེད། དེ་ནས་གཉིས་པ་ཧྥ་རན་སིའི་རྒྱལ་སྤྱིའི་རླུང་འཕྲིན་ནང་བོད་སྐད་ཀྱི་ལས་ཚན་ཞིག་འཛུགས་ཐུབ་ལ་འབད་བརྩོན་བྱེད་དགོས་བསམ་ཡོད། མ་མཐར་ཉིན་མ་རེར་སྐར་མ་ ༡༠ ལས་མེད་ནའང་ཕན་ཐོགས་ཀི་རེད། རྨི་ལམ་གསུམ་པ། ཧྥ་རན་སིའི་རྒྱལ་ས་ཕ་རེ་སིའི་གྲོང་ཁྱེར་ལྟེ་བའི་སྲིང་ལམ་གཅིག་ལ་ ‘བོད་ཀྱི་ལམ་ཁ།’ ཟེར་བའི་མིང་འདོགས་ཨེ་ཐུབ་ན་བསམ་ཡོད། ལས་ཀ་འདི་དག་ལས་བསླ་བོ་ཁྱོན་ནས་མ་རེད། ཡིན་ནའང་ཧྥ་རན་སིའི་གྲོས་ཚོགས་ནང་བོད་དོན་ལ་རྒྱབ་སྐྱོར་ཡག་པོ་ཡོད་པ་རེད་ལ། ང་རང་ལའང་རོགས་པ་བྱེད་མཁན་ཡག་པོ་ཁ་ཤས་ཡོད།

 

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༩ སྔོན་ལ།
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦

མཆན། 10

  1. བསོད་ནམས། says:
    ལོ་ 9 སྔོན།

    བཙན་བྱོལ་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་རིགས་གཅིག་རྐང་འཛིན་ཁོ་ནའི་ཐོག་སློབ་ཡོན་འགྲོ་གྲོན་མང་དག་ཞིག་བཏང་དང་གཏོང་བཞིན་པ་དེ་དག་ད་ལམ་མགོ་བརྗོད་འདི་ལྟར་གཞིགས་ན་ག་སོང་ཆ་མ་རྟོགས་པ་ལྟ་བུ་ད་ལྡོས་ཀྱང་མེད་མུག་སོགས་ཀྱི་སྐད་ཅོར་འདི་ཅི་འདྲ་ཞིག་ཡིན་ནམ། ཅི་སྟེ་འགྲོ་སོང་ལ་ཕན་པའི་གྲུབ་འབྲས་མེད་ན་སློབ་ཚན་གཞན་ཐོག་བེད་སྤྱོད་གཏོང་ཕྱོགས་བྱུང་ཚེ་ག་ཚོད་ཀྱིས་ཕན་གྱིས་རེད་དགོངས་པ་ཞིག་བཞེས་རོགས་གནང་།

    Reply
  2. སྐལ་བཟང་། says:
    ལོ་ 10 སྔོན།

    ༄༅། །དགེ་རྒན་ཆེན་མོ། ཆོས་ཉིད་དབང་མོ་ལགས།

    བཀྲིས་བདེ་ལེགས་གྲངས་མེད་ཞུ། སྐུ་ཉིད་ཀྱི་རྨི་ལམ་གསུམ་པོ་གང་མྱུར་སྒྲུབ་པའི་སྨོན་འདུན་བཅས།

