མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ལ་ཆོལ་ཁའི་ཕྱོགས་ཞེན་བྱས་སོང་ཟེར་བའི་སྐད་ཆ་དེ་འདོགས་ས་རག་གི་མ་རེད།

བོད་ཀྱི་དུས་བབ།
༢༠༡༦/༠༣/༡༤
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྤྱིའི་འོས་བསྡུ་བསླེབ་ལ་ཉེ་བ་དང་བསྟུན་ཏེ། འདི་གའི་གསར་ཁང་གིས་སྲིད་སྐྱོང་འོས་མི་གཉིས་ཀྱི་རྒྱབ་སྐྱོར་ཚོགས་པ་སོ་སོར་འབྲེལ་བ་ཞུས་ཏེ། རིམ་པ་དང་པོར་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་མཆོག་གི་རྒྱབ་སྐྱོར་བ་ཨ་རིར་གནས་སྡོད་བསོད་ནམས་རྒྱས་འཕེལ་ལགས་དང་། སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆོག་གི་རྒྱབ་སྐྱོར་བ་ཐར་ལམ་སྒྲོལ་མ་ལགས་གཉིས་ལ་བཅར་འདྲི་ཞུས་ཟིན་ལ། རིམ་པ་གཉིས་པར་སྲིད་སྐྱོང་འོས་མི་གཉིས་དང་ཆོལ་ཁ་ལོགས་ཀ་ཡིན་པའི་རྒྱབ་སྐྱོར་བ་ངོ་སྤྲོད་གནང་བ་ལྟར། དྲང་བདེན་ཕྱོགས་ལྷུང་མེད་པའི་ཐོག་ནས་སྲིད་སྐྱོང་འོས་མི་གཉིས་ཀྱི་སྐྱོན་ཡོན་ལ་དཔྱད་བསྡུར་གནང་ཡོད།

tibettimesབོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་རྒྱབ་སྐྱོར་ཞུ་མཁན་དྷ་ས་རྒྱུད་སྟོད་དཔེ་མཛོད་ཁང་གི་འགན་འཛིན། ཕ་ཡུལ་ཁམས་སོག་རྫོང་དཀར་ཤོད་ནས་ཡིན་པའི་དགེ་འདུན་པ་བློ་བཟང་ཀླུ་སྒྲུབ་ལགས་སུ། ཚོགས་གཙོ་མཆོག་ལ་ག་རེ་བྱས་ནས་རྒྱབ་སྐྱོར་ཞུ་ཡི་ཡོད་སྐོར་དྲིས་པར་ཁོང་གིས། ཐོག་མ་ནས་ཞུ་དགོས་པ་ཞིག་ལ་ཕྱི་ལོ་ ༢༠༡༦ ལོའི་སྲིད་སྐྱོང་འདེམ་སྐབས། གང་ཟག་བྱེ་བྲག་པ་ཞིག་འཁུར་ཡོང་ནས་དེ་སྲིད་སྐྱོང་ལ་འོས་ཀྱི་འདུག་མི་འདུག་ང་རང་གི་ངོས་ནས་ཞིབ་འཇུག་བྱས་མེད། སྒྲིག་འཛུགས་རང་གི་ཐོག་ནས་ད་ལྟའི་བོད་ཀྱི་གནས་བབ་དེ་ག་འདྲ་ཞིག་དགོས་པ་དང་། དེ་ལ་འོས་འཚམ་གྱི་སྲིད་སྐྱོང་ཞིག་གང་དུ་འདུག་ཅེས་མང་ཚོགས་ནང་ཕར་འཚོལ་དུ་འགྲོ་སྐབས། སྲིད་སྐྱོང་ལ་སྤེན་པ་ཚེ་རིང་མཆོག་ཡག་ཤོས་སུ་མཐོང་བ་རེད། ངས་ཚོགས་གཙོ་མཆོག་ལ་རྒྱབ་སྐྱོར་ཞུ་དགོས་པའི་རྒྱུ་མཚན་ལ་སྡོམ་བརྒྱབ་པ་ཡིན་ན། དོན་ཚན་གསུམ་གྱི་ཐོག་ནས་ཞུས་ན་འགྲིག་འདུག དོན་ཚན་གསུམ་སྟེ་རེ་བ་དང་གྲ་སྒྲིག གདོང་ལེན་བཅས་ཡིན་ལ། དང་པོ་རེ་བ་དེ་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་ཐོག་ནས་ད་ལྟའི་ཆར་ང་ཚོའི་ལུང་པ་ཆ་ཚང་རྒྱ་མིའི་ལག་ཏུ་ཤོར་བསྡད་ཡོད་སྟབས། ཆབ་སྲིད་ཀྱི་ཐོག་ནས་བོད་དོན་བདེན་མཐའ་སེལ་བར་ཐབས་ཤེས་བྱེད་དགོས་ཀྱི་ཡོད་པ་དང་། དེའི་ཐབས་ལམ་དེར་སྡོམ་བརྒྱབ་པ་ཡིན་ན། བོད་མི་མང་ཆེ་བའི་མངོན་འདོད་དང་༧གོང་ས་མཆོག་གི་ལམ་སྟོན། སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་ཀྱི་དགོངས་དོན་དེ་བླ་ན་མེད་པའི་ཐབས་ལམ་དབུ་མའི་སྲིད་བྱུས་ཀྱི་ཐོག་ནས་བོད་དོན་བདེན་མཐའ་སེལ་དགོས་པ་དེ་གནད་འགག་ཆེ་ཤོས་ཆགས་བསྡད་ཡོད་པ་རེད། ལམ་དབུ་མའི་སྲིད་བྱུས་ཀྱི་རྒྱབ་ལྗོངས་ག་རེ་ཡིན་པ་དང་། ལྟ་གྲུབ་ཀྱི་གཞི་རྩ་ག་རེ་ཡིན་པ། མ་འོངས་པར་དེའི་ཐོག་ནས་གྲུབ་འབྲས་ག་རེ་འཐོན་གྱི་ཡོད་པ་དང་། དེས་བོད་མིའི་མངོན་འདོད་ཆ་ཚང་བསྐོང་ཐུབ་ཀྱི་ཡོད་པའི་ཐད་ཚོགས་གཙོ་མཆོག་གོ་རྟོགས་དང་གདེང་ཚོད་ཆ་ཚང་ཡོད་མཁན་གྱི་གང་ཟག་ཅིག་དང་། ཐོག་མཐའ་བར་གསུམ་དུ་ལམ་དེའི་ཐོག་ལ་ཤར་སྐྱོད་བྱེད་མཁན་ཞིག་ཡིན་སྟབས། ཏན་ཏན་རྒྱ་ནག་གི་ངོས་ནས་ང་ཚོར་འབྲེལ་བ་ཞིག་བྱས་པ་ཡིན་ན། དེ་འདྲའི་ལམ་དེར་གདེང་ཚོད་དང་ཡིད་ཆེས་ཡོད་པའི་མི་ཞིག་ལ་འབྲེལ་བ་བྱེད་ངེས་རེད་མ་གཏོགས་གཞན་པ་ཞིག་ལ་བོད་རྒྱ་ཞི་མོལ་གྱི་གནས་སྟངས་དེ་ཁག་པོ་ཆགས་བསྡད་ཡོད་པ་རེད། དེར་བརྟེན་ཆབ་སྲིད་ཀྱི་གནས་སྟངས་ཀྱི་ཐོག་ནས་ང་ཚོས་རེ་བ་བཟང་ས་ནས་རྒྱོབས་ཟེར་བ་ལྟར་བོད་དོན་བདེན་མཐའ་མྱུར་ཏུ་སེལ་ཆེད་ཁོང་ལ་རྒྱབ་སྐྱོར་ཞུ་ཡི་ཡོད།

གཉིས་པ་གྲ་སྒྲིག་རེད། གྲ་སྒྲིག་དེ་ང་ཚོའི་ཆབ་སྲིད་ཀྱི་གནས་བབ་མི་རབས་གཅིག་དང་རྒྱལ་ཁབ་གཅིག་གི་གནས་སྟངས་ཀྱི་ཐོག་ནས་ལམ་སང་ཐག་གཅོད་ཅིག་མ་བྱུང་བ་ཡིན་ན། ང་ཚོའི་འཐབ་རྩོད་དེ་མུ་མཐུད་རྒྱུན་གནས་ཡོང་བར་གལ་ཆེ་ཤོས་དེ་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་དགོས་པ་དང་། ལྷག་པར་དུ་བཙན་བྱོལ་གྱི་སྒྲིག་འཛུགས་འདི་ཚགས་ཚུད་པོ་གནས་དགོས་པ་རེད། བཙན་བྱོལ་གྱི་སྒྲིག་འཛུགས་འདི་ཚགས་ཚུད་པོ་ག་འདྲ་གནས་དགོས་མིན་ཐད་ཚོགས་གཙོ་མཆོག་ལ་ཆ་བཞག་ན། གཞིས་ཆགས་རིམ་པའི་ལས་རིགས་འདྲ་མི་འདྲའི་ཐོག་ནས་ད་ལྟའི་སྤྱི་འཐུས་ཚོགས་གཙོའི་བར་དུ་ཐེམ་པ་རིམ་འཛེགས་ཀྱིས། སོ་སོའི་སྤྱི་ཚོགས་ཀྱི་བདེ་སྡུག་གི་ཚོར་བ་མྱངས་ནས་བསླེབས་པའི་མི་ཞིག་ཆགས་ཡོད། ལྷག་པར་དུ་ད་ལྟའི་ཆར་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་པར་ལམ་སྟོན་ཡོད་ན་མེད་ན་དེ་ཤེས་ཡོན་སྲིད་བྱུས་ཆགས་བསྡད་ཡོད་ལ། ཤེས་ཡོན་སྲིད་བྱུས་དེ་བོད་མི་རིགས་ཀྱི་བཟང་སྤྱོད་གོང་འཕེལ་དུ་གཏོང་བའི་གཞི་རྩ་ཞིག་ཆགས་བསྡད་ཡོད་པ་མ་ཟད། ནང་པའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གི་གཞི་རྩ་ཞིག་ཆགས་བསྡད་ཡོད་པ་རེད། ཤེས་ཡོན་སྲིད་བྱུས་དེ་སྐབས་སྔོན་མའི་བཀའ་ཤག་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་སྐབས་ནས་གཏན་འབེབས་གནང་བ་ཞིག་རེད་ལ། ཚོགས་གཙོ་མཆོག་གིས་ཤེས་ཡོན་སྲིད་བྱུས་ཀྱི་ངོ་བོ་དང་གོ་རིམ། རྒྱབ་ལྗོངས་རྒྱུ་མཚན་བཅས་ཆ་ཚང་ཞིག་ཉམས་སུ་མྱོང་ཡོད་པ་རེད། དེ་འདྲ་ཡིན་དུས་མ་འོངས་པར་མུ་མཐུད་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་དགོས་ན། སྐད་ཡིག་དང་རིག་གཞུང་གིས་སྲུང་སྐྱོབ་བྱེད་དགོས་པ་རེད་མ་གཏོགས་ཕྱི་རྒྱལ་གྱི་སྐད་ཡིག་དང་རིག་གཞུང་ཞིག་ཚུར་འཁུར་ཡོང་ནས་ང་ཚོའི་རིག་གཞུང་སྲུང་སྐྱོབ་བྱེད་ཐུབ་པ་མ་རེད། སོ་སོའི་རིག་གཞུང་སྲུང་སྐྱོབ་བྱེད་ཐུབ་པར་དང་པོ་མགོ་ལ་སྡོད་མཁན་མི་ཁོ་རང་ལ་དེའི་གོ་རྟོགས་ཆ་ཚང་ཞིག་ཡོད་དགོས་པ་རེད་མ་གཏོགས། མགོ་ལ་སྡོད་མཁན་སྲིད་སྐྱོང་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྐད་ཡིག་གི་ཞག་རྩི་འདྲ་པོ་དེ་མེད་པ་ཡིན་ན། ག་ཚོད་མ་དགོས་ག་ཚོད་བྱེད་ཀྱི་ཡོད་ལབ་པ་ཡིན་ནའང་ནུས་པ་འཐོན་རྒྱུ་ཁག་པོ་རེད། རྒྱུ་མཚན་དེར་བརྟེན་ནས་གཞིས་ཆགས་སྲ་བརྟན་དང་སྒྲིག་འཛུགས་སྲ་བརྟན། ལྷག་པར་དུ་སྒྲིག་འཛུགས་ཚགས་ཚུད་པོ་གནས་དགོས་ན། སྒྲིག་འཛུགས་ཀྱི་ཚེ་སྲོག་འདྲ་པོ་དེ་གཞུང་གི་སྒྲིག་གཞི་དང་སྲིད་བྱུས་རེད། དེའི་ཐོག་བཀའ་ཤག་སྐབས་སྔོན་མས་ཤེས་ཡོན་སྲིད་བྱུས་ནས་བཟུང་སྟེ་གཏན་འབེབས་གནང་ནས་རྨང་གཞི་ཞེ་དྲགས་གཏིང་བཞག་ཡོད་པ་དང་། ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་འདྲ་པོ་ཡིན་ན་དེའི་བརྒྱུད་རིམ་ཡོངས་རྫོགས་ཉམས་སུ་མྱོང་མཁན་ཞིག་ཡིན་པ་མ་ཟད། གྲོས་ཚོགས་ཀྱི་ཚོགས་གཙོ་བྱེད་བཞིན་པའི་སྐབས་སུ་དུས་དང་ནམ་པ་ཀུན་དུ་ལས་དོན་ག་རེ་བྱས་པ་ཡིན་ནའང་། གང་ཟག་གི་དབང་བསྒྱུར་འོག་ལ་མ་སོང་བར་ཁྲིམས་ཀྱི་དབང་བསྒྱུར་ཚད་ལྡན་ཞིག་གི་ཐོག་འགྲོ་ཐུབ་པར་འབད་བརྩོན་གནང་གི་ཡོད་པ་རེད་ལ། སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་ནས་དམིགས་དཔེ་བཟང་པོ་བསྟན་གནང་ཡོད་པ་དེ་རྒྱུན་འཛིན་བྱེད་མཁན་གཙོ་བོ་དེ་ཁོང་ཆགས་ཀྱི་ཡོད་པ་རེད་ལ། བོད་མིའི་སྒྲིག་འཛུགས་ཀྱི་སྒྲིག་གཞི་དང་སྲིད་བྱུས་ཆ་ཚང་ལ་གོ་རྟོགས་གསལ་པོ་ཡོད་དགོས་པ་ཏན་ཏན་གནད་འགག་ཅིག་ཆགས་ཡོད་པ་རེད་བསམ་གྱི་འདུག

གསུམ་པ་གདོང་ལེན་རེད། དེ་རིང་ཁ་སང་བོད་པའི་སྤྱི་ཚོགས་ནང་བོད་པ་སྤྱི་ཡོངས་ཀྱི་བསོད་ནམས་ཉམས་པའི་སྔ་བལྟས་སྡུག་ཅག་གཅིག་ག་རེ་ཆགས་བསྡད་ཡོད་པ་རེད་ཟེར་ན། རྒྱ་མིའི་དངུལ་གྱིས་བསླུས་པའི་དོལ་རྒྱལ་རྗེས་འབྲང་བ་ཟེར་བ་ཞིག་གིས། ༧སྐྱབས་མགོན་རིན་པོ་ཆེ་གང་དུ་ཕེབས་པ་ཡིན་ནའང་ངོ་རྒོལ་སྐད་འབོད་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་ཁ་ནས་རང་བཙན་དར་ཆ་ཞིག་འཕྱར་ཏེ་༧རྒྱལ་བ་རིན་པོ་ཆེ་རྒྱལ་འཚོང་བ་རེད་ཅེས་མཚན་སྨད་ཞུས་ཏེ་སྤྱི་ཚོགས་ནང་ཧ་ཅང་ཡིད་སྐྱོ་བའི་གནས་ཚུལ་བསླངས་བ་དང་། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་དོལ་རྒྱལ་བསྟེན་གསོལ་བྱས་པ་ཡིན་ན་འཕྲལ་ཕུགས་རྒྱང་གསུམ་ལ་གནོད་སྐྱོན་ཡོང་གི་ཡོད་པའི་བླང་དོར་ལམ་སྟོན་གནང་བ་དེ་ཚོ་སྐྱུག་བྲོ་བའི་ལས་ཀ་རེད་ཟེར་བ་ལྟ་བུ་ཚུན་ཆད་བཤད་ཡོང་སྐབས། འཛེམ་ཟོན་མེད་པའི་ཐོག་ནས་སོ་སོ་སྒེར་གྱི་ཁེ་ཕན་བློས་བཏང་སྟེ་མཐའ་གཅིག་ཏུ་གདོང་ལེན་བྱེད་ཐུབ་མཁན་དེ། ད་ལྟའི་ཆར་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཆགས་བསྡད་ཡོད་པ་རེད། ད་བར་ཁོང་ལ་མིང་ཆལ་འདྲ་མིན་བཟོ་མཁན་དང་། སྐྱོན་བརྗོད་ཡོང་ཁུངས་གཅིག་༧གོང་ས་མཆོག་གི་བཀའ་དགོངས་ཐོག་ཤར་སྐྱོད་དང་། ༧གོང་ས་མཆོག་གི་བཀའ་བརྩི་ཡི་མེད་མཁན་ཚོར་འཛེམ་ཟོན་མེད་པའི་ཐོག་ནས་གདོང་ལེན་བྱས་པ་དེ་ཆགས་བསྡད་ཡོད་པ་གསལ་བོ་ཞེ་དྲགས་རེད། ངས་འདི་འདྲའི་རྒྱུ་མཚན་གསུམ་གྱི་ཐོག་ནས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད། ཅེས་བརྗོད་བྱུང་།

སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་ལ་རྒྱབ་སྐྱོར་ཞུ་མི་ཐུབ་པའི་རྒྱུ་རྐྱེན་ག་རེ་ཡིན་དྲིས་པར་ཁོང་གིས། རྩ་བའི་དཔལ་ལྡན་སྲིད་སྐྱོང་མཆོག་བོད་མི་མང་གིས་བདམས་པའི་སྲིད་སྐྱོང་རེད། སྤྱི་ཡོངས་ཀྱི་སྒྲིག་འཛུགས་ཀྱི་ཆ་ནས་གུས་ཞབས་དང་ཆེ་མཐོང་ཞུ་ཡི་ཡོད་ལ། ཞུ་དགོས་པའང་རེད། ཡིན་ནའང་། གནད་འགག་ཅིག་ག་རེ་ཆགས་བསྡད་ཡོད་པ་རེད་ཟེར་ན། གོང་དུ་ཚོགས་གཙོའི་ཁྱད་ཆོས་རྣམས་ཞུས་ཚར་དུས་ཕྱོགས་གཅིག་ནས་དེ་ག་རང་གི་ཐོག་ནས་ཧ་གོ་དགོས་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད། ད་དུང་གལ་ཆེན་པོ་བྱས་ཏེ་ཞུ་དགོས་པ་ཞིག་ལ། བོད་རྒྱ་ཞི་མོལ་གྱི་གནས་སྟངས་དེ་སྲིད་སྐྱོང་ཁོང་རང་གི་ཐོག་ནས་མཐའ་གཅིག་ཏུ་མ་བྱུང་བ་ཞིག་མ་རེད་དེ། ཡིན་ནའང་བོད་རྒྱ་ཞི་མོལ་གྱི་ཁོར་ཡུག་བསྐྲུན་སྟངས་ཀྱི་ཆ་ནས་ནམ་རྒྱུན་བཀའ་སློབ་གནང་སྟངས་དང་། ལྷག་པར་དུ་ཁོང་རང་ལམ་དབུ་མའི་སྲིད་བྱུས་ཐོག་གོ་རྟོགས་དང་ངེས་ཤེས་ག་ཚོད་ཡོད་མེད་ངས་ཚོད་ཐིག་གི་མི་འདུག དེ་ལས་ཀྱང་གལ་ཆེ་བ་ཞིག་ལ་བོད་མི་རིགས་ཀྱི་ངོ་བོ་མཚོན་ཐུབ་པའི་ཤེས་ཡོན་སྲིད་བྱུས་ཀྱི་སྐོར་ལ་དངོས་གནས་དྲང་གནས་ནུས་པ་འཐོན་པའི་ལས་ཀ་ཞིག་བྱས་མ་སོང་བསམ་བསྡད་ཡོད། སྤྱི་འཐུས་ལྷན་ཚོགས་ཀྱིས་ཆེད་འཛུགས་བྱས་པའི་ཞིབ་འཇུག་ཚོགས་ཆུང་གི་མཐའ་མའི་གྲུབ་དོན་ནང་། ད་ལྟ་ཤེས་ཡོན་སྲིད་བྱུས་དེ་ཤི་མི་འདུག་ཀྱང་ནད་པ་ཆགས་འདུག་ཟེར་བའི་སྡོམ་བརྒྱབ་ཡོད་པ་རེད། སོ་སོའི་ངོས་ནས་ཀྱང་རྒྱུན་དུ་ཉམས་ཞིབ་བྱེད་བཞིན་པའི་གནས་སྟངས་མང་པོ་ཞིག་གི་ཐོག་ནས་ཏན་ཏན་ནུས་པ་འཐོན་པ་ཞིག་ཆགས་ཀྱི་མི་འདུག དེ་མ་ཆགས་པ་དེ་དཔལ་ལྡན་སྲིད་སྐྱོང་མཆོག་གི་ལྷག་བསམ་མ་དག་པ་རེད་ཅེས་ཞུ་ཡི་མེད་ཀྱང་། ཁོང་རང་གི་སློབ་སྦྱོང་དང་གོམས་གཤིས་དེ་ཕྱི་རྒྱལ་གྱི་སློབ་སྦྱོང་དང་གོམས་གཤིས་ཆགས་བསྡད་ཡོད་དུས། ང་ཚོའི་ཐུན་མོང་མ་ཡིན་པའི་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དེ་དངོས་གནས་དྲང་གནས་ཤེས་ཡོན་ཅན་གྱི་སློབ་གསོ་ཞིག་ཡིན་པར་ཏན་ཏན་ཁོང་རང་གོ་རྟོགས་ཆུང་ཆུང་རེད་འདུག ལྷག་པར་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཤེས་ཡོན་སྲིད་བྱུས་དེ་གལ་ཆེན་པོར་རྩི་བཞིན་ཡོད་གསུང་གི་ཡོད་པ་རེད་དེ། དོན་དམ་གྱིས་ང་རང་ཚོ་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་ཐུབ་པ་དང་བཟང་སྤྱོད་གོང་འཕེལ་གཏོང་ཐུབ་པའི་བླ་ན་མེད་པའི་ཤེས་ཡོན་དེ་ཤེས་ཡོན་ཚད་ལྡན་གྱི་སློབ་གསོ་ཞིག་ཡིན་པའི་གོ་རྟོགས་དེ་ཙམ་མེད་པའི་ཚོར་སྣང་ཞིག་གི་ཐོག་ནས་དེ་གནད་འགག་ཅིག་ཆགས་འདུག དེ་བཞིན། དཔལ་ལྡན་སྲིད་སྐྱོང་མཆོག་གིས་བར་ལམ་གྱི་བཀའ་མོལ་ནང་རྨང་གཞི་ཞེ་དྲགས་ཤིག་བཏིང་བཞག་ཡོད་གསུངས་པ་དེ་ངའི་སྣང་བར་མ་འགྲོ་བ་ཆེ་ཤོས་ཤིག་ཡིན། འཛིན་སྐྱོང་གི་སྒྲིག་གཞིའི་ཐོག་རྨང་གཞི་ཞེ་དྲགས་བཏིང་ཡོད་ཟེར་གྱི་ཡོད་ན། ལོ་ངོ་ལྔ་བཅུ་དྲུག་ཅུའི་རིང་༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་ལམ་སྟོན་འོག་ཡོང་བ་ཡིན་ལ། ལྷག་པར་དུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་ཤག་སྐབས་གཉིས་ཀྱི་རིང་ལ་སྲིད་བྱུས་གཏན་འབེབས་གནང་བ་དང་། སྒྲིག་གཞི་གཏན་འབེབས་གནང་ཡོད་པ། བརྟན་འཇགས་མ་དངུལ་བཙུགས་ཡོད་པ་བཅས་ཀྱི་ནང་འགྲོ་བསྡད་པ་ཡིན་ན། སྒྲིག་འཛུགས་ཐད་སུ་ཡིན་ནའང་དཀའ་ངལ་མེད་པའི་རྨང་གཞི་ཞིག་བཏིང་བཞག་ཡོད་པ་རེད། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལྷིང་འཇགས་ཞེ་དྲགས་ཤིག་ཆགས་ཡོད། སྤྱིར་བཏང་རྒྱལ་ཁབ་ཀྱི་སྲིད་དབང་ལ་འཕོ་འགྱུར་བྱུང་སྐབས་ཞེ་དྲགས་ཟ་ངེ་ཟེང་ངེ་ཆགས་ཀྱི་ཡོད་པ་རེད་ཅེས་ཁ་ཆེའི་ལུང་པ་ཁ་ཤས་དཔེ་མཚོན་དུ་བགྲངས་ནས་ཅིག་གསུང་གི་འདུག་གཱ། དེ་ཁྱོན་ནས་སྣང་བར་མ་འགྲོ་བ་དང་། དངོས་གནས་དྲང་གནས་ཁས་ལེན་མི་ཐུབ་པའི་གནས་སྟངས་ཤིག་རེད། གང་ཡིན་ཟེར་ན། ཁ་ཆེའི་ལུང་པ་དེ་ཚོ་ཡིན་ན་མི་མང་གིས་གྱེན་ལོག་བྱས་ཏེ་དམངས་གཙོའི་ཐོབ་ཐང་དགོས། སྲིད་དབང་འཕོ་འགྱུར་གཏོང་དགོས་ཞེས་ཟིང་ཆ་ཞེ་དྲགས་བརྒྱབ་སྟེ་གཞུང་དང་མང་གཉིས་འཁྲུག་གི་ཡོད་པ་རེད། ང་ཚོ་བཙན་བྱོལ་དུ་བསླེབས་མ་ཐག་ནས་༧རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕ་མ་བཟང་པོ་ཞིག་གིས་ཕྲུ་གུ་ཆུང་ཆུང་ཞིག་བྱམས་སྐྱོང་བྱས་པ་ནང་བཞིན་སྣེ་ཁྲིད་དེ། དངོས་གནས་དྲང་གནས་དུས་དང་འཚམ་པའི་ཐོག་ནས་ག་ཚོད་མི་མང་ལ་རྩིས་སྤྲད་པ་ཡིན་ན་དེ་ཚོད་འགན་ལྕོགས་ས་རེད་བསམ་པའི་ཐོག་ནས་སྣེ་ཁྲིད་གནང་སྟེ། ཏག་ཏག་ཅིག་འགན་འཁུར་ཐུབ་པའི་སྐབས་སུ་སྲིད་དབང་ཡོངས་རྫོགས་མི་མང་གི་ལག་པར་རྩིས་སྤྲད་གནང་བ་ཞིག་ཆགས་ཡོད་སྟབས། དེར་ལྷིང་འཇགས་ཡོང་ཡོང་བ་རེད། ལྷག་པར་དུ་ད་ལྟའི་ཆར་༧སྐྱབས་མགོན་རིན་པོ་ཆེ་ཞལ་འཚོ་ཞིང་བཞུགས་ཡོད་པ་དང་། ཁོང་ལ་ཆབ་སྲིད་ཀྱི་འགན་དབང་ཐད་ཀར་མེད་ཀྱང་འཕགས་པ་སྤྱན་རས་གཟིགས་ཀྱི་ལས་དང་སྨོན་ལམ་གྱི་འབྲེལ་བ་དང་། བོད་རྒྱ་ཆེའི་མི་མང་གི་རེ་བ་དང་ཡིད་ཆེས་ཀྱི་ཐོག་ནས་བླ་ན་མེད་པའི་རེ་བ་ཞིག་ཞུ་ཡི་ཡོད་ལ། རེ་བ་དེ་ཡོད་པ་ནང་བཞིན་ཐུགས་སྐྱེད་སྨོན་ལམ་གྱིས་ཐད་ཀར་ཆབ་སྲིད་ཀྱི་སྐུ་དབང་བཟུང་མེད་ཀྱང་། རང་ཆས་སུ་ཡོད་པའི་༧སྐྱབས་མགོན་རིན་པོ་ཆེ་མཆོག་དང་ང་ཚོ་བོད་མི་རིགས་གཉིས་མགོ་དང་མཇིང་པ་བྲལ་དུ་མེད་པའི་དམ་ཚིག་ཅིག་གི་ཐུགས་རྗེའི་འོག་ད་ལྟ་ང་ཚོར་ལྷིང་འཇགས་ཡོང་བ་དེ། དཔལ་ལྡན་སྲིད་སྐྱོང་ལས་ཐོག་པ་ཡིན་ན་རེད། གཞན་པ་སྐབས་དེ་དུས་སྲིད་སྐྱོང་སུ་ཕེབས་པ་ཡིན་ནའང་ལྷིང་འཇགས་ཡོང་བ་བརྒྱ་ཆ་བརྒྱ་ཐམ་པ་ཐག་ཆོད་པ་རེད། དེར་བརྟེན་སྐད་ཆ་དེ་ཚོ་དངོས་གནས་དྲང་གནས་གཞན་པས་ཕྱག་ལས་གནང་བཞག་པ་དེ་ཚོ་སོ་སོའི་གྲུབ་འབྲས་ལ་ཚུར་འཁུར་ཡོང་བ་དེ་ངའི་བློ་ལ་ཁྱོན་ནས་བབ་ཀྱི་མི་འདུག ཅེས་བརྗོད་བྱུང་།

སྤྱི་ཚོགས་ནང་ཚོགས་གཙོ་མཆོག་གིས་མི་བསད་ཡོད་པ་དང་ཆང་འཐུང་གི་ཡོད་པ། རང་བཙན་གྱི་ལྟ་བ་འཁུར་མཁན་ཚོར་སྡང་པོ་ཡོད་པ་རེད་ཟེར་བ་སོགས་ཀྱི་སྐྱོན་བརྗོད་ཞུ་བཞིན་ཡོད་པ་རེད། ཁྱེད་རང་གིས་གནད་དོན་དེ་ཚོར་བརྟག་དཔྱད་བྱས་མྱོང་ཡོད་དམ་ཅེས་དྲིས་པར། ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་མི་བསད་པ་རེད་ཟེར་བ་དེ་ང་ཚོར་མཚོན་ན་སྐབས་དེར་བོད་དུ་ཡོད་པ་རེད། སྤེན་པ་ཚེ་རིང་མཆོག་ཐོག་མ་སྤྱི་འཐུས་སུ་ཕེབས་སྐབས་སྐད་ཆ་དེ་ཡོད་པ་མ་རེད། བར་སྐབས་ཤིག་ལ་བསླེབས་པ་རེད། རྗེས་ལ་བཀའ་ཟུར་ཞིག་གི་དེབ་ཀྱི་ཐོག་ཏུ་ཐོན་པ་རེད། དེབ་དེའི་ཐོག་མ་ཐོན་གོང་དུ་སྤྱི་འཐུས་གྲོས་ཚོགས་ནང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་སྤེན་པ་ཚེ་རིང་མཆོག་བཀའ་བློན་གྱི་འོས་གཞིར་བཏང་ཡོང་དུས། མི་བསད་པ་རེད་ཟེར་བའི་སྐྱོན་བརྗོད་དེ་བསླེབས་ཡོང་བ་རེད། སྐྱོན་བརྗོད་དེ་བསླེབས་པའི་རྗེས་དེ་རང་ལ་ཚོགས་གཙོ་མཆོག་ནས་གནས་ཚུལ་ག་རེ་ཡིན་པ་དེ་གསལ་བཤད་ཆ་ཚང་བྱས་ཡོད་པ་རེད། སྐབས་དེར་སྐྱོན་འཛུགས་བྱེད་མཁན་གྱིས་ཚོགས་གཙོའི་གསལ་བཤད་བདེན་པ་མ་རེད་ལབ་ཡོད་པ་མ་རེད། ཉེ་ཆར་གྲོས་ཚོགས་ནང་བསྐྱར་དུ་གླེང་བ་དེ་ཁྲིམས་ཐོག་ལ་སྐྱེལ་བའི་ལམ་ཁ་ཡོད་པ་མ་རེད། དེབ་ནང་ལ་འབྲི་མཁན་བཀའ་ཟུར་ཁོང་ཡང་སྐུ་གྲོངས་བའི་རྗེས་ལ་དེབ་བཏོན་པ་རེད། ཕར་དེད་ན་སྐད་ཆ་དེ་དགོས་མཁོ་ཞིག་དང་བསྟུན་ཏེ་གླེང་ཙམ་རེ་བྱེད་པ་མ་གཏོགས་ཁུངས་སྐྱེལ་ར་སྤྲོད་ཡོད་པ་མ་རེད། སྔོན་མ་སྤེན་པ་ཚེ་རིང་མཆོག་བཀའ་བློན་འོས་ཁུངས་སུ་བཏོན་ཏེ་དགག་པ་བསླེབས་སྐབས། ཟམ་གདོང་རིན་པོ་ཆེ་མཆོག་ནས་ངའི་ངོས་ནས་ཁོང་ལ་འོས་ཆོས་ཆ་ཚང་ཚང་བསྡད་ཡོད་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། ཡིན་ནའང་། གནས་ཚུལ་དེ་འདྲ་ཡོད་པ་ཡིན་ན་བརྒྱུད་ལམ་གཞན་གྱི་ཐོག་ནས་ཐག་གཅོད་བྱེད་དགོས་པ་རེད་ཅེས་བཀའ་གནང་ཡོད་པ་རེད། དངོས་གནས་བྱས་ན་དེ་རྩ་འཛིན་བྱས་ཏེ་ཁྲིམས་ཐོག་ལ་བསྐྱལ་ནས་གཙང་མ་བཟོ་དགོས་ཀྱང་། ད་བར་དུ་ཁྲིམས་ཐོག་ལ་སྐྱེལ་མཁན་སུ་གང་ཡང་བྱུང་ཡོད་པ་མ་རེད།

དེ་ནས་ཚོགས་གཙོ་ལ་སྐྱོན་བརྗོད་གཞན་ཞིག་ནི་ཆང་འཐུང་གི་འདུག་ལབ་པ་དེ་རེད། སྤྱིར་བཏང་ཚོགས་གཙོ་མཆོག་ཁོང་རང་གིས་ཆང་འཐུང་གི་ཡོད་ལ། ཆང་གཅོད་ཀྱིའང་མིན་གསུང་གི་ཡོད་པ་རེད། ཡིན་ནའང་། ཁ་ཤས་ཀྱིས་འུར་འདྲ་པོ་བརྒྱབ་སྟེ་ག་རེ་ལབ་ཀྱི་ཡོད་པ་རེད་ཟེར་ན། ཆང་ཚད་མེད་པ་འཐུང་གི་འདུག་ཟེར་གྱི་ཡོད་ཀྱང་ངས་ཚད་མེད་པ་ཞིག་འཐུང་གི་ཡོད་པར་གཏན་ནས་ངོས་འཛིན་བྱེད་ཀྱི་མེད། ད་བར་ཚོགས་གཙོ་མཆོག་ར་བཟི་ནས་ལས་ཀ་འཐུས་ཤོར་འདི་བཏང་སོང་ཟེར་བ་ཞིག་སྟོན་རྒྱུ་ཡོད་པ་མ་རེད། རྩ་བའི་ཆ་ནས་རྒྱལ་ཁབ་རིམ་པའི་སྲིད་འཛིན་དང་སྲིད་བློན་ག་འདྲ་ཞིག་ཡིན་ནའང་། འོས་ཆོས་ཀྱི་ནང་དུ་ཆང་རག་འཐུང་མི་ཆོག་ཟེར་བའི་ཐ་ཚིག་དེ་ཡོད་པ་རེད་བསམ་གྱི་མི་འདུག་ལ། བཙན་བྱོལ་བོད་མིའི་སྲིད་སྐྱོང་གི་འོས་ཆོས་ནང་དུའང་ཐ་ཚིག་དེ་ཡོད་པ་མ་རེད།

དེ་བཞིན། ཚོགས་གཙོ་སྤེན་པ་ཚེ་རིང་རང་བཙན་ལྟ་བ་འཁུར་མཁན་ཚོའི་ཐོག་ལ་སྡང་པོ་ཡོད་པ་རེད་ལབ་པ་དེར་རྒྱུ་མཚན་བཤད་རྒྱུ་ཡོད་པ་མ་རེད། ཚོགས་གཙོ་མཆོག་ཁོང་རང་གིས་ཁ་སང་གསུངས་སོང་དེ་དངོས་གནས་རེད། ལམ་དབུ་མའི་སྲིད་བྱུས་འགྲེལ་བཤད་བྱེད་དགོས་པ་དང་། ལམ་དབུ་མའི་སྲིད་བྱུས་ལ་དོ་ཕོག་འགྲོ་བའི་གནས་ཚུལ་ཞིག་ཡོང་གི་འདུག་ན་དེ་ལ་གདོང་ལེན་བྱེད་དགོས་པ་དེ་ཚོགས་གཙོ་གཅིག་པུའི་ལས་འགན་མ་རེད། དེ་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་འགན་རེད་ལ། དཔལ་ལྡན་སྲིད་སྐྱོང་མཆོག་གི་དབུས་པའི་བཀའ་ཤག་ལྷན་རྒྱས་ཀྱི་ལས་འགན་ཡང་རེད། གང་ཡིན་ཟེར་ན། ལམ་དབུ་མའི་སྲིད་བྱུས་དེ་བོད་མི་བརྒྱ་ཆ་ཕལ་ཆེར་བའི་མངོན་འདོད་དང་༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་ལམ་སྟོན་ཡོད་པ། སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཆགས་ཀྱི་ཡོད་པ་རེད། སྲིད་བྱུས་དེར་འགྱུར་བ་མ་ཕྱིན་བར་དུ་སྲིད་བྱུས་དེའི་དབང་ལྡན་འགན་འཛིན་གྱིས་དེ་ལ་སྲུང་སྐྱོབ་བྱེད་དགོས་པ་དེ་ཁོ་རང་གི་ཕྲག་པར་བབ་པའི་ལས་འགན་རེད། དེ་ལས་འགན་སྒྲུབ་པ་རེད་མ་གཏོགས་རང་བཙན་གྱི་ལྟ་བར་སྐྱོན་བརྗོད་བྱས་པ་སོགས་འདྲ་མི་འདྲ་བྱས་པའི་གནས་སྟངས་རྩ་བ་ཉིད་ནས་མ་རེད། ཁོང་རང་བོད་མི་མང་སྤྱི་འཐུས་ཀྱི་ཚོགས་གཙོ་ཡིན་པའི་ཆ་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་དགོས་པ་དེ་ཁོང་རང་གི་ཕྲག་ཏུ་བབ་པའི་འོས་འགན་རང་ཆགས་བསྡད་ཡོད་པ་རེད། དེ་དགའ་དང་མ་དགའ་ཡི་སྐད་ཆ་ཞིག་མ་རེད། རང་བཙན་ལ་མ་དགའ་ནས་རང་བཙན་འཐབ་རྩོད་ལ་གནོད་སྐྱོན་ག་རེ་བཏང་ཡོད་བགྲང་བཅུག་ན་གང་ཡང་བགྲང་རྒྱུ་ཡོད་པ་མ་རེད།

རྩ་བའི་ཚོགས་གཙོ་མཆོག་རང་བཙན་གྱི་ལྟ་བ་འཁུར་མཁན་ཚོར་སྡང་པོ་ཡོད་པ་རེད་ཅེས་བཤད་འདུག་མཁན་ཚོར་བོད་རང་བཙན་གྱི་ཐོག་གོ་རྟོགས་ཡོད་པ་མ་རེད། སྐད་ཆ་དེ་འདྲ་བཤད་འདུག་མཁན་ཚོར་ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་ག་འདྲ་རེད་ཁུངས་སྐྱེལ་དང་ལབ་ན་ལན་ཏག་ཏག་འདེབས་ཐུབ་རྒྱུ་ཁག་པོ་རེད། ད་ལྟའི་རྒྱལ་སྤྱིའི་གནས་བབ་ཀྱི་ཐོག་ནས་རང་བཙན་ག་འདྲ་རྩོད་ཀྱི་ཡིན་ལབ་ན་ཁག་པོ་རེད། དེ་བཞིན་མ་འོངས་པར་རང་བཙན་ཐོབ་སོང་ན་བོད་འདི་རང་བཙན་གཙང་མའི་རྒྱལ་ཁབ་ཏུ་ག་འདྲ་འཛུགས་སྐྲུན་བྱ་རྒྱུ་ཡིན་ལབ་ན། གོ་རིམ་དང་འཆར་གཞི་ཡོད་པའི་ཐོག་ནས་སྐད་ཆ་བཤད་ཐུབ་རྒྱུ་ཁག་པོ་རེད། དེ་འདྲ་ཡིན་དུས་སྤྱི་ཚོགས་ནང་རང་དགར་སྐད་ཆ་འདྲ་མི་འདྲ་བཤད་བསྡད་པ་ཙམ་ལས་རྒྱུ་མཚན་ཅི་གང་མཐོང་གི་མི་འདུག ཅེས་བརྗོད་བྱུང་།

ཁྱེད་རང་གིས་ཆོལ་ཁའི་ཕྱོགས་རིས་མིན་པའི་ཐོག་ནས་སྲིད་སྐྱོང་གི་འོས་མི་ཞིག་ལ་རྒྱབ་སྐྱོར་གཙང་མ་ཞུ་བཞིན་ཡོད་པ་དེས་སྤྱི་ཚོགས་ནང་མཐོང་སྣང་ག་འདྲ་ཞིག་སྐྲུན་གྱི་ཡོད་པ་རེད་ཅེས་དྲིས་པར། ང་ཚོའི་སྤྱི་ཚོགས་ནང་དམངས་གཙོའི་ལེགས་བྱང་ཐོག་གོ་རྟོགས་ཡག་པོ་མེད་པའི་སྐྱོན་ཡིན་པ་རེད་དྲན་གྱི་འདུག གང་ལྟར་སྤྱི་ཚོགས་འདིའི་ནང་ལོགས་ནས་ལམ་ག་ག་འདྲ་ཞིག་ལ་ཕྱིན་པ་ཡིན་ནའང་མིང་ཆལ་ཅིག་རང་བཞིན་གྱིས་བཟོ་ཡོང་གི་ཡོད་པ་རེད། དཔེར་ན། ང་རང་འདྲ་པོ་ཡིན་ན། མདོ་སྟོད་ཀྱི་མི་ཞིག་ཡིན་ལ། དཔལ་ལྡན་སྲིད་སྐྱོང་མཆོག་ལ་རྒྱབ་སྐྱོར་ཞུས་པ་ཡིན་ན། ཕྱོགས་གཞན་པ་ཞིག་ནས་ཆོལ་ཁ་ཡི་ཕྱོགས་ཞེན་བྱེད་ཀྱི་འདུག་ཅེས་པའི་སྐད་ཆ་དེ་རང་བཞིན་གྱིས་སླེབ་ཡོང་གི་རེད། ང་རང་ལ་མཚོན་ན། སོ་སོའི་ངོས་ནས་རྒྱུ་མཚན་མཐོང་བ་དང་རང་ཉིད་ཀྱི་བསམ་བློའི་རང་དབང་སོ་སོས་བེད་སྤྱོད་བཏང་སྟེ། མི་གཞན་གྱི་འཁྱོག་བཤད་དང་གཡམ་རྒྱུག གནོན་ཤུགས་སོགས་གང་གི་འོག་ཏུའང་མ་ཕྱིན་པའི་ཐོག་ནས་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད། དེ་ལ་ཆོལ་ཁའི་ཕྱོགས་ཞེན་བྱས་སོང་ཟེར་བའི་སྐད་ཆ་དེ་འདོགས་ས་རག་གི་མ་རེད་དེ། གཞན་གྱི་རྒྱུག་ཁྱི་བྱས་སོང་ཟེར་བ་དང་། གཞན་གྱི་མགོ་སྐོར་འོག་ཚུད་འདུག་ཟེར་བའི་མིང་ཆད་དེ་ངའི་མཇིང་པའི་སྒང་ལ་བསླེབ་ཡོང་རྒྱུ་ཡིན་པ་དེ་གསལ་པོ་གསལ་རྐྱང་རེད། ང་གཞན་པའི་མགོ་སྐོར་འོག་ཚུད་པ་དང་རྒྱུག་ཁྱི་བྱས་པ་གང་ཡང་མེད། རང་ཉིད་ཀྱི་རྒྱུ་མཚན་གནས་ལུགས་དེར་རང་ཉིད་གཡོལ་ཐབས་བྱས་ན་འགྲིག་གི་ཡོད་པ་མ་རེད་ལ། ལྷག་པར་དུ་བོད་སྤྱི་བའི་ལས་དོན་ཐོག་འགྲིག་གི་མེད་ས་ཞིག་ཡོང་གི་ཡོད་ན་སོ་སོར་ཅིག་ལབ་ཡོང་བསམ་ནས་གཡོལ་ཐབས་བྱས་ན་རྩ་བ་ཉིད་ནས་འགྲིག་གི་ཡོད་པ་མ་རེད། སྤྱི་ཚོགས་ནང་ཕྱོགས་ག་བར་ཕྱིན་ནའང་རང་བཞིན་གྱིས་མཇིང་པའི་སྒང་ལ་མིང་ཞིག་ཡོང་རྒྱུ་ཡིན་པ་དེ་གསལ་བོ་རེད། ཡིན་ནའང་སྤྱི་ཚོགས་ནང་མིང་ཆད་ག་རེ་བཟོས་ཡོང་གི་ཡོད་མེད་དེ་གཞི་རིམ་སྤྱི་ཚོགས་ཀྱི་སྤུས་ཚད་དང་། དེ་ལ་རྩ་ཆེན་པོ་རྩི་མིན་དེའང་གསན་མཁན་སོ་སོའི་བསམ་བློའི་གནས་ཚད་ལ་ཐུག་ཡོད་པ་རེད་མ་གཏོགས་ང་རང་གི་སྐྱོན་ཞིག་རེད་བསམ་གྱི་མེད། གནས་ཚུལ་འདིའི་གྲས་དམངས་གཙོའི་ལེགས་བྱང་གི་འགན་འཁུར་དང་སྤྱི་ཚོགས་ཀྱི་གོ་རྟོགས་ཚད་ལྡན་ཡོད་པའི་བློ་གཟུ་བོར་གནས་བའི་གང་ཟག་དེ་ཚོའི་ཐོག་ནས་ལྟ་ཚུལ་གཞན་པ་ཞིག་ཡོད་པའི་རེ་བ་དང་། ལྷག་པར་དུ་ད་ལན་གྱི་སྲིད་སྐྱོང་གི་འོས་བསྡུའི་སྐབས་སུ་ཆོལ་ཁའི་ཕྱོགས་ཞེན་གྱི་ཐོག་ནས་སྤྱི་ཚོགས་ལ་འཁྲུག་རྐྱེན་འགྲོ་བའི་ཉེན་ཁ་ཡོད་པའི་སྐབས་འདིར། ངས་བཅར་འདྲི་འདིའི་ཐོག་ནས་དམིགས་དཔེ་བཟང་པོ་ཞིག་བསྟན་ཡོད་བསམ་པའི་གདེང་སྤོབས་ཡོད། ཅེས་བརྗོད་བྱུང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

སྐར་མ ༢༧ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༢ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༣ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

༢༠༢༥/༠༥/༠༨

མཆན། 13

  1. དབང་འདུས། says:
    ལོ་ 9 སྔོན།

    ཁོ་རང་དྲང་མདོག་སྟོན་ཐབས་ཙམ་ལས། དོན་དངོས་དེ་ལྟར་མིན་་་་་་་་་་་་་་་་

    Reply
  2. གངས་རིའི་མིག་ཆུ། says:
    ལོ་ 9 སྔོན།

    lobsang Namkha དགེ་འདུས་པ་ཀླུ་སྒྲུབ་ཀྱིས་བཤད་པ་དེ་ཁ་བསྐོར་ས་ཀླུ་བྱམས་ཡིན་ན་ནོར་མི་འདུག་ཁོས་རྒྱལ་བ་རིན་པོ་ཆེ་རྒྱལ་འཚོང་བའི་ཁོངས་སུ་བཞག་ཡོད་པ་དེ་རྒྱུད་ལམ་གྲགས་ཆེ་བ་ཀུན་གླེང་ནང་དུ་ཡོངས་གྲགས་ཀྱི་བཤད་པ་ཚང་མས་མཁྱེན་གསལ་རེད།

    Reply
  3. སྙན་ཚེ་བ། says:
    ལོ་ 9 སྔོན།

    དགེ་འདུན་པ་བློ་བཟང་ཀླུ་སྒྲུབ་ལགས་ཀྱིས་གསུངས་པའི་དོན་ཚན་གསུམ་པ་དེ་ལ་དམིགས་གསལ་གྱིས་ངོས་ལེན་བྱེད་ཐུབ་ཀྱི་མི་འདུག རྒྱུ་མཚན་ནི་༸ཁོང་གིས་ཁ་ནས་རང་བཙན་དར་ཆ་ཞིག་འཕྱར་ཏེ་༧རྒྱལ་བ་རིན་པོ་ཆེ་རྒྱལ་འཚོང་བ་རེད་ཅེས་མཚན་སྨད་ཞུས་མཁན་ཡོད་རབས་བསྒྲགས་པ་ནི་ཧ་ཅང་གིས་ནོར་འཁྲུལ་ཆེན་པོ་དང་། མིའི་ཟེར་བརྗོད་ཀྱི་རྗེས་སུ་དྲངས་པ། སྐད་ཆ་གནད་འགག་ཡོད་སར་བསམ་གཞིགས་མ་བྱས་པ་ཁོ་ན་རེད་འདོད།
    ཁོའི་སྐད་ཆའི་ཁ་དེ་ཨ་ཚོགས་ཀླུ་མཁའ་བྱམས་ལ་བསྐོར་ཡོད་རེད་དེ། ཨ་ཚོགས་ཀྱིས་ད་བར་༸གོང་ས་མཆོག་ལ་རྒྱལ་འཚོང་བ་རེད་ཅེས་བཤད་པ་གོ་ཐོས་མ་བྱུང་། ཨ་ཚོགས་ཀྱི་སྐད་ཆ་སྔ་ཕྱི་ཚང་མ་ལ་བསམ་བློ་ཐོངས། གོ་ནོར་ཐེབས་ན་མིར་གནོད་བསྐྱལ་ཉེན་ཆེ།

    Reply
  4. ནོར་བུ། says:
    ལོ་ 9 སྔོན།

    ཁྱོད་རང་གིས་དངོས་གནས་བསམ་བློ་གཏོང་ཕྱོགས་ལ་ངས་རྗེས་སུ་ཡིད་རང་ཡོད། ཁྱོད་ཀྱིས་ཚོགས་གཙོ་ལ་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་གང་ལྟར་ཡང་། ད་ལྟའི་སྲིད་སྐྱོང་ལ་རྒྱབ་སྐྱོར་མི་བྱེད་པའི་རྒྱུ་མཚན་བཀོད་པ་རྣམས་ང་ཡང་བློ་ལ་བབས། ཡིན་ནའང་ངས་ངོས་ནས་ཚོགས་གཙོ་དང་སྲིད་སྐྱོང་གཉིས་བསྡུར་ན་ཚོགས་གཙོ་ལ་རྒྱབ་སྐྱོར་གཏན་ནས་བྱེད་མི་ཐུབ།
    ཚོགས་གཙོ་འོས་མིའི་གཏམ་བཤད་ཁག་སྔ་ཕྱིའི་ནང་དུ་དུས་དབང་ཕྱིར་འགྱངས་སྐོར་གྱི་བཀའ་མོལ་དེ་དག་གིས་ངའི་སེམས་ལ་དངངས་སྐྲག་ཞིག་ཡོང་བཅུག་གི་འདུག དེ་ནི་༧གོང་ས་མཆིག་གི་བཀའ་དེ་དགོས་པའི་དབང་གིས་གསུང་པ་རེད་ཟེར་བ་དེ་རེད། དེ་སྔོན་༧ གོང་ས་མཆོག་གི་དོལ་རྒྱལ་སྐོར་བཀའ་གནང་སྐབས་སུ་ཡང་། དོལ་རྒྱལ་རྗེས་འབྲང་བ་ཚོས་༧ གོང་ས་མཆོག་གི་བཀའ་ལ་འགྲེལ་བཤད་འདི་དང་གཅིག་མཚུངས་ཤིག་རྒྱག་ཡོད་པ་རེད། ཡིན་ནའང་འགྲེལ་བཤད་དེ་དག་ལོག་འགྲེལ་ཡིན་པ་གསལ་པོར་ཆགས་ཟིན།
    ད་ལྟའི་ཆར་ཚོགས་གཙོའི་འགྲེལ་བཤད་དེ་ཡང་དེ་འདྲ་ཞིག་གམ་ཡང་ན་དེ་ལས་ཚབ་ཆེ་བ་ཞིག་ཏུའང་འགྱུར་སྲིད།
    ཚོགས་གཙོའི་གསུངས་པ་ལྟར་། ༧ གོང་ས་མཆོག་གི་དགོས་པའི་དབང་གིས་གསུངས་པ་ཡིན་ན། ༧ གོང་ས་མཆོག་གིས་གསུངས་པ་ལྟར་ཟླ་བ་གཅིག་ལྷག་ཙམ་རིང་དུ་དུས་དབང་གི་དུས་ཚོད་དེ་རང་དུ་སྨན་ཁང་དུ་བཞུགས་པ་དེ་ཡང་དགོས་དབང་གིས་བཞུགས་པ་མ་གཏོགས་དོན་ངོ་མ་སྨན་བཅོས་ཤིག་གནང་བ་མིན་པ་་་་་ཨ་ཙི་དེ་འདྲ་བསམ་མི་ཕོད། གང་ལྟར་ཡང་ད་རེས་ཚོགས་གཙོའི་བཀའ་མོལ་དེ་ཚོ་ངོ་མ་ཅི་ཞིག་གི་ཆེད་དུ་གསུངས་པ་མི་ཤེས་ལ་དོན་དག་འདི་དག་ལ་བསམ་བློ་གཏོང་རྒྱུ་མིན། ངས་ངོས་བསམ་ན་ད་ལྟའི་སྲིད་སྐྱོང་ལ་ཡང་བསྐྱར་ལོ་ལྔ་ཡི་གོ་སྐབས་དེ་འབུལ་རྒྱུ་ཡིན། ཤེས་ཡོན་སྲིད་བྱུས་ཐད་ཤེས་རིག་བཀའ་བློན་དེ་གཞན་ཞིག་གིས་གནང་རྒྱུར་མུ་མཐུད་ཤུགས་རྒྱག་རྒྱུ་ཡིན།

    Reply
  5. བློ་བཟང་། says:
    ལོ་ 9 སྔོན།

    བློ་བཟང་སེང་གེ་དང་སྤེན་པ་ཚེ་རིང་གཉིས་ནི་ང་བོད་སྐྱབས་པའི་མིག་གཡས་གཡོན་ལྟ་བུ་རེད་ཅེས་མགྲིན་གཟེངས་སུ་བསྟོད་དེ་སྨྲ་ཆོག་ སུ་ལ་་གཞི་མེད་སྐྱོན་བརྗོད་བྱེད་ན་དེ་ལ་ང་ཚོས་མཐའ་གཅིག་ཏུ་རྒོལ་དགོས། གྲྭ་བ་ཁོང་གིས་རྒྱབ་སྐྱོར་གནང་སྟངས་དེ་ནི་རྒྱབ་སྐྱོར་དངོས་གནས་དེ་རེད་སྙམ་མོ། བཀྲིན་དྲིན་ཆེ་རྒན་ལགས།

    Reply
    • རྣོ་ལྕགས། says:
      ལོ་ 9 སྔོན།

      གདན་སའི་གྲྭ་བ་ཚོར་ཡང་ཁྱེད་ཉིད་ལྟ་བུའི་ཆབ་སྲིད་ཀྱི་མིག་རྒྱང་ཞིག་ཡོད་ན། རང་ཉིད་ཀྱི་མི་དམངས་ཁྲིམས་ལ་སྦྱར་གི་ཡིན་ཟེར་བའི་སྲིད་སྐྱོང་ཞིག་ང་ཚོ་ལ་ག་ནས་ཡོང་།

      Reply
  6. Jigme says:
    ལོ་ 9 སྔོན།

    ངོ་མ་ཕོ་རྒོད་རེད་འདུག་ རྒྱ་ཆ་བརྒྱབ་སྐྱོར་ཡོད་

    Reply
  7. སྐལ་བཟང says:
    ལོ་ 9 སྔོན།

    སྐད་ཆ་དྲང་པོ་བཤད་འདུག་ཨ་མའི་པུ།

    Reply
  8. ཐུབ་བསྟན་དབང་རྒྱལ། says:
    ལོ་ 9 སྔོན།

    བློ་གཟུ་གནས་རིན་ཐང་ཡོད་པའི་བཀའ་མོལ་ཞིག་གནང་འདུག་པར་ཐུགས་རྗེ་ཆེ།

    Reply
  9. གངས་ཅན། says:
    ལོ་ 9 སྔོན།

    ཡག་པོ་གསུང་འདུག་ཐུགས་རྗེ་ཆེ།

    Reply
  10. བློ་བཟང་རྒྱ་མཚོ། says:
    ལོ་ 9 སྔོན།

    ང་ཡང་ཁོང་ལྟ་བུའི་ཕྱོགས་རིས་དང་སྒེར་སེམས་དོར་ནས་དངོས་ཡོད་ལ་གདོང་གཏད་ནས་བཤད་ཕོད་པ་སྒྲུབ་ཕོད་པའི་མི་བུ་སྒལ་ཚིགས་ཅན་ཞིག་བྱེད་འདོད། ཁོང་གི་སྐུ་ཚེ་བརྟན་པར་སྨོན།

    Reply
    • ཐུབ་བསྟན་དབང་རྒྱལ། says:
      ལོ་ 9 སྔོན།

      སེམས་པ་རྣམ་དག་གི་བཀའ་མོལ་ཞིག་གནང་འདུག་པར་ཐུགས་རྗ྄ེ་ཆེ།

      Reply
      • བདེན་པའི་རྒྱབ་ལངས། says:
        ལོ་ 9 སྔོན།

        བློ་བཟང་ཀླུ་སྒྲུབ་ཟེར་བ་དེ་ནི་རང་ལྟ་མཆོག་འཛིན་གྱི་སྒྲིབ་ནས་སྡད་པ་དེ་འདྲ་རེད་མི་འདུག་རྒྱུ་མཚན་གྱིས་རྗེས་སུ་འགྲང་ནས་ལངས་པ་ཞིག་ཡིན་པ་གསལ་པོ་འདུག

        Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese