དབུ་མའི་ལམ་བསེད་པ།
དྲ་གྲོགས་ཚང་མ་ལ་འཚམས་འདྲི་ཞུ། ངས་དེ་རིང་དབུ་མའི་ལམ་གྱི་ཐོག་ལ་སྐད་ཆ་བཤད་དགོས་ཀྱི་ཡོད་པ་རེད། ཚོགས་གཙོ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལོ་རྒྱུས་དང་། ཡང་ན། བོད་རྒྱ་འབྲེལ་མོལ་སྐོར་ཞིག་བཤད་ན་གསུངས་སོང་ཡང་། དྲ་ཚོམ་འདིའི་ནང་བོད་ནང་གི་མི་མང་པོ་ཡོད་ས་རེད། དབུ་མའི་ལམ་གྱི་སྐོར་བཤད་ན་ཐུགས་ཕན་ཆེ་བ་མེད་འགྲོ་བསམ་ནས་ངས་བརྗོད་གཞི་འདི་བདམས་པ་ཡིན། གང་ཡིན་ཟེར་ན། ད་ལྟའི་བོད་གཞུང་དམངས་གཉིས་ཀྱི་རྩ་དོན་འཐབ་རྩོད་ལངས་ཕྱོགས་དེ་དབུ་མའི་ལམ་ཆགས་བསྡད་ཡོད་པ་རེད། གཉིས་ནས་སོ་སོར་མཚོན་ན་ཡང་། འདས་པའི་ལོ་ངོ་བཅུ་ཕྲག་རིང་ཆབ་སྲིད་ཐོག་དོ་སྣང་དང་། སྲིད་བྱུས་འདི་ལ་འབྲེལ་འདྲིས་བྱས་པའི་ཉམས་རྟོགས་ཆེ་ཤོས་ཀྱང་ཆགས་ཡོད།
ངའི་ལས་ཀའི་ངོ་བོའི་ཆ་ནས་བརྗོད་གཞི་འདི་དེ་ཙམ་འཚམ་པོ་ཡོད་མེད་མི་ཤེས། གང་ཡིན་ཟེར་ན། བོད་དོན་འཐབ་རྩོད་ཀྱི་ལངས་ཕྱོགས་ལ་རང་བཙན་དང་དབུ་མ་གཉིས་ཡོད་སྟབས། གསར་འགོད་པའི་རྩ་དོན་ནང་‘དྲང་བདེན་དང་། དོ་མཉམ། ཁ་གསལ་བོ།’ ཟེར་བ་ཞིག་ཡོད་པ་རེད།{1} གང་བྲིས་པ་དང་གང་བཤད་པ་ཚང་མ་ཕྱོགས་སུ་མ་ལྷུང་བར་དོ་མཉམ་ཡོང་དགོས་པ་རེད། ཡིན་ནའང་ངས་དེ་རིང་དབུ་མའི་ལམ་ཟེར་བ་དེ་ག་རེ་ཡིན་པ་ངོ་སྤྲོད་བྱེད་ཀྱི་ཡོད་པ་དང་། གཉིས་ནས་ང་རང་སྒེར་གྱི་བསམ་ཚུལ་ཐོག་ནས་ཞུ་བཞིན་ཡོད་སྟབས་མ་འགྲིག་པ་ཡོད་པ་མ་རེད་བསམ་གྱི་འདུག
སྤྱིར་བཏང་དབུ་མའི་ལམ་ལ་འགྲེལ་བཤད་རྒྱག་སྟངས་སྣ་ཚོགས་འདུག ངས་དེ་རིང་དབུ་མའི་ལམ་ཟེར་བ་དེ་ཅི་ཞིག་རེད། དབུ་མའི་ལམ་ཇི་ལྟར་བྱུང་བ་རེད། དབུ་མའི་ལམ་ཅི་ཕྱིར་བྱུང་བ་རེད། མདོར་བསྡུས་ན་<ཅི་ཞིག> <ཇི་ལྟར།> <ཅི་ཕྱིར> གསུམ་གྱི་ཐོག་ནས་བཤད་རྒྱུ་ཡིན། བཤད་སྟངས་འདི་ལ་ང་ཧ་ཅང་དགའ་བོ་ཡོད། མི་ཞིག་གི་སློབ་སྦྱོང་གི་རྩ་བའི་གོ་རིམ་ལ་མཚོན་ན་ཡང་། སློབ་ཆུང་གི་སྐབས་སུ་ཤེས་བྱ་ཐམས་ཅད་ཅི་ཞིག་ཡིན་པ་དང་། སློབ་འབྲིང་གི་སྐབས་སུ་ཤེས་བྱ་ཐམས་ཅད་ཇི་ལྟར་བྱུང་བ། སློབ་ཆེན་གྱི་སྐབས་སུ་ཤེས་བྱ་ཐམས་ཅད་ཅི་ཕྱིར་བྱུང་བ་སྦྱོང་གི་ཡོད་པ་རེད།
དབུ་མའི་ལམ་ཅི་ཞིག་རེད།
དབུ་མའི་ལམ་ཅི་ཞིག་རེད་ཟེར་བ་དང་དབུ་མའི་ལམ་གྱི་རྒྱབ་རྟེན་གཉིས་དཀྱུས་གཅིག་ཏུ་བཤད་རྒྱུ་ཡིན།
དབུ་མའི་ལམ་ཟེར་བ་དེ་ཅི་ཞིག་རེད་ཟེར་ན། དབུ་མ་ཟེར་བ་འདི་ནང་ཆོས་ནང་གི་བརྡ་ཆད་ཅིག་རེད། ང་ཚོས་ནང་ཆོས་ནང་གི་ ‘དབུ་མ’ ཟེར་བའི་བརྡ་ཆད་དེར་དཔེ་བླངས་ཏེ་ “དབུ་མའི་ལམ་གྱི་སྲིད་བྱུས།” ཟེར་བའི་བོད་རྒྱའི་གནད་དོན་སེལ་སྤྱད་ཀྱི་ཆབ་སྲིད་ཐབས་ལམ་ཞིག་གསར་གཏོད་བྱས་པ་རེད། ཐབས་ལམ་དེ་ལ་བརྟེན་ཏེ་ང་ཚོས་ལོ་རྒྱུས་ཐོག་གི་བོད་རང་བཙན་དེ་རྩོད་རྒྱུ་མཚམས་བཞག་སྟེ། རང་སྲིད་རང་སྐྱོང་མིང་དོན་མཚུངས་པ་ཞིག་རེག་ཐབས་བྱ་རྒྱུ་ཡིན་ཟེར་གྱི་ཡོད་པ་དེ་རེད།
ནང་ཆོས་ནང་གི་དབུ་མ་ཟེར་བ་དེ་རྟག་མཐའ་དང་ཆད་མཐའ་གཉིས་སུ་མ་ལྷུང་བའི་དབུས་ལ་གོ་དགོས་པ་ལྟར། ཆབ་སྲིད་ནང་གི་དབུ་མ་དེའང་བོད་ཕྱོགས་དང་རྒྱ་ནག་གཞུང་ཕྱོགས་གཉིས་སུ་མ་ལྷུང་བའི་དཀྱིལ་ལ་གོ་དགོས་པ་དང་། ནང་ཆོས་ནང་གི་དབུ་མ་དེ་གནས་སྐབས་སྟོང་ཉིད་རྟོགས་བྱེད་ཀྱི་ཐབས་ལམ་ཞིག་དང་། མཐར་ཐུག་གི་དམིགས་ཡུལ་མཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་རྒྱུ་དེ་ཡིན་པ་ལྟར། ཆབ་སྲིད་ནང་གི་དབུ་མའི་ལམ་དེའང་གནས་སྐབས་བོད་རིགས་ཡོངས་ལ་རང་སྐྱོང་ལེན་པའི་ཐབས་ལམ་དང་། མཐར་ཐུག་གི་དམིགས་ཡུལ་བོད་རྒྱ་གཉིས་ཀར་ཁེ་ཕན་ཡོད་པ་དང་རྙོག་གྲ་མེད་པ། ཞི་བདེ་མཉམ་གནས་དང་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་འཛུགས་བསྐྲུན་བྱ་རྒྱུ་དེ་ཡིན་ཟེར་གྱི་ཡོད་པ་རེད།
ནང་ཆོས་ནང་གི་དབུ་མར་མཐའ་གཉིས་དང་བརྒྱད་སོགས་ཀྱི་འགྲེལ་བཤད་རྒྱག་སྟངས་ཡོད་པ་ལྟར། ཆབ་སྲིད་ནང་གི་དབུ་མའི་ལམ་ལའང་མཐའ་གཉིས་དང་བྲལ་བ། མཐའ་བརྒྱད་དང་བྲལ་བ་སོགས་ཀྱི་འགྲེལ་བཤད་སྣ་ཚོགས་བྱུང་ཡོད། མཐའ་གཉིས་ནི་བོད་བཙན་པོའི་སྐབས་ལྟར་རང་བཙན་གཙང་མའི་རྒྱལ་ཁབ་བསྐྱར་འཛུཊ་ཀྱི་རྟག་མཐའ་དང་། རྒྱ་ནག་གཞུང་གི་འོག་ནས་ད་ལྟ་བཞིན་རང་དབང་མེད་པར་སྡོད་རྒྱུའི་ཆད་མཐའ་གཉིས་རེད། མཐའ་དེ་གཉིས་སུ་མ་ལྷུང་བར་བོད་རིགས་ཡོངས་ལ་རང་སྲིད་རང་སྐྱོང་འཐོབ་དགོས་པ་དེ་དབུ་མའི་ལམ་གྱི་སྲིད་བྱུས་འདིའི་དགོས་འདུན་རེད།
མཐའ་བརྒྱད་ཟེར་བ་དེ་ཆབ་སྲིད་མངའ་དབང་གི་མཐའ་གཉིས་དང་བྲལ་བའི་དབུ་མ་དང་། ས་ཁྱོན་བདག་དབང་གི་མཐའ་གཉིས་དང་བྲལ་བའི་དབུ་མ། ཆབ་སྲིད་ལམ་ལུགས་ཀྱི་མཐའ་གཉིས་དང་བྲལ་བའི་དབུ་མ། རང་སྐྱོང་ངོ་བོའི་མཐའ་གཉིས་དང་བྲལ་བའི་དབུ་མ་ཟེར་བ་སོགས་རེད།{2} འགྲེལ་བཤད་རྒྱག་སྟངས་འདི་བཀའ་ཤག་སྐབས་བཅུ་གཉིས་པའི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གི་འགྲེལ་སྟངས་ཤིག་རེད། བཀའ་ཤག་སྐབས་བཅུ་བཞི་བའི་ཡིག་ཆ་ཁག་ཏུ་འགྲེལ་བཤད་དེ་དག་མཐོང་རྒྱུ་མི་འདུག འོན་ཀྱང་ངས་དེ་རིང་འདི་ནས་གླེང་དོན། དབུ་མའི་ལམ་གྱི་བྱུང་རིམ་བཤད་དགོས་ན་སྔ་ཕྱིའི་གནས་ཚུལ་ཆ་ཚང་བཤད་དགོས་པ་རེད།
སྤྱིར་བཏང་ང་ཚོས་བོད་དོན་སེལ་ཕྱོགས་ཀྱི་ཐབས་ལམ་འདི་ནང་ཆོས་ནང་གི་དབུ་མའི་ལམ་ལ་སྦྱར་བ་རེད་མ་གཏོགས། རྒྱ་ནག་གི་གདོད་མའི་ཆོས་ལུགས་ཏའོ་དང་རུའུ་ལུགས་ཀྱི་གཞུང་དུའང་ (中观) ཟེར་བ་ཞིག་ཡོད་པ་དེའང་སྟོང་ཉིད་ཟེར་ན་འདྲ། ནང་དོན་གྱི་ཆ་ནས་ནང་ཆོས་ནང་གི་དབུ་མ་དང་འདྲ་སེ་ཞིག་ཡོད་པ་རེད། ཐོག་མ་དགུ་བཅུ་གོ་གྲངས་ལ་ང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་འདི་རྒྱ་ཡིག་ནང་འབྲི་སྐབས་(中庸之道) ཞེས་བྲིས་འདུག དེ་བཞིན། གནའ་སྔ་མོའི་ནུབ་ཕྱོགས་མཚན་ཉིད་རིག་པའི་ནང་(Third eye)ཞེས་པ་ཞིག་ཡོད་པ་དང་། དེ་རིམ་གྱིས་དེང་གི་སྲིད་དོན་ཚན་རིག་ནང་བེད་སྤྱོད་བཏང་སྟེ། དཔེར་ན། དབྱིན་ཇིའི་སྲིད་འཛིན་ཟུར་བ་ཊོ་ནེ་བྷིལེར་ (Tony Blair) མཆོག་གིས་ཆབ་སྲིད་རིགས་ལམ་(Third way)ཟེར་བའི་བསམ་ཚུལ་ཞིག་བཏོན་པ་རེད། དེའི་ནང་དོན་ཡང་ཆབ་སྲིད་དཀའ་རྙོག་རིགས་གཡས་ཕྱོགས་དང་གཡོན་ཕྱོགས་གཉིས་ཀ་མ་ཡིན་པའི་ལམ་ཁ་གསུམ་པ་ཞིག་བརྒྱུད་ནས་སེལ་ཐབས་བྱེད་པ་ལ་ཟེར་གྱི་ཡོད་པ་རེད།
བོད་དོན་སྒྲུབ་ཕྱོགས་དབུ་མའི་ལམ་གྱི་གཞི་རྩའི་རིགས་ལམ་འདི་ཧ་ཅང་རྩ་ཆེན་པོ་རེད། འདི་བོད་པའི་རྩ་དོན་ཙམ་མ་རེད། རྒྱལ་ཁབ་དང་མི་རིགས། ཐ་ན་སྤྱི་ཚོགས་དང་མི་སྒེར་བར་གྱི་རྙོག་གྲ་རིགས་ཀྱང་དབུ་མའི་ལམ་གྱི་ཐབས་ལམ་འདི་བརྒྱུད་དེ་སེལ་ཐུབ་ལ་འབད་བརྩོན་བྱས་ན། ཕྱོགས་གཉིས་ཀར་བསམ་བློ་གཏོང་ས་ཡོད་པ་ཞིག་ཆགས་ཡོད། གལ་སྲིད་ཐབས་ལམ་འདི་བརྒྱུད་དེ་མ་འོངས་པར་བོད་པར་རང་སྲིད་རང་སྐྱོང་ཐོབ་ན། བོད་པའི་སྲིད་འབྱོར་རིག་གསུམ་གྱི་སྲིད་བྱུས་ཁག་ཀྱང་ལྟ་གྲུབ་འདི་རྒྱབ་རྟེན་དུ་བཟུང་སྟེ་གཏན་འབེབས་གནང་ན་ཧ་ཅང་ཡང་དག་པ་ཞིག་ཡོང་གི་རེད་སྙམ།
དབུ་མའི་ལམ་གྱི་འགྲེལ་བཤད་གསར་ཤོས་དང་གསལ་ཤོས་དེ་ ༢༠༠༨ ལོར་རྒྱ་ནག་གཞུང་ལ་སྤྲད་པའི་<<བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར།>> ཞེས་པ་དེ་དང་། དེའི་རྗེས་ལ་ ༢༠༡༠ ལོའི་<<བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་གྱི་འགྲེལ་བརྗོད།>>ཟེར་བ་གཉིས་ཆགས་ཡོད་པ་རེད། ཡིག་ཆ་དེ་གཉིས་ནང་བོད་རིགས་ཡོངས་རྫོགས་གཅིག་གྱུར་གྱི་ས་གནས་སྲིད་གཞུང་དང་། ས་གནས་མི་དམངས་འཐུས་མིའི་ཚོགས་ཆེན་འཛུགས་དགོས་པ་མ་ཟད། ས་གནས་འཐུས་མིའི་ཚོགས་ཆེན་ལ་ས་གནས་ཀྱི་གནད་དོན་ཁག་གི་ཐོག་ཁྲིམས་དང་སྒྲིག་གཞི་བཟོ་རྒྱུའི་དབང་ཆ་ཡོད་དགོས་པ་དང་། ས་གནས་སྲིད་གཞུང་ལ་ཁྲིམས་སྒྲིག་དེ་དག་ལག་བསྟར་དང་ཐག་གཅོད་བྱེད་པའི་དབང་ཆ་ཡོད་དགོས་ཞེས་བཀོད་ཡོད་པ་རེད།
ཡིག་ཆ་དེ་གཉིས་ནང་བྱེ་བྲག་ཏུ་བོད་པའི་དགོས་མཁོ་དོན་ཚན་ ༡༡ ཁ་གསལ་བོ་བྱས་ཏེ་བཀོད་ཡོད་པ་དག་ནི། བོད་མིའི་རང་སྐྱོང་ས་ཁུལ་ཁག་ཏུ་སྐད་ཡིག་གཙོ་བོ་བོད་ཡིག་ཡིན་དགོས་པ་དང་རྒྱལ་ཁབ་ཀྱིས་བོད་པའི་རིག་གཞུང་སྲུང་སྐྱོབ་བྱེད་དགོས་པ། བོད་མིའི་ཆོས་དང་དགོན་སྡེའི་ལམ་སྲོལ་ཁག་ལ་རྒྱལ་ཁབ་ཀྱིས་ཐེ་ཇུས་བྱེད་མི་ཆོག་པ། བོད་པར་བོད་པ་རང་གི་ཤེས་ཡོན་ལམ་ལུགས་བཟོ་དགོས་པ་དང་། རྒྱལ་ཁབ་ཀྱིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་སྲིད་བྱུས་བཟོ་དགོས་པ་དང་དེ་འཛིན་སྐྱོང་གི་ཐོབ་ཐང་བོད་པར་ཡོད་དགོས་པ། བོད་པའི་རང་བྱུང་ཐོན་ཁུངས་བེད་སྤྱོད་སྟངས་འཛིན་གྱི་དབང་ཆ་བོད་པར་ཡོད་པ། བོད་པའི་རང་སྐྱོང་ལྗོངས་ཀྱིས་ས་མཚམས་ཚོང་འབྲེལ་གཉེར་ཆོག་པ་དང་། རང་སྐྱོང་ལྗོངས་ལ་བོད་ལུགས་དང་རྒྱ་ལུགས་གཉིས་ཐོག་ནས་བོད་མི་ཡོངས་ལ་འཕྲོད་བསྟེན་མཐུན་རྐྱེན་འཛོམ་དགོས་པ། སྤྱི་ཚོགས་བདེ་འཇགས་མི་སྣའི་ཁྲོད་བོད་མི་མང་པོ་ཡོད་དགོས་པ། རང་སྐྱོང་ལྗོངས་ལ་ཕྱོགས་མི་དོ་དམ་གྱི་དབང་ཚད་ཡོད་པ་དང་། རང་སྐྱོང་ལྗོངས་ལ་ཤེས་ཡོན་དང་ཚན་རིག་རྒྱལ་ཁབ་གཞན་དང་མཉམ་འབྲེལ་གྱི་དབང་ཆ་ཡོད་པ་སོགས་འཁོད་ཡོད་པ་མ་ཟད། ས་གནས་ཀྱི་དགོས་མཁོ་ལ་འཚམས་པའི་ཁྲིམས་ལུགས་བཟོ་རྒྱུ་དང་། དེ་ལག་བསྟར་གྱི་དབང་ཆའང་ས་གནས་ལ་ཡོད་དགོས་པ་སོགས་རེད།{4}
དབུ་མའི་ལམ་གྱི་ཡིག་ཆ་ཁག་ནང་། ‘རང་སྐྱོང་མིང་དོན་མཚུངས་པ’ ཟེར་བ་དང་། ‘བོད་རིགས་ཡོངས་གཅིག་གྱུར’ ཟེར་བ་འདི་གཉིས་གཙིགས་སུ་བཟུང་ཡོད་པ་རེད། གང་ཡིན་ཟེར་ན། ད་ལྟའི་དཀའ་ངལ་ཆེ་ཤོས་གཅིག་རྒྱ་ནག་གཞུང་ཁོ་རང་ཚོས་གཏན་འབེབས་བྱས་པའི་<<རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས།>>དང་། <<མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས།>>སོགས་ཀྱི་ནང་དུ་འཁོད་ཡོད་པའི་གྲངས་ཉུང་མི་རིཊ་ཀྱི་ཐོབ་ཐང་ཁག་ལག་བསྟར་ཚད་ལྡན་བྱེད་ཐུབ་ཀྱིན་ཡོད་པ་མ་རེད། གཉིས་ནས་ད་ལྟའི་ཆར་བོད་མི་ས་ཡ་ ༦ དང་འབུམ་ ༢ ལྷག་ཡོད་པ་{5}དེ་རྒྱ་ནག་གཞུང་གིས་ཞིང་ཆེན་བཞི་དང་ལྗོངས་གཅིག ཁུལ་བཅུ། རྫོང་གཉིས། ད་དུང་དེ་དག་ནང་མ་ཚུད་པའི་ས་གནས་མང་པོ་ཞིག་ཏུ་ཁ་གཏོར་ནས་བསྡད་ཡོད་སྟབས།{6} རྒྱ་ནག་གཞུང་གི་སྲིད་བྱུས་རང་བཞིན་གྱི་ཐོག་ནས་བོད་པར་བརྡབ་གསིག་ཆེན་པོ་ཐེབས་བཞིན་ཡོད་པ་མ་ཟད། མང་ཚོགས་རང་བཞིན་གྱི་ཐོག་ནས་ཀྱང་བོད་མི་ཚོས་རྒྱ་མི་རིགས་ཆེན་པོས་དབྱེ་འབྱེད་མྱོང་གི་ཡོད་པ་རེད། དེ་བཞིན། བོད་པའི་སྐད་ཡིག་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་དང་། དཔལ་འབྱོར་འཚོ་གནས་འདྲ་མཉམ་ཡོང་ཐབས་སོགས་ལའང་དཀའ་ངལ་དང་འགོག་རྐྱེན་སྣ་ཚོགས་འཕྲད་བཞིན་ཡོད་པ་རེད།
བོད་པས་རང་བཙན་རྩོད་ཀྱི་མེད་པའི་སྒྲུབ་བྱེད་དུ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་ལ་ཆ་འཛིན་ཡོད་པ་དང་། རྒྱ་ནག་གི་བདག་དབང་དང་ས་ཁྱོན་གཅིག་གྱུར་ལ་ཆ་འཛིན་ཡོད་པ། རྒྱ་ནག་དབུས་གཞུང་གི་དབང་ཚད་དང་གོ་རིམ་ལ་ཆ་འཛིན་ཡོད་པ། དེ་ཙམ་མ་ཟད། རྒྱ་གཞུང་ཁོ་རང་ཚོས་ཆ་རྐྱེན་བཏོན་པ་ལྟར། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་སྲོལ་རྒྱུན་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་ཟེར་བ་སོགས་ལའང་ཆ་འཛིན་ཡོད་ཅེས་དབུ་མའི་ལམ་གྱི་ཡིག་ཆ་ཁག་ནང་གསལ་བོར་བསྟན་ཡོད་པ་རེད།
སྡོམ་བརྒྱབ་ན། དབུ་མའི་ལམ་གྱི་སྙིང་དོན་དེ་༼རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་། ཁྲིམས་མཐུན་གྱི་ཐོབ་ཐང་ཡོད་པའི་བོད་རིཊ་ཡོངས་ལ་མི་རིཊ་ས་གནས་རང་སྐྱོང་གི་གནས་བབ་ཚད་ལྡན་མིང་དོན་མཚུངས་པ་ཞིག་དགོས།༽ཞེས་པ་འདི་རེད།
དབུ་མའི་ལམ་གྱི་རྒྱབ་རྟེན།
ང་རང་གི་ལྟ་ཚུལ་བྱས་ན། དབུ་མའི་ལམ་གྱི་གཞི་རྩའི་ལྟ་གྲུབ་ཀྱི་རྒྱབ་རྟེན་དང་། དབུ་མའི་ལམ་གྱི་གཞི་རིམ་སྲིད་བྱུས་ཀྱི་རྒྱབ་རྟེན་གཉིས་མ་འདྲ་བ་རེད། དཔེར་ན། གཞི་རྩའི་ལྟ་གྲུབ་དེ་རྩ་ཁྲིམས་དང་དེ་ལ་གཞི་བཅོལ་བའི་གཞི་རིམ་སྲིད་བྱུས་དེ་བཅའ་ཁྲིམས་ལྟ་བུ་རེད། དབུ་མའི་ལམ་གྱི་ལྟ་གྲུབ་ཀྱི་རྒྱབ་རྟེན་དེ་༧གོང་ས་མཆོག་གི་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་འཁྲི་དབྱིན་ཡིག་ནང་(Unnversal Responsibility)ཟེར་བ་དེ་དང་། ནང་བསྟན་ཆོས་ལུགས་ཀྱི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ཞིང་བདེ་བ་དང་ལྡན་པ། དེ་བཞིན། ༧གོང་ས་མཆོག་གིས་ནམ་རྒྱུན་འཛམ་གླིང་གི་དཀའ་རྙོག་ཐམས་ཅད་དྲང་བདེན་དང་འཚེ་བ་མེད་པ། འདྲ་མཉམ། ཕྱོགས་གཉིས་ཀ་མོས་མཐུན་གྱི་ཐོག་ནས་སེལ་དགོས་གསུངས་པ་འདི་དག་རེད་བསམ་གྱི་འདུག
དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་རྒྱབ་རྟེན་དེ་༧གོང་ས་མཆོག་གིས་ཐོག་མ་བོད་ཀྱི་སྲིད་འགན་བཞེས་སྐབས་ཀྱི་ཆབ་སྲིད་རིག་པའི་གཞུང་ལུགས་དང་། རྒྱ་ནག་གི་སྲིད་འཛིན་ཏུན་ཞའོ་ཕིན་གྱིས་དགོས་འདུན་བཏོན་པ་སོགས་ཀྱང་ཆགས་ཡོད་མོད། གཙོ་ཆེ་ཤོས་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་ལ་གཞི་བཅོལ་ཡོད་པ་རེད། ད་དུང་ཡར་དེད་ན། གྲོས་འཆར་དོན་ཚན་བཅུ་བདུན་དང་། ༡༩༡༤ ལོའི་ལྕགས་སྟག་སིམ་ལའི་ཆིངས་ཡིག་སོགས་ཀྱང་དབུ་མའི་ལམ་གྱི་སྲིད་བྱུས་འདིའི་རྒྱབ་རྟེན་རེད།{7} མར་དེད་ན། རྒྱ་ནག་གཞུང་གི་མགོ་ཁྲིད་ཧུའུ་ཡའོ་པང་དང་ཀྲའོ་ཙི་ཡཱང་སོགས་ཀྱིས་གྲངས་ཉུང་མི་རིགས་ལ་བཏོན་པའི་བསམ་འཆར་དང་། ཀུན་གཟུགས་པཎ་ཆེན་རིན་པོ་ཆེ་མཆོག་གི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ། ང་ཕོད་ངག་དབང་འཇིགས་མེད་དང་འབའ་པ་ཕུན་ཚོགས་དབང་རྒྱལ། ཡང་གླིང་རྡོ་རྗེ་སོགས་ཀྱིས་བོད་མི་རིགས་ཀྱི་གནད་དོན་ཐོག་དགོངས་འཆར་བཏོན་པ། ཀན་ལྷོའི་ཤེས་ལྡན་མི་སྣ་བརྒྱད་ཀྱིས་བཏོན་པའི་སྙན་ཞུ་སོགས་ཆགས་ཡོད་པ་རེད།
མདོར་བསྡུས་ན། དབུ་མའི་ལམ་གྱི་སྲིད་བྱུས་འདི་ཆེ་ས་ནས་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་འཁྲི་དང་ནང་བསྟན་ཆོས་ཀྱི་དགོངས་དོན་དང་མཐུན་ཞིང་། ཆུང་ས་ནས་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས། བོད་རྒྱའི་མཁས་པ་དག་གི་དགོངས་འཆར་ལ་སྒོ་གཏུགས་ཡོད་པ་མ་ཟད། སྲིད་བྱུས་འདི་སྒྲུབ་སྟངས་ཀྱང་འཚེ་བ་མེད་པའི་ལམ་ཁོ་ནར་བརྟེན་དགོས་ཟེར་གྱི་ཡོད་སྟབས། འགྲེལ་བཤད་སྙིང་རྗེ་བོ་ཞིག་བརྒྱབ་ན། དབུ་མའི་ལམ་གྱི་སྲིད་བྱུས་འདིའི་རྒྱུ་དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས། ངོ་བོ་རང་གཞན་རོགས་གསུམ་ལ་ཕན་པ། བྱེད་ལས་འཚེ་མེད་ཞི་བདེ། འབྲས་བུ་མཛའ་མཐུན་མཉམ་གནས་ཆགས་ཡོད་པ་རེད།
་་་་་་་་་་་་་་་་་་་་་་་་་་མུ་འགོད་བྱ་རྒྱུ་ཡིན།
གསལ་བཤད། དབུ་མའི་ལམ་ངོ་སྤྲོད་འདི་ ༢༠༡༤ ཟླ་ ༡༠ ཚེས་ ༡༤ ཉིན་ <ཉི་མ་བླ་བྲང་ཚང་།> དང་། ༢༠༡༥ ཟླ་ ༡༢ ཚེས་ ༡༧ ཉིན་ <ཆོལ་ཁ་གསུམ།> བཅས་ཀྱི་སྐད་འཕྲིན་ཚོགས་པར་སྐད་ཆ་བཤད་སྐབས་རགས་ཟིན་བཏབས་པ་རྩོམ་ཡིག་གི་རྣམ་པར་བཅོས་པ་ཡིན། འདིར་ ༼དབུ་མའི་ལམ་ཅི་ཞིག་རེད།༽ ༼དབུ་མའི་ལམ་ཇི་ལྟར་བྱུང་བ་རེད།༽ ༼དབུ་མའི་ལམ་ཅི་ཕྱིར་བྱུང་བ་རེད།༽ བཅས་ཚན་པ་གསུམ་གྱི་སྟེང་། སྐབས་དེའི་དྲི་བ་དྲིས་ལན་ཁག་བོད་ནང་གི་དྲ་མིང་མཚོ་སྐྱེས་དང་བལ་ཡུལ་གྱི་སྐལ་བཟང་གཉིས་ཀྱིས་ཡིག་ཐོག་ཏུ་ཕབ་པ་བཅས་ཚན་པ་ ༤ རུ་བགོས་ཡོད་པ་ཁག་འདིར་མུ་འགོད་བྱ་རྒྱུ་ཡིན་པས་དགེ་འདོན་སྐྱོན་སེལ་ལྷུག་པོར་གནང་རོགས།
ཟུར་མཆན། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
{1} གསར་འགྱུར་ལས་རིགས་ཀྱི་རྩ་དོན་གསུམ།
གསར་འགྱུར་རིག་པའི་གཞུང་ལུགས་ཀྱི་གསར་འགོད་ཀུན་སྤྱོད་རིག་པའི་ནང་། གསར་འགྱུར་གང་ཞིག་བྲིས་ཀྱང་རྩ་དོན་དྲང་བདེན། གསལ་བོ། དོ་མཉམ་པ་(Truth, Clear, Balance)ཟེར་བ་ཞིག་ཡོད། [དབྱིན་ཡིག་གི་དེབ་<<MEDIA EITHICS>>ཞེས་པའི་ཤོག་ངོས་ ༢༣༡ ནས་བསྡུ་སྒྲིག་བྱས།]
{2} དབུ་མའི་ལམ་གྱི་མཐའ་བརྒྱད།
ཆབ་སྲིད་མངའ་དབང་གི་མཐའ་གཉིས་དང་བྲལ་བའི་དབུ་མ་ནི། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁ་ཁ་བྱས་ཏེ་བོད་རང་བཙན་གྱི་རྒྱལ་ཁབ་ཁེར་གཙང་ཞིག་སླར་གསོ་བྱེད་རྒྱུའི་རྟག་མཐའ་དང་། ད་ལྟ་བཞིན་རྒྱ་ནག་གཞུང་གི་བཙན་དབང་འོག་རང་དབང་དང་འདྲ་མཉམ་ཅི་ཡང་མེད་པར་སྡོད་དགོས་པའི་ཆད་མཐའ་གཉིས་སུ་མ་ལྷུང་བར། ཆོལ་གསུམ་བོད་རིགས་ཡོངས་རྫོགས་འཛིན་སྐྱོང་གཅིག་གི་འོག་ནས་རང་སྲིད་རང་སྐྱོང་ཐོབ་དགོས་པ།
ས་ཁྱོན་གྱི་མཐའ་གཉིས་དང་བྲལ་བའི་དབུ་མ་ནི། སྤྱི་ལོའི་དུས་རབས་བདུན་པ་དང་བརྒྱད་པ། དགུ་བ་བཅས་ཀྱི་སྐབས་སུ་སྟོད་ལ་དྭགས་ནས་སྨད་རྒྱ་ཡི་མཆོད་རྟེན་དཀར་པོའི་བར་ཟེར་བའི་རྟག་མཐའ་དང་། ད་ལྟའི་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་གཅིག་པུ་ཟེར་བའི་ཆད་མཐའ་གཉིས་སུ་མ་ལྷུང་བར། ཆོལ་ཁ་གསུམ་གྱི་བོད་མི་གནས་སྡོད་ཀྱི་ས་ཁུལ་ཡོངས་རྫོགས་གཅིག་གྱུར་ཡོང་དགོས་པ།
ཆབ་སྲིད་ལམ་ལུགས་ཀྱི་མཐའ་གཉིས་དང་བྲལ་བའི་དབུ་མ་ནི། ཕྱི་ལོ་ ༡༩༥༡།༥།༢༣ གོང་གི་ཕྱེད་རྒྱལ་བོའི་ལམ་ལུགས་སམ་བཀས་བཀོད་རྒྱུན་འཛིན་ལམ་ལུགས་ཀྱི་རྟག་མཐའ་དང་། རྒྱ་ནག་དམར་ཤོག་གཞུང་གི་ད་ལྟའི་སྲིད་དབང་སྒེར་སྤྱོད་གཅིག་བསྡུད་དབང་འཛིན་ལམ་ལུགས་ཀྱི་ཆད་མཐའ་གཉིས་སུ་མ་ལྷུང་བར། ཁྲིམས་ལུགས་དབང་འཛིན་དང་ཁྲིམས་བཟོ་ལྷན་ཚོགས། འཛིན་སྐྱོང་གསུམ་ལྡན་དེང་རབས་དམངས་གཙོའི་ལམ་སྲོལ་ཅན་གྱི་ས་གནས་གཞུང་ཞིག་དགོས་པ།
རང་སྐྱོང་གི་ངོ་བོའི་ཆ་ནས་མཐའ་གཉིས་དང་བྲལ་བའི་དབུ་མ་ནི། མི་རིགས་རང་སྐྱོང་གི་རྟག་མཐའ་དང་། ས་ཁུལ་རང་སྐྱོང་གི་ཆད་མཐའ་གཉིས་སུ་མ་ལྷུང་བར། མི་རིགས་ས་གནས་རང་སྐྱོང་ཚད་ལྡན་མིང་དོན་མཚུངས་པ་ཞིག་ཡོང་དགོས་པ་སོགས་རེད། [བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ ༢༠༠༡ ཟླ་ ༩ ཚེས་ ༡༩ ཉིན་གངས་སྐྱིད་སྤྱི་ཐོབ་ཚོགས་ཁང་དུ་གཞུང་ཞབས་ལས་བྱེད་ཚོར་དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད་གནང་བའི་གསུང་བཤད་བརྙན་ཐག་ལས་བསྡུ་སྒྲིག་བྱས།]
{3} རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ནང་གི་བོད་མིའི་གཞི་རྩའི་དགོས་མཁོ་དོན་ཚན་ ༡༡ ནི།
༡༽སྐད་ཡིག བོད་རིགས་རང་སྐྱོང་ས་ཁུལ་གྱི་སྐད་ཡིག་གཙོ་བོ་བོད་ཡིག་བྱེད་དགོས། འདི་རྩ་ཁྲིམས་དོན་ཚན་ ༡༢༡ དང་བཅའ་ཁྲིམས་དོན་ཚན་ ༡༠ པའི་ནང་དོན་དང་མཐུན།
༢༽ལེགས་བྱང་། བོད་མི་རྣམས་མི་རིགས་མང་བའི་རྒྱལ་ཁབ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་མཉམ་སྡོད་བྱེད་ཀྱིན་ཡོད་སྟབས། རྩ་ཁྲིམས་ཀྱི་ཆ་རྐྱེན་འོས་འཚམས་སྤྱད་པའི་སྒོ་ནས་བོད་མིའི་ཐུན་མོང་མ་ཡིན་པའི་ལེགས་བྱང་སྲུང་སྐྱོབ་བྱེད་དགོས། འདི་རྩ་ཁྲིམས་དོན་ཚན་ ༢༢། ༤༧། ༡༠༩ ། བཅའ་ཁྲིམས་དོན་ཚན་ ༣༨ བཅས་དང་མཐུན།
༣༽ཆོས་ལུགས། ཆོས་ཀྱི་བྱེད་སྒོ་བླ་སློབ་བར་གྱི་འབྲེལ་བ་དང་དགོན་སྡེའི་འཛིན་སྐྱོང་། ཡང་སྲིད་ངོས་འཛིན་བྱེད་ཕྱོགས་སོགས་ཀྱི་ནང་རྒྱལ་ཁབ་ཀྱིས་ཐེ་བྱུས་བྱེད་མི་ཆོག འདི་རྩ་ཁྲིམས་དོན་ཚན་ ༣༦ གྱི་ནང་དོན་དང་མཐུན།
༤༽ཤེས་ཡོན། བོད་མི་ཚོར་བོད་མི་རིགས་ཀྱི་སློབ་གསོའི་ཐད་མིང་དོན་མཚུངས་པའི་རང་སྐྱོང་ལག་བསྟར་བྱེད་དགོས་པ་དང་། དབུས་གཞུང་གི་ཤེས་རིག་ལས་ཁུངས་དང་མཉམ་འབྲེལ་ཐོག་བོད་མི་རང་གི་ཤེས་ཡོན་ལམ་ལུགས་བཟོ་རྒྱུ། དེ་འཛིན་སྐྱོང་བྱེད་པར་རྒྱལ་ཁབ་ཀྱིས་མཐུན་རྐྱེན་འགན་ལེན་འོག་ས་གནས་རང་སྐྱོང་ལས་བྱེད་ཀྱིས་ས་གནས་ཀྱི་སློབ་གསོའི་བྱ་བཞག་རྣམས་ལ་རང་བདག་གི་སྒོ་ནས་དོ་དམ་བྱེད་དགོས། འདི་རྩ་ཁྲིམས་དོན་ཚན་ ༡༩། ༡༡༩། བཅའ་ཁྲིམས་དོན་ཚན་ ༣༦ བཅས་དང་མཐུན།
༥༽ཁོར་ཡུག བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་བྱུས་བཟོ་རྒྱུ་དང་འཛིན་སྐྱོང་བྱེད་རྒྱུའི་ཐོབ་ཐང་ཡོད་དགོས། འདི་བཅའ་ཁྲིམས་དོན་ཚན་ ༤༥། ༦༦ བཅས་དང་མཐུན།
༦༽རང་བྱུང་ཐོན་ཁུངས། རྒྱལ་ཁབ་ལ་དབང་བའི་ས་མ་ཡིན་པ་ཆ་ཚང་བོགས་མར་གཏོང་བའམ་བརྗེ་བསྒྱུར་བྱེད་རྒྱུའི་ཁྲིམས་མཐུན་དབང་ཚད་རང་སྐྱོང་ལྗོངས་ཀྱི་མི་རིགས་ཁོ་ནར་ཡོད་དགོས་པ་དང་། རྒྱལ་ཁབ་ཀྱི་ཡར་རྒྱས་འཆར་གཞི་དང་མཐུན་པར་རང་སྐྱོང་ས་གནས་ལ་རང་དབང་གི་སྒོ་ནས་ཡར་རྒྱས་འཆར་གཞི་བཟོ་འགོད་དང་ལག་བསྟར་གྱི་ཐོབ་ཐང་ཡོད་དགོས། འདི་རྩ་ཁྲིམས་དོན་ཚན་ ༡༡༨ དང་། བཅའ་ཁྲིམས་དོན་ཚན་ ༢༧། ༢༨། ༤༥། ༦༦། བཅས་དང་མཐུན།
༧༽དཔལ་འབྱོར། རྩ་ཁྲིམས་ནང་དངུལ་རྩིས་དོ་དམ་དང་འཛིན་སྐྱོང་བྱེད་རྒྱུའི་རང་སྐྱོང་གི་ལྟ་གྲུབ་དང་། རང་སྐྱོང་ས་ཁུལ་ཡར་རྒྱས་མགྱོགས་མྱུར་ཡོང་ཆེད་རྒྱལ་ཁབ་ཀྱིས་དངུལ་གྱི་རོགས་རམ་དང་མཐུན་འགྱུར་བྱེད་དགོས་པ་འཁོད་ཡོད་པ། དེ་བཞིན་བཅའ་ཁྲིམས་ནང་རྒྱལ་ཁབ་གཞན་དང་ས་འབྲེལ་ཡོད་པའི་རང་སྐྱོང་ས་ཁུལ་གྱིས་ཕྱི་རྒྱལ་དང་མཉམ་དུ་ཚོང་འབྲེལ་དང་ས་མཚམས་ཚོང་འབྲེལ་གཉེར་ཆོག་པ་སོགས་བཀོད་ཡོད་པ་དག་ལག་བསྟར་དང་། བོད་རིགས་རྣམས་དཔལ་འབྱོར་རང་འཚོ་ཐུབ་ཐབས་བཟོ་དགོས། འདི་རྩ་ཁྲིམས་དོན་ཚན་ ༡༡༨ ། ༡༡༧། ༡༢༠། བཅའ་ཁྲིམས་དོན་ཚན་ ༢༥། ༣༢། ༢༢ བཅས་དང་མཐུན།
༨༽འཕྲོད་བསྟེན། ས་གནས་རང་སྐྱོང་ལས་ཁུངས་ལ་བོད་མི་ཡོངས་ཀྱི་འཕྲོད་བསྟེན་གྱི་དགོས་མཁོ་བསྐང་རྒྱུའི་མཐུན་རྐྱེན་དང་ནུས་པ་ལྡན་དགོས་པ་དང་། དེ་མཚུངས་བསྲེ་ལྷད་མེད་པའི་སྒོ་ནས་སྲོལ་རྒྱུན་གཞིར་བཟུང་བོད་སྨན་དང་སྐར་རྩིས་ཀྱི་ལག་ལེན་དང་ཁྱབ་སྤེལ་གཏོང་རྒྱུའི་ནུས་པ་ལྡན་དགོས། འདི་རྩ་ཁྲིམས་དོན་ཚན་ ༢༡ ། ༡༡༩། བཅའ་ཁྲིམས་དོན་ཚན་ ༤༠ བཅས་དང་མཐུན།
༩༽མང་ཚོགས་ཀྱི་བདེ་འཇགས། མང་ཚོགས་ཀྱི་བདེ་འཇགས་དང་འབྲེལ་བའི་གནད་དོན་ཐག་གཅོད་བྱེད་མཁན་དང་། བདེ་འཇགས་མི་སྣའི་ཁོངས་སུ་ས་གནས་དེ་གའི་སྲོལ་རྒྱུན་དང་གོམས་གཤིས་ལ་རྒྱུས་མངའ་དང་བརྩི་བཀུར་ཡོད་པའི་མི་སྣ་གང་མང་ཡོད་དགོས། འདི་རྩ་ཁྲིམས་དོན་ཚན་ ༡༢༠ བཅའ་ཁྲིམས་དོན་ཚན་ ༢༤ བཅས་དང་མཐུན།
༡༠༽ཕྱོགས་མི་དོ་དམ། རང་སྐྱོང་ས་ལས་ཁུངས་ཁག་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁུལ་གཞན་ནས་བོད་ནང་ཡོང་མཁན་ཚོ་གནས་སྡོད་བྱེད་པ་དང་། གཞིས་ཆགས་པ། ལས་རིགས་དང་དཔལ་འབྱོར་ལས་དོན་གཉེར་ཕྱོགས་བཅས་ཀྱི་སྲོལ་ཡིག་བཟོ་རྒྱུའི་དབང་ཚད་ཡོད་དགོས། འདི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དོན་ཚན་མི་གསལ།
༡༡༽ཕྱི་འབྲེལ། ལེགས་བྱང་དང་སྒྱུ་རྩལ། ཤེས་ཡོན། ཚན་རིག མང་ཚོགས་ཀྱི་འཕྲོད་བསྟེན། རྩེད་རིགས། ཆོས་ལུགས། ཁོར་ཡུག དཔལ་འབྱོར་སོགས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་གཞན་དང་རང་སྐྱོང་ལྗོངས་གཞན་དང་མཉམ་དུ་ཕན་ཚུན་བརྗེ་ལེན་ཆོག་པ་སྨོས་མེད་ཐོག རྒྱལ་ཁབ་གཞན་དང་མཉམ་དུའང་བརྗེ་ལེན་བྱེད་པའི་དབང་ཚད་ཡོད་དགོས། འདི་བཅའ་ཁྲིམས་དོན་ཚན་ ༤༢ པ་དང་མཐུན། [<<བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར།>>ཞེས་པའི་ཡིག་ཆ་དང་དེའི་འགྲེལ་བཤད་གཉིས་ལས་བསྡུ་སྒྲིག་བྱས།]
{4} བོད་རིགས་མི་འབོར།
“ ད་ལྟའི་ཆར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་བོད་རིགས་མི་འབོར་རོབ་རྩིས་ས་ཡ་ ༦ ། ༢ ཡོད་པ་རྒྱ་ནག་རྒྱལ་ཡོངས་མི་འབོར་ཞིབ་བཤེར་ཐེངས་དྲུག་པའི་གྲངས་ཐོ། ”[བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་ ༢༠༡༤ ཟླ་ ༥ པའི་ནང་དཔར་སྐྲུན་བྱས་པའི་<<དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད།>>ཤོག་ངོས་ ༥ དང་ ༢༥ ལས་ལུང་འདྲེན་བྱས།]
སྤྱིར་ད་སྔ་བོད་མིའི་མི་འབོར་ཁ་གསལ་ཁུངས་དག་ཅིག་བྱུང་མྱོང་མེད། ‘བོད་མི་ས་ཡ་དྲུག’ ཟེར་བ་དེ་སྔར་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་སྐབས་བོད་མིའི་མི་འབོར་ཞིབ་བཤེར་བྱས་པའི་ལོ་རྒྱུས་ཡོད་པ་དེ་ལས་བྱུང་བར་གྲགས། རྒྱས་བོད་བཙན་འཛུལ་དང་རིག་གསར་སྐབས་སོགས་ལ་བོད་ཀྱི་མི་འབོར་ལ་ཉམས་ཆག་ཆེན་པོ་བྱུང་ཡོད། དེའི་རྗེས་འཆར་ལྡན་བུ་སྐྱེས་སྲིད་བྱུས་ཀྱིས་ཀྱང་བོད་ཀྱི་མི་འབོར་འཕེལ་རྒྱས་ལ་གནོད་ཚབས་ཆེན་པོ་བཟོས། རྒྱ་ནག་གཞུང་གིས་བོད་མིའི་གྲངས་ཀ་ཐེངས་ཁ་ཤས་ཕྱི་བསྒྲགས་བྱས་ཡོད་ཀྱང་། དེ་དག་ནང་ལྷོ་བ་དང་མོན་པ་དང་ཧོར་བ་སོགས་ཚུད་མེད།
སྤྱིར་བོད་རིགས་ཀྱི་མི་འབོར་ངོས་འཛིན་བྱེད་སྟངས་རིགས་གསུམ་ཡོད། དང་པོ། གོང་གི་རྒྱ་ནག་གིས་གྲངས་བཤེར་བྱེད་སྟངས་དེ་ཡིན། གཉིས་པ། རྒྱ་ནག་གིས་མི་རིགས་ང་དྲུག་ཁོངས་ལོགས་སུ་དབྱེ་ཡོད་པའི་བོད་དང་ཆོས་དང་རིག་གཞུང་། རིགས་རུས་ཆད་ཁུངས་ལོ་རྒྱུས་སོགས་གཅིག་པ་ཡིན་པ་ཡོངས་རྫོགས། གསུམ་པ། གོང་གི་དེ་གཉིས་སྟེང་བྱེས་གྱར་བོད་མི་ཡོངས་དང་། རྒྱ་བལ་འབྲུག་གསུམ་གཙོས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོད་དང་རིགས་རུས་གཅིག་པ་ཡིན་པ་ཡོངས། བོད་ས་མ་ཤོར་སྔོན་ནས་རྒྱ་གར་ནང་གཞིས་ཆགས་ཡོད་པའི་དེང་སྐབས་རྒྱ་གར་ཁམས་པ། དེ་བཞིན། པ་ཀི་སི་ཐན་དང་། ཨབ་གྷན། ཡུ་གུར་སོགས་ནང་ཡོད་པའི་བོད་རིགས་སོགས་ཡིན་ཞིང་། མི་རིགས་རིག་པའི་ཞིབ་འཇུག་པ་འགའ་རེས་འཛམ་གླིང་དུ་བོད་རིགས་ཀྱི་མི་འབོར་ས་ཡ་ ༡༡ ཡིན་པར་ངོས་འཛིན་བྱེད། [རྩོམ་པ་པོའི་མཆན།]
{5} བོད་དུམ་བུ་མང་པོ་བཏང་བ།
ད་ལྟ་བོད་དེ་རང་སྐྱོང་ལྗོངས་ ༡ དང་ཁུལ་ ༡༠ རྫོང་ ༢ བཅས་སུ་དུམ་བུར་བཏང་སྟེ། ལྗོངས་གཅིག་དང་ཞིང་ཆེན་བཞིའི་འོག་ཏུ་གཏོར་ཡོད། རང་སྐྱོང་ལྗོངས་གཅིག་ནི་བོད་རང་སྐྱོང་ལྗོངས་དང་། ཞིང་ཆེན་བཞི་ནི་མཚོ་སྔོན་ཞིང་ཆེན་དང་ཡུ་ནན་ཞིང་ཆེན། སི་ཁྲོན་ཞིང་ཆེན། ཀན་སུ་ཞིང་ཆེན་བཅས་ཡིན།
༼བོད་རང་སྐྱོང་ལྗངས།༽ བོད་རང་སྐྱོང་ལྗོངས་འོག་གྲོང་ཁྱེར་ ༥ དང་ས་ཁུལ་ ༣ ཡོད། ལྷ་ས་གྲོང་ཁྱེར་འོག་གྲོང་བརྡལ་ ༡ དང་རྫོང་ ༧ བཅས་ཡོད་པའི་ནང་བོད་རིགས་ ༢༤༢༧༡༦༨ ཡོད་པ་དང་ལྗོངས་ཡོངས་ཀྱི་མི་འབོར་གྱི་བརྒྱ་ཆ་ ༩༢།༧༧ ཟིན།
༡༽ལྷ་ས་གྲོང་ཁྱེར་འོག་རྫོང་ ༧ ཡོད་པ་ནི། འདམ་གཞུང་རྫོང་། སྙེ་མོ་རྫོང་། སྟོད་ལུང་བདེ་ཆེན་རྫོང་། ཆུ་ཤུར་རྫོང་། སྟག་རྩེ་རྫོང་། མལ་གྲོལ་གུང་དཀར་རྫོང་། ལྷུན་འགྲུབ་རྫོང་བཅས་ཡིན།
༢༽ལྷོ་ཁ་གྲོང་ཁྱེར་འོག་རྫོང་ ༡༢ ཡོད་པ་ནི། སྣེ་གདོང་རྫོང་། གོང་དཀར་རྫོང་། གྲ་ནང་རྫོང་། ཟངས་རི་རྫོང་། ཆུ་གསུམ་རྫོང་། རྒྱ་ཚ་རྫོང་། ལྷུན་རྩེ་རྫོང་། མཚོ་སྣ་རྫོང་། འཕྱོངས་རྒྱས་རྫོང་། མཚོ་སྨད་རྫོང་། སྣ་དཀར་རྩེ་རྫོང་། ལྷོ་བྲག་རྫོང་བཅས་ཡིན།
༣༽གཞིས་རྩེ་གྲོང་ཁྱེར་འོག་གྲོང་བརྡལ་ ༡ དང་རྫོང་ ༡༧ ནི། གཞིས་རྩེ་གྲོང་བརྡལ་དང་། འབྲོང་བ་རྫོང་། ས་དགའ་རྫོང་། སྐྱིད་གྲོང་རྫོང་། ངམ་རིང་རྫོང་། ལྷ་རྩེ་རྫོང་། ས་སྐྱ་རྫོང་། གཏིང་སྐྱེས་རྫོང་། གམ་པ་རྫོང་། དིང་རི་རྫོང་། པ་སྣམ་རྫོང་། རྒྱལ་རྩེ་རྫོང་། རིན་སྤུངས་རྫོང་། བཞད་མཐོང་སྨོན་རྫོང་། རྣམ་གླིང་རྫོང་། ཁང་དམར་རྫོང་། གྲོ་མོ་རྫོང་། གཉའ་ལམ་རྫོང་བཅས་ཡིན།
༤༽མངའ་རིས་ས་ཁུལ་གྱི་རྫོང་ ༧ ནི། མངའ་རིས་སྒར་རྫོང་། རུ་ཐོག་རྫོང་། དགེ་རྒྱས་རྫོང་། སྒེར་རྩེ་རྫོང་། མཚོ་ཆེན་རྫོང་། སྤུ་ཧྲེང་རྫོང་། རྩ་མདའ་རྫོང་བཅས་ཡིན།
༥༽ནག་ཆུ་ས་ཁུལ་གྱི་རྫོང་ ༡༠ ནི། ནག་ཆུ་རྫོང་། སྦྲ་ཆེན་རྫོང་། སོག་རྫོང་། འབྲི་རུ་རྫོང་། ཨ་མདོ་རྫོང་། ལྷ་རི་རྫོང་། དཔལ་མགོན་རྫོང་། ཤན་རྩ་རྫོང་། སྙན་རོང་རྫོང་། ཉི་མ་རྫོང་བཅས་ཡིན། མཚོ་གཉིས་རྫོང་།(རྫོང་གསར་པ།)( བོད་རིགས་ ༣༥༧༦༧༣ ཡོད།)
༦༽ཉིང་ཁྲི་གྲོང་ཁྱེར་འོག་གྲོང་བརྒལ་ ༡ དང་རྫོང་ ༦ ནི། ཉིང་ཁྲི་གྲོང་བརྡལ་དང་། སྤྲ་མོག་རྫོང་། རྫ་ཡུལ་རྫོང་། མེ་ཏོག་རྫོང་། སྨིན་གླིང་རྫོང་། ཀོང་པོ་རྒྱ་མདའ་རྫོང་། སྣང་རྫོང་བཅས་ཡིན།
༧༽ཆབ་མདོ་གྲོང་ཁྱེར་འོག་གྲོང་བརྡལ་ ༡ དང་། ༡༠ ཡོད་པ་ནི། ཆབ་མདོ་གྲོང་བརྡལ། འཇོ་མདའ་རྫོང་། གོ་འཇོ་རྫོང་། སྨར་ཁམས་རྫོང་། མཛོ་སྒང་རྫོང་། བྲག་གཡབ་རྫོང་། དཔའ་ཤོད་རྫོང་། རི་བོ་ཆེ་རྫོང་། སྟེང་ཆེན་རྫོང་། ལྷོ་རོང་རྫོང་། དཔལ་འབར་རྫོང་བཅས་ཡིན།
༼མཚོ་སྔོན་ཞིང་ཆེན།༽ མཚོ་སྔོན་ཞིང་ཆེན་འོག་གྲོང་ཁྱེར་ ༢ དང་། ཐད་གཏོགས་རྫོང་ ༣ ། ཁུལ་ ༧ བཅས་ཡོད་པའི་ནང་བོད་རིགས་ ༡༠༨༦༥༩༢ ཡོད་པ་དང་ལྗོངས་ཡོངས་ཀྱི་མི་འབོར་གྱི་བརྒྱ་ཆ་ ༢༢།༥༣ ཟིན།
༡ ༽ ཟི་ལིང་གྲོང་ཁྱེར་དེ་མཁར་དབུས། མཁར་ནུབ། མཁར་བྱང་། མཁར་ཤར་བཅས་ལས་གྲུབ་ཅིང་། གསེར་ཁོག་རྫོང་། སྐུ་འབུམ་རྫོང་། སྟོང་སྐོར་རྫོང་།
༢༽ མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འོག་རྫོང་ ༥ ཡོད། ཆབ་ཆ་རྫོང་། གད་པ་སུམ་མདོ་རྫོང་།(འབའ) ཁྲི་ཀ་རྫོང་། མང་ར་རྫོང་། རྩི་གོར་ཐང་རྫོང་བཅས་ཡིན།
༣༽ མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་འོག་གྲོང་ཁྱེར་ ༡ དང་རྫོང་ ༣ གྲོང་བརྡལ་ ༡ བཅས་ཡོད་པ་ནི། དབུས་ལམ་རྫོང་།(ཝུའུ་ལན) དུར་ལམ་རྫོང་།(ཏུའུ་ལན) ཐེམ་ཆེན་རྫོང་། གོར་མོ་གྲོང་ཁྱེར། གཏེར་ལེན་ཁ་གྲོང་བརྡལ་ནི་དབུས་ལམ་རྫོང་ཁོངས་སུ་གཏོགས། ཁུལ་ཡོངས་ཀྱི་གཙོ་བོ་བོད་རིགས་དང་། གཞན་སོག་པོ་དང་ཧ་སག་ཡིན།
༤༽མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འོག་རྫོང་ ༤ ཡོད་པ་ནི། སེམས་ཉིད་རྫོང་།(རྒྱ་མདོ་) མདའ་བཞི་རྫོང་། མདོ་ལ་རྫོང་། རྐང་ཚ་རྫོང་བཅས་ཡིན།
༥༽རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་འོག་རྫོང་ ༤ ཡོད་པ་ནི། རེབ་གོང་རྫོང་། གཅན་ཚ་རྫོང་། རྩེ་ཁོག་རྫོང་། ཡུལ་རྒན་རྫོང་།(གཡུ་སྒང་ཉིན། རྨ་ལྷོ་སོག་རྫོང་།)
༦༽མགོ་ལོག་བོད་རིགས་རང་སྐྱོང་ཁུལ་འོག་རྫོང་ཁག་ ༧ ནི། རྨ་ཆེན་རྫོང་། གཅིག་སྒྲིལ་རྫོང་། པད་མ་རྫོང་། དགའ་བདེ་རྫོང་། དར་ལག་རྫོང་། རྨ་སྟོད་རྫོང་བཅས་ཡིན།
༧༽ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འོག་གྲོང་བརྡུལ་ ༡ དང་རྫོང་ཁག་ ༥ ཡོད་པ་ནི། སྐྱེ་རྒུ་མདོ་གྲོང་བརྡལ། ཆུ་དམར་ལེབ་རྫོང་། འབྲི་སྟོད་རྫོང་། ནང་ཆེན་རྫོང་། ཁྲི་འདུ་རྫོང་། རྫ་སྟོད་རྫོང་བཅས་ཡིན།
༨༽ མཚོ་ཤར་ས་ཁུལ་འོག་ཏུ་རྫོང་ ༦ ཡོད་པ་དག་ནི། ཙོང་ཁ་རྫོང་།(ཙོང་མཁར) བཀའ་མ་ལོག་རྫོང་། དཔའ་ལུང་རྫོང་།(བ་ཡན།) དགོན་ལུང་རྫོང་། གྲོ་ཚང་རྫོང་། ཡ་རྫི་རྫོང་བཅས་ཡིན།
༼ཀན་སུའུ་ཞིང་ཆེན།༽ ཀན་སུའུ་ཞིང་ཆེན་འོག་བོད་རིགས་རང་སྐྱོང་ཁུལ་ ༡ དང་། ཁུལ་དེའི་འོག་གྲོང་ཁྱེར་ ༡ དང་རྫོང་ ༧ ཡོད་པའི་ནང་བོད་རིགས་ ༣༩༥༤༠༣ ཡོད་པ་དང་ལྗོངས་ཡོངས་ཀྱི་མི་འབོར་གྱི་བརྒྱ་ཆ་ ༤༥།༩ ཟིན།
༡ ༽ ཀན་ལྷོ་ཁུལ། གཙོད་གྲོང་ཁྱེར། ཅོ་ནེ་རྫོང་། བསང་ཆུ་རྫོང་། ཀླུ་ཆུ་རྫོང་། རྨ་ཆུ་རྫོང་། ཐེ་བོ་རྫོང་། འབྲུག་ཆུ་རྫོང་། བ་ཙེ་རྫོང་བཅས་ཡིན།
༢༽ དཔའ་རིས་བོད་རིགས་རང་སྐྱོང་རྫོང་།(བོད་རིགས་ ༦༦༡༢༥ ཡོད།)
༼སི་ཁྲོན་ཞིང་ཆེན།༽ སི་ཁྲོན་ཞིང་ཆེན་འོག་བོད་རིགས་རང་སྐྱོང་ཁུལ་ ༢ དང་། རྫོང་ ༡ ཡོད་པའི་ནང་བོད་རིགས་ ༡༡༩༨༧༡༨ ཡོད་པ་དང་ལྗོངས་ཡོངས་ཀྱི་མི་འབོར་གྱི་བརྒྱ་ཆ་ ༦༤།༡༣༡༡ ཟིན།)
༡༽རྔ་པ་བོད་རིགས་རང་སྐྱོང་ཁུལ་འོག་རྫོང་ ༡༤ ཡོད་པ་ནི། འབར་ཁམས་རྫོང་། རྣམ་འཕེལ་རྫོང་།(གཟི་རྩ་སྡེ་དགུ) ཁྱུང་མཆུ་རྫོང་། མཛོད་དགེ་རྫོང་། རྔ་པ་རྫོང་། རྐ་ཁོག་རྫོང་།(དམར་ཐང) ཟུང་ཆུ་རྫོང་། འཛམ་ཐང་རྫོང་། ཆུ་ཆེན་རྫོང་། ཁྲོ་ཆུ་རྫོང་། བཀྲ་ཤིས་གླིང་རྫོང་།(དྲ་དགུ་མདོ) མའོ་ཝུན་རྫོང་། ལུང་དགུ་རྫོང་། བཙན་ལྷ་རྫོང་བཅས་ཡིན།
༢༽དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འོག་རྫོང་ཁག་ ༡༨ ཡོད་པ་ནི། དར་རྩེ་མདོ་རྫོང་། སེར་ཤུལ་རྫོང་། སྡེ་དགེ་རྫོང་། དཔལ་ཡུལ་རྫོང་། ཉག་རོང་རྫོང་། དཀར་མཛེས་རྫོང་། བྲག་མགོ་རྫོང་། གསེར་རྟ་རྫོང་།(གསེར་ཐར) རྟའུ་རྫོང་། རོང་བྲག་རྫོང་། ཉག་ཆུ་རྫོང་། ལི་ཐང་རྫོང་། འབའ་ཐང་རྫོང་། འདབ་པ་རྫོང་། སྡེ་རོང་རྫོང་། ཕྱག་ཕྲེང་རྫོང་།(ཆ་ཕྲེང་) བརྒྱད་ཟུར་རྫོང་།(ཟིལ) ལྕགས་ཟམ་ཁ་རྫོང་བཅས་ཡིན་ཞིང་། ལྕགས་ཟམ་རྫོང་ན་སྡེ་ཤོག་གཅིག་ཙམ་མ་གཏོགས་རིགས་འགྱུར་ཟིན།
༣༽རྨི་ལི་བོད་རིགས་རང་སྐྱོང་རྫོང་། ལོ་སོ་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་ཡོད་པའི་རྨུ་གླིང་བོད་རིགས་རང་སྐྱོང་རྫོང་།
༼ཡུན་ནན་ཞིང་ཆེན།༽ བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འོག་རྫོང་ ༤ ཡོད་པ་དང་། རྫོང་གཞན་པའི་འོག་བོད་རིགས་ཁ་ཐོར་མང་པོ་ཡོད་པའི་ནང་བོད་རིགས་ ༡༡༧༠༩༩ ཡོད་པ་དང་ལྗོངས་ཡོངས་ཀྱི་མི་འབོར་གྱི་བརྒྱ་ཆ་ ༣༣།༡༢༣༩ ཟིན།
༡༽ རྒྱལ་ཐང་རྫོང་།(སེམས་ཀྱི་ཉི་ཟླ།) བདེ་ཆེན་རྫོང་། འབའ་ལུང་རྫོང་བཅས་ཡིན། འཇོལ་གྲོང་ཁྱེར།(འཇོལ་མདའ)
༢༽ རྒྱ་ནག་གི་མི་འབོར་ཞིབ་བཤེར་ཐེངས་གསུམ་པའི་སྐབས་ཀྱི་སྙན་ཐོ་ལྟར་ན། ས་དམ་རྫོང་ཁོངས་སུ་བོད་རིགས་(༡༤༠༠)ལྷག་ཙམ་ཡོད་པ་དང་། འཇང་ཁྲ་འབུམ་དགོན་ཁོངས་སུ་བོད་རིགས་(༡༢༩༦)། ལམ་རྫོང་ཁོངས་སུ་བོད་རིགས་(༧༠༠༠)ལྷག་ཙམ་དང་། ཨེར་ཡོན་རྫོང་ཁོངས་སུ་བོད་རིགས་(༢༠༠)ལྷག འཇང་ད་ལིས་ཁོངས་སུ་བོད་རིགས་(༡༧༠)ལྷག ཧེ་ཆིང་རྫོང་ཁོངས་སུ་བོད་རིགས་(༣༠)ཙམ་དང་། ཡོངས་པའི་རྫོང་ཁོངས་སུ་བོད་རིགས་(༢༠)ཙམ་དང་། གཡུང་ཧྲིན་རྫོང་ཁོངས་སུ་བོད་རིགས་(༣༠)ཙམ་བཅས་འཚོ་སྡོད་བྱས་ཡོད་འདུག
གོང་གི་རང་སྐྱོང་ལྗོངས་དང་ཁུལ་རྫོང་དེ་དག་ནང་བོད་རིགས་མ་ཡིན་པའི་རྒྱ་རིགས་དང་མི་རིགས་གཞན་མང་པོ་ཡོད་ལ། མི་རིགས་གཞན་དང་རང་སྐྱོང་མཉམ་སྤྱོད་ཀྱི་ས་ཁུལ་དང་། བོད་རིགས་རང་སྐྱོང་ལྗོངས་དང་ཁུལ་རྫོང་གང་གི་འོག་ཏུའང་ཚུད་མེད་པ་སོགས་གནས་སྟངས་ཇི་སྙེད་ཅིག་ཡོད། [རྒྱ་ནག་གཞུང་འབྲེལ་གྱི་དྲ་ཚིགས་ཁག་ཅིག་ལས་བསྡུ་སྒྲིག་བྱས་ཤིང་། མི་འབོར་དེ་ ༢༠༠༠ ལོའི་རྒྱ་ནག་གི་མི་འབོར་ཞིབ་བཤེར་ཐེངས་བཞི་པའི་སྙན་ཐོ་གཞི་རྩར་བཟུང་བ་ཡིན།]
{6} ལྕགས་སྟག་སིལ་མའི་ཆངས་ཡིག་གི་དོན་འགྲེལ།
“ང་ཚོས་ལོ་རྒྱུས་ནང་ཕྱིར་བལྟས་བྱས་ན། ཕྱི་ལོ་ ༡༩༡༣།༡༤ ལོར་ལྕགས་སྟག་སིམ་ལའི་ཆིངས་ཡིག་གཞག་རྒྱུའི་སྙིང་དོན་དེའང་ཕལ་ཆེར་ད་ལྟ་ང་ཚོས་བཤད་རྒྱུའི་རང་སྲིད་རང་སྐྱོང་གི་གནས་བབ་དང་གཅིག་པ་ལྟ་བུ་ཞིག་ཡོད།” ཞེས་དང་། “ དེ་ལ་ང་ཚོས་ཀྱང་གང་ལ་གང་འཚམས་ཤིག་ཁས་ལེན་བྱས་ཡོད། ཡིན་ནའང་སིལ་ལའི་ཆིངས་ཡིག་བཞག་སྟེ་ཕྱི་ལོ་ ༡༩༥༡ བར་བོད་ནང་སིལ་ལའི་ཆིངས་ཡིག་གི་འབྲུ་དོན་དང་མཐུན་པའི་ལག་ལེན་གང་ཡང་བསྟར་མེད།” [<<སློབ་དཔོན་ཟམ་གདོང་རིན་པོ་ཆེའི་གསུང་བཤད་དང་ལམ་སྟོན་སོགས་གལ་ཆེ་ཁག་ཕྱོགས་བསྡུས།>>གླེགས་བམ་ ༢ པའི་ཤོག་ངོས་ ༣༢༨ དང་། ༣༢༩ བཅས་སུ་གསལ།]
གོང་དུ་གསལ་བཤད་ཀྱི་སྔོན་དུ་་་མུ་འགོད་བྱ་རྒྱུ་ཡིན་ཞེས་གསུངས་འདུག་པ་་་ད་བར་གནོན་མ་རྒྱབ་ཡོད་མེད་དང་རྒྱབ་(བྲིས)་ཡོད་ན་གང་དུ་ཡོད་གསུངས་རོགས་གནང་།
བྱུང་ན་ལྷག་མ་རྣམས་གོང་དུ་ཆ་ཚང་བྲིས་ན་ཐུབ་ན་ཧ་ཅང་དགེ་མཚན་ཡོང་ས་རེད་
བཀྲིན་ཆེ།
དུས་བབ་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་ལགས་ནས་རྩོམ་ཡིག་ཡག་པོ་དང་གསལ་པོ་ཞིག་བྲིས་འདུག་པས་དགའ་བསུ་ཞུ་གི་ཡོད། ཁྱེད་རང་སྐབས་འདིའི་མདོ་སྨད་སྤྱི་འཐུས་ལ་བླུགས་དགོས་ངེས་རེད། ཚང་མས་ཐུགས་ལ་འཇགས་པར་འཚལ།
བོད་གཞུང་གི་དབུ་མའི་ལམ་གྱི་ཡིག་ཆ་ཁག་ལས་ཀྱང་ཁ་གསལ་ལ་གོ་བདེ་བའི་དབུ་མའི་ལམ་གྱི་འགྲེལ་བཤད་རིན་ཐང་ཅན་ཞིག་འདི་ན་འདུག
དབུ་མའི་ལམ་ལ་དཔྱད་ཞིབ་གཏིང་ཟབ་བྱས་འདུག སྤྱི་བཏང་ང་རང་དབུ་མའི་ལམ་ལ་ཡིད་ཆེས་ཆེན་པོ་མེད། ཡིན་ནའང་རྩོམ་ཡིག་འདི་བཀླགས་ཏེ་དབུ་མའི་ལམ་ལ་གོ་རྟོགས་ཆེ་རུ་ཕྱིན་སོང་ལ་རྩ་བའི་ཆ་ནས་དབུ་མའི་ལམ་གྱི་དགོངས་པ་དེ་གཏིང་ཟབ་མོ་ཞིག་ཡིན་པའང་རྟོགས་སོང་། ཡིན་ནའང་ང་རང་སྔོན་མ་ནས་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་དང་དེའི་ཆེད་དུ་ལས་འགུལ་དང་ལས་དོན་ཡང་གང་ཐུབ་ཀྱིས་བྱེད་མཁན་ཞིག་ཡིན་པའི་ཆ་ནས་ང་རང་གིས་དམ་ཀ་འདི་གཉིས་ལ་བསྐྱར་དུ་བསམ་བློ་གཏིང་ཟབ་ཅིག་གཏོང་གི་ཡིན། དུས་ཁོམས་བྱུང་ན་འདིའི་ཐད་རང་གི་ལྟ་ཚུལ་ཞིག་ཀྱང་ཞུ་འདོད་ཡོད།
བོད་ཀྱི་དུས་བབ་ཀྱི་རྩོམ་སྒྲིག་པ་མཆོག་ལ་བཀྲ་ཤིས་བདེ་ལེགས་དང་རྩོམ་ཡིག་འདྲ་ཞིག་བྲིས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ང་རང་ནམ་རྒྱུན་དབུ་མའི་ལམ་ལ་དོ་སྣང་ཡོད་མཁན་ཞིག་ཡིན་ཡང་ད་བར་འདི་ལྟ་བུའི་དབུ་མའི་ལམ་ལ་གཏིང་ཟབ་མོའི་དཔྱད་ཞིབ་གནང་ཡོད་པ་ཞིག་མཐོང་མ་སོང་། ད་རེས་སྐུ་ཉིད་ཀྱི་དཔྱད་རྩོམ་འདི་བརྒྱུད་དེ་དབུ་མའི་ལམ་ལ་ངེས་བ་དང་རྟོགས་སད་སྔར་ལས་ཆེ་རུ་ཕྱིན་སོང་། དེ་ལས་ཀྱང་རིན་ཐང་གི་ཆ་གཞན་ཞིག་ཡོད་པ་ནི་དཔྱད་ཞིག་རྒྱུ་ཆ་དེ་དག་རེད། འདོན་ཐེངས་རྗེས་མར་རེ་སྒུག་བྱས་བསྡད་ཡོད།
ཡག་པོ་མི་འདུག་་་ལོ།་་ཧ་ཧ།་རྩེད་མོ་ཡིན།
དྲ་གྲོགས་ Jamp ལགས་ཀྱིས་སྨད་པའི་ཟོལ་གྱིས་བསྟོད་པ་གནང་འདུག་པར་ཡང་ཐུགས་རྗེ་ཆེ།
དོན་གྲུབ་བཀྲ་ཤིས་ལགས་ཀྱིས་ཧ་ལས་པའི་ཡག་པོ་བྲིས་འདུག་པས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ།
དྲ་གྲོགས་ Gundun ལགས་ཀྱིས་ཕྲན་གྱི་རྩོམ་ཡིག་འདིར་གདེང་འཇོག་ཚད་མཐོན་པོ་གནང་བར་ཐུགས་རྗེ་ཆེ།
བསམ་ཞིབ་བཏང་འདུག འདི་ལས་ད་དུང་རྒྱས་ཙམ་དང་ཁ་གསལ་གནང་ཐུབ་ན་ཕན་ངེས་སོ།།
དྲ་གྲོགས་གཉན་ཆེན་ཐང་ལྷ་ལགས། རྩོམ་ཡིག་འདི་ཐོག་མ་སྐད་འཕྲིན་ཚོགས་པ་ཞིག་ལ་སྐད་ཆ་བཤད་པའི་ཆེད་དུ་གྲ་སྒྲིག་བྱས་པ་ཡིན་སྟབས། གང་ཐུབ་ཐུབ་ཀྱིས་ཁ་གསལ་མདོ་བསྡུས་ཡོང་ཐབས་བྱས་པ་ཡིན། རྩ་བའི་དབུ་མའི་ལམ་ཟེར་བ་དེ་ག་རེ་ཡིན་པའི་ངོ་བོ་ཙམ་ངོ་སྤྲོད་བྱེད་པར་དེ་ཙམ་རྒྱས་པ་རང་མི་དགོས་པར་མཐོང་། ད་དུང་དབུ་མའི་ལམ་ཇི་ལྟར་བྱུང་བ་དང་། ཅི་ཕྱིར་བྱུང་བ། མཇུག་ཏུ་དྲི་བ་ཁག་ཅིག་ལ་ལན་འདེབས་བྱས་པ་བཅས་དོན་ཚན་ ༤ ཙམ་ཡོད་ལགས།
དཔྱད་པ་གཏིང་ཟབ་བྱས་འདུག དཔྱད་གཞི་མང་པོ་བཏོན་འདུག ཐུགས་རྗེ་ཆེ།
དྲ་གྲོགས་གངས་བུ་ལགས་ཀྱིས་ངའི་དབུ་མའི་ལམ་ངོ་སྤྲོད་འདིར་གདེང་འཇོག་གནང་བར་ཐུགས་རྗེ་ཆེ། དབུ་མའི་ལམ་དེ་ཆབ་སྲིད་ལྟ་གྲུབ་ཅིག་ཡིན་སྟབས། རང་གི་བསམ་ཚུལ་ལས་དཔྱད་གཞིའི་ཡིག་ཆ་མང་བོར་ཁུངས་གཏུག་དགོས་པ་ཞིག་རང་བཞིན་གྱིས་རེད་འདུག
༅༅།དོན་གྲུབ་བཀྲིས་ལགས་བཀྲིས་བདེ་ལེགས།
དབུ་མའི་ལམ་གྱི་སྐོར་ལ་དཔྱད་ཞིབ་གནང་བའི་ཕྱོགས་བསྒྲིགས་ཡག་པོ་ཞིག་གནང་འདུག་པ་
ཐུགས་རྗེ་ཆེ། ཡག་པོ་བྲིས་གནང་འདུག།
ངས་དེ་རིང་མ་གཏོགས་ཁྱེད་ཀྱིས་བྲིས་པའི་དབུ་མའི་ལམ་གྱི་སྐོར་མཐོང་མ་བྱུང།
རྩ་བའི་ང་ཡང་དབུ་མའི་ལམ་འདི་ནི་ཧང་སངས་བའི་ལངས་ཕྱོགས་ཤིག་རེད་བསམ་བཞིན་ཡོད།
བཀའ་ཟུར་ཟམ་གདོང་རིན་པོ་ཆེས་བཀའ་སློབ་གནང་བའི་གསུང་རྩོམ་ཁག་བཀླགས་མྱོང་
དཔེ་མི་སྲིད་པའི་ཡག་པོ་འདུག་
ཁྱེད་བྲིས་འདི་ཚར་གཉིས་གསུམ་ཀློག་ཚར་བའི་རྗེས་སུ་དོགས་འདྲི་ཁག་ལ་གནས་འབྲེལ་ཞུས་ཆོག།