    Reply
  3. གཙང་པ་རྒྱལ་པོ། says:
    ལོ་ 10 སྔོན།

    ཆོས་ཉིད་དབང་མོ་ལགས་ཀྱིས་བཀའ་མོལ་རྣམས་ཧ་ཅང་ཡག་པོ་གསུང་གནང་འདུག ཐུགས་རྗེ་ཆེ། བོད་པའི་རྩོམ་པ་པོ་དང་རྩོམ་ཡིག་གི་སྐོར་ལ་ཐུགས་ཞིབ་གནང་བ་ཧ་ཅང་གཏིང་ཟབ་མོ་རེད་འདུག ལྷག་པར་དུ་ཁྱེ་དརང་གིས་འདས་པའི་ལོ་ངོ་ཉི་ཤུ་ལྷག་རིང་བོད་པའི་སྐད་ཡིག་རིག་གཞུང་སྦྱངས་པ་དེར་སྔགས་བརྗོད་བླ་མེད་ཞུ་བཞིན་ཡོད། ཨ་རི་དང་ཡོ་རིབ་གླིང་སོགས་སུ་ཁྱེད་དང་ཁྱེད་ལྟ་བུ་བོད་པར་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་མཁན་མང་པོ་ཞིག་ཡོད་པ་དེ་བོད་པའི་སེམས་འཛིན་ཡིན།

    Reply
  4. བསྟན་འཛིན་བདེ་སྐྱིད། says:
    ལོ་ 10 སྔོན།

    ཉེ་ཆར་ཚགས་པར་ཞིག་གི་སྒང་དུ་གུས་མོའི་བཅར་འདྲི་སྤེལ་ཡོད་པ་དེར་རྗེས་སུ་ཡི་རངས་མོད་ཀྱང་། ༼བཅར་འདྲི་འདིར་གསལ།༽ བཅར་འདྲིའི་ཁ་བྱང་དང་ནང་དོན་འགའ་ནི་གུས་མོས་བཅར་འདྲི་བྱེད་སྐབས་ཀྱི་སྐད་ཆ་དང་མི་གཅིག བདག་གི་བོད་སྐད་བཤད་ཚད་དང་ཤེས་ཚད་མ་འདང་བའི་དབང་གིས་སོ། དེ་བས་དེ་རིང་གསལ་བཤད་ཞུ་དགོས་ནི་བོད་ཀྱི་རྩོམ་རིག་ཏེ་བརྩམས་སྒྲུང་དང་སྙན་ངག་གང་ཡིན་རུང་ལྟ་བར་དགའ་བར་མ་ཟད། ད་དུང་གུས་མོས་ཧྥ་ཡིག་དང་དབྱིན་ཡིག་ཏུ་བསྒྱུར་མྱོང་། གུས་མོར་ཡིད་ཆེས་བྱས་པའི་བོད་པའི་སྙན་ངག་པ་དང་རྩོམ་རིག་འབྲི་མཁན་རྣམས་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།

    བོད་པའི་སྙན་ངག་པ་འགའ་ངོ་མ་ཆུ་ཚད་དང་ཤེས་ཚད་གང་ཡིན་རུང་མཐོ་པོ་འདུག དཔེར་ན་ལྗང་བུ་དང་། སྐྱབས་ཆེན་བདེ་གྲོལ། ད་དུང་བདེ་སྐྱིད་སྒྲོལ་མ། འཇུ་སྐལ་བཟང་། ད་དུང་ལོ་གཞོན་གཞོན་གྱི་སྙན་ངག་པ་མཁས་པོ་ཡང་འདུག བོད་ནི་སྙན་ངག་གི་མི་རིགས་ཡིན་ནོ། ཡིན་རུང་ངས་བསམ་པར་བོད་པའི་སྙན་ངག་པ་ཡིན་ཚེ་བོད་ཡིག་གཅིག་པུར་བལྟས་ན་དེང་རབས་ཀྱི་འཛམ་བུ་གླིང་གི་སྙན་ངག་གི་འཕེལ་རིམ་དང་གསར་གཏོད་ལ་གོ་རྟོགས་མེད་པའི་ཉེན་ཁ་ཡོད་པར་སྣང་། དེ་བས་གཙོ་བོ་ཤེས་ཚད་ཇེ་མཐོ་རུ་གཏོང་ཐུབ་ན་བཟང་།

    མཐའ་མར་གཞོན་གྲས་ཀྱི་བོད་ཡིག་གི་བརྩམས་སྒྲུང་ཡག་པོ་འབྲི་མཁན་རྩ་བ་ཉིད་ནས་མེད་པའང་མ་རེད། ལྷ་བྱམས་རྒྱལ་ཞུ་བ་ནི་དེང་རབས་ཀྱི་བརྩམས་སྒྲུང་འབྲི་མཁན་ཤིན་ཏུ་མཁས་པོ་དང་སྒྱུ་རྩལ་དང་ལྡན་པའི་རྩོམ་པ་པོ་རེད་བསམ་གྱི་འདུག
    བོད་པའི་སྙན་ངག་པ་དང་རྩོམ་པ་པོ་རྣམས་ཁོང་ཁྲོ་ལངས་ངེས་རེད། ཐུགས་ཁག་མི་འདུག གསལ་བཤད་ཐུང་ཐུང་དེར་བལྟས་རྗེས་ཁོང་ཁྲོ་ཞི་བར་གྱུར་ཅིག

    ཆོས་ཉིད་དབང་མོ་ནས་གུས་ཕུལ།

    Reply
  5. Tenzintsering says:
    ལོ་ 10 སྔོན།

    ཧྥ་རན་སིའི་ནང་དུ་ལོ་ངོ་བཞི་བརྒྱ་གོང་ནས་བོད་ཀྱི་སྐད་ཡིག་དར་སྤེལ་བཏང་བ་དེ་ཧ་ཅང་ཡ་མཚན་པ་ཞིག་རེད། དྲི་བ་གཏོང་མཁན་དང་དྲིས་ལན་འདེབས་མཁན་རྣམས་པ་གཉིས་ལ་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  6. Tenzintsering says:
    ལོ་ 10 སྔོན།

    རྒན་ཆོས་ཉིད་དབང་མོ་ལགས་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། ང་རང་ཡང་ཧྤ་རེན་སིའི་རྒྱལ་ས་ཕེ་རེ་སིར་སྡོད་མཁན་ཞིག་ཡིན་ལ་རྒན་ཆོས་ཉིད་དབང་མོའི་སྐོར་ལ་ཆ་རྒྱུས་ཡོད་མཁན་ཞིག་ཡིན།
    མོ་རང་གིས་བོད་པའི་སྐད་ཡིག་རིག་གཞུང་ལ་ཕྱག་ལས་རླབས་ཆེན་མང་པོ་གནང་གི་ཡོད་པ་ཙམ་མ་རེད། བོད་མི་སྐྱབས་བཅོལ་བ་ཚོར་ཡིག་ཆ་བཟོ་རོགས་དང་སྒྲུང་འབྲི་རོགས་མང་པོ་བྱེད་ཀྱི་ཡོད་པ་མ་ཟད། ཛ་དྲག་གི་གནས་ཚུལ་བྱུང་མཁན་དང་ནད་པ་སོགས་ལ་སྨན་ཁང་དུ་བསྟེན་གཏུག་སོགས་ལའང་རོགས་རམ་མང་པོ་ཞུ་བཞིན་ཡོད་པ་རེད།
    མོ་རང་བརྒྱུད་ནས་ཧྥ་རེན་སིའི་ཕྱི་རྒྱལ་མི་རིགས་མང་པོ་ཞིག་ནས་ཀྱང་བོད་པ་ཚོར་དགའ་བོ་དང་རོགས་པ་བྱེད་ཀྱི་ཡོད་པ་རེད།

    Reply
  7. རྣམ་གླིང་། says:
    ལོ་ 10 སྔོན།

    དུས་བབ་ཚང་གི་གསར་འགྱུར་དང་བཅར་འདྲི་ཁ་ཤས་ལ་རིན་ཐང་ཆེན་པོ་འདུག མཚམས་ལ་རེར་སྤྱི་ཚོགས་ནང་གི་མི་དམིགས་བསལ་ཅན་དག་ལ་བཅར་འདྲི་ཞིབ་རྒྱས་ཞུས་ཏེ་མི་མང་པོ་ཞིག་ལ་གོ་རྟོགས་སྤེལ་བ་འདི་ཁ་ཡོད་ལག་ཡོད་ཀྱས་བློ་སྐྱེ་སྟེར་ཐུབ་པ་ཞིག་རེད། མཁས་དབང་ཆོས་ཉིད་དབང་མོ་ལགས་འདི་ལྟ་བུ་བོད་པ་ཚང་གི་ཕྱོགས་ཡོངས་ལ་མཁྱེན་རྒྱ་ཡངས་པོ་ཡོད་མཁན་འདི་ལྟ་བུ་་ཞིག་བོད་པའི་སྤྱི་ཚོགས་ནང་དུ་རྩོམ་པ་པོ་ཡིན་ཟེར་མཁན་དག་གི་ཁྲོད་དུའང་ཡོད་མེད་དོགས་པ་རེད། ཁོ་མོས་བོད་པའི་རྩོམ་རིག་ལ་སྙན་ངག་ནས་བརྩམས་སྒྲུང་དང་བརྩམས་སྒྲུང་ནས་དཔྱད་རྩོམ། མཇུག་ལ་གློག་བརྙན་དང་འབོལ་རྩོམ་ཐོག་འགྱུར་བ་སོང་འདུག་ཟེར་བ་དེ་བསྡོམས་ཚིག་གལ་ཆེན་ཞིག་རེད།

    Reply
  8. རླུང་། says:
    ལོ་ 10 སྔོན།

    ཧྥ་རན་སིའི་རྒྱལ་ས་ཕ་རེ་སིའི་གྲོང་ཁྱེར་ལྟེ་བའི་སྲིང་ལམ་གཅིག་ལ་ ‘བོད་ཀྱི་ལམ་ཁ།’ ཟེར་བའི་མིང་འདོགས་ཨེ་ཐུབ་ན་བསམ་ཡོད། ལས་ཀ་འདི་དག་ལས་སླ་བོ་ཁྱོན་ནས་མ་རེད།

    དངོས་གནས་ཐུགས་རྗེ་ཆེ་ཞུ་དགོས་ས་ཞིག་རེད། རེ་བའ་རྨི་ལམ་འདི་འགྲུབ་པར་སྨོན།

    རྩོམ་སྒྲིག་པ་ལགས་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག ཡིག་ནོར་དེ་ཚོའང་བཅའ་རོགས་ཞུ།

    Reply
  9. བློ་བཟང་དོན་ཡོད། says:
    ལོ་ 10 སྔོན།

    སེམས་ཤུགས་ཆེན་པོ་དང་བོད་པའི་གནས་ཚུལ་དང་སྐད་ཡིག་རྩོམ་རིག་ལ་རྒྱུས་མངའ་གཏིང་ཟབ་མོ་ཡོད་མཁན་ཞིག་རེད། སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ཧྥ་རེན་སིའི་སློབ་གྲྭ་དེའི་ལོ་རྒྱུས་ཞིབ་རྒྱས་ངོ་སྤྲོད་གནང་བར་གསར་འགོད་པར་ཡང་བཀའ་དྲིན་ཆེ་ཞུ། བོད་ལ་སྙན་ངག་པ་མང་པོ་ཡོད་པ་དང་སྙན་ངག་པ་དེ་ཚོ་ཡར་རྒྱས་སོང་མེད་པའི་བཀའ་མོལ་ཞིག་གནང་བ་དེར་བསམ་བློ་གཏོང་རྒྱུ་མང་པོ་འདུག ང་རང་ལ་ཡང་སྔོན་མ་ནས་དེ་འདྲའི་བསམ་ཚུལ་ཞིག་ཡོད།

    Reply
  10. གཡང་སྒྲོན། says:
    ལོ་ 10 སྔོན།

    རྒྱ་གར་པཎ་ཆེན་བོད་ལ་བཀའ་དྲིན་ཆེ་ཟེར་བ་ལྟར། ཨ་ཅག་ཁོང་བོད་ལ་བཀའ་དྲིན་ཤིན་ཏུ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese