སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཨ་དཀོན་རིན་པོ་ཆེ་མཆོག་འགྲོང་མཁན་ཐུབ་བསྟན་ཀུན་གསལ་དང་ཚེ་རིང་དཔལ་འབྱོར་གཉིས་ལ་སྲོག་ཁྲིམས་བཅད་ཡོད་འདུག
ཕྱི་ཚེས་ ༢༩ ཉིན་གྱི་སྔ་དྲོར་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་གིས། རྒྱལ་སྤྱིའི་རོགས་པ་ཚོགས་པའི་ཚོགས་གཙོ་ཨ་དཀོན་རིན་པོ་ཆེ་མཆོག་འགྲོང་མཁན་ཐུབ་བསྟན་ཀུན་གསལ་དང་ཚེ་རིང་དཔལ་འབྱོར་གཉིས་ལ་སྲོག་ཁྲིམས་དང་། ཉེས་ཅན་སྦེད་སྐོང་བྱས་པའི་ནག་ཉེས་འོག་དགེ་འདུན་རྒྱ་མཚོ་(格递江措)ཟེར་བ་ཞིག་ལ་ལོ་གསུམ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་ཡོངས་བསྒྲགས་བྱས་འདུག
ཨ་དཀོན་ཀརྨ་བཤད་སྒྲུབ་ཆོས་ཀྱི་ཉི་མ་མཆོག་ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༡༠ ཚེས་ ༨ ཉིན་གྱི་སྔ་དྲོར། སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་གྱི་བོད་མིའི་འདུས་སྡོད་ཁུལ་ཝུའུ་ཧོ་སིའི་མགྲོན་ཁང་ཞིག་ཏུ་སྐུ་བཀྲོངས་ཡོད་པ་དང་། སྐབས་དེར་ཁོང་གི་ཚ་བོ་བློ་དགའ་དང་ཁ་ལོ་བ་འཇིགས་མེད་དབང་རྒྱལ་གཉིས་ཀྱང་མཉམ་དུ་དམར་གསོད་བཏང་ཡོད་པ་རེད།
གསར་འགོད་པ། པདྨ་མཚོ།