མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངའི་འོས་ཤོག་འདི་༧གོང་ས་མཆོག་གིས་གནང་བའི་དམངས་གཙོའི་འོས་འགན་སྒྲུབ་བྱེད་ཡིན།

བོད་ཀྱི་དུས་བབ།
༢༠༡༦/༠༣/༡༦
Share on FacebookShare on TwitterShare on EmailShare on Whatsapp

གནམ་ལྷ་དོན་འགྲུབ།

ངས་འདི་ལྟར་བསམ་སྟེ། སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེ་མཆོག་དང་གྲོས་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་སུ་སྲིད་སྐྱོང་ལ་འོས་མིན་དེ་ཁོང་གཉིས་ཀྱི་སྲིད་སྐྱོང་འོས་བསྡུའི་ལས་འགུལ་སྤེལ་སྟངས་ནས་ཚོད་དཔག་ངེས་ཅན་ཞིག་བྱེད་ཐུབ་སོང་སྙམ། འབུམ་རམས་པ་བློ་བཟང་སེང་གེ་མཆོག་གིས་ཕྱི་ལོ་ ༢༠༡༡ ལོར་བཙན་བྱོལ་ནང་བྱུང་མ་མྱོང་བའི་བཀའ་ཁྲིའི་འོས་བསྡུའི་ལས་འགུལ་དེ་དམངས་གཙོའི་འགྲོ་ལུགས་དང་མཐུན་པའི་འོས་བསྡུའི་ལམ་ཁ་ད་ལྟ་འགྲོ་བཞིན་པ་འདི་གསར་གཏོད་གནང་། དེ་ནི་མི་གཅིག་གིས་དུས་གཅིག་ལ་སྐྲུན་ཐུབ་པ་བྱུང་བའི་ངོ་མཚར་ཅན་གྱི་བྱས་རྗེས་ཤིག་རེད། ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ད་ལོ་འོས་བསྡུ་སྤེལ་མགོ་བཙུགས་སྐབས། ཁོང་གིས་སྲིད་སྐྱོང་བློ་བཟང་སེང་གེ་ལ་འགྲན་འོས་པའི་བྱས་རྗེས་དང་ཤེས་ཡོན་གང་གི་ཆ་ནས་ཀྱང་དམིགས་བསལ་ཞིག་བསྟན་རྒྱུ་མེད་པར་བརྟེན། འགྲན་རྩོད་དེ་སྐྱོན་འཚོལ་རྒྱུའི་ཕྱོགས་སུ་ཁ་བསྒྱུར་བའི་ཐབས་ཇུས་མགོ་བཙུགས་པ་དང་། དེ་ནས་བཟུང་སྟེ་གཅིག་གིས་གཅིག་ལ་ནང་དོན་ཆེན་པོ་མེད་པའི་སྐྱོན་ཁོ་ན་བཙུགས་པའི་སྲོལ་ངན་གཏོད་ཅིང་། དེ་ཡང་ཆོལ་ཁའི་འཐེན་འཁྱེར་གྱི་དྲི་མ་ངན་པ་ཕྱོགས་ཀུན་དུ་ཁྱབ་པར་བྱས།

གལ་ཏེ་ཁོང་བོད་སྤྱི་པ་ལ་གཞི་རྩའི་སེམས་ཁུར་ཡོད་མཁན་ཞིག་ཡིན་ན། ཆོལ་གསུམ་རྡོག་རྩ་གཅིག་སྒྲིལ་དེ་རྩ་ཆེན་པོ་ཡིན་པ་ངོས་འཛིན་གྱིས་ཆོལ་ཁའི་མིང་ཐོག་ནས་ཁོང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཅེས་བརྗོད་སྐབས། དེ་ལྟར་བྱེད་མི་དགོས་ཅེས་ལབ་དགོས་ངེས་ཤིག་ཆགས་ཡོད། ངས་བལྟས་ན་གལ་ཏེ་ཆོལ་ཁ་བྱེ་བྲག་པས་བློ་བཟང་སེང་གེ་ཆོལ་ཁའི་མིང་ཐོག་ནས་རྒྱབ་སྐྱོར་བྱས་པ་ཆ་བཞག་ན། ཁོང་གིས་དེ་ལྟར་གནང་བཅུག་རྒྱུ་མ་རེད་བསམ་གྱི་ཡོད།

ཁོང་གིས་ཐོག་མ་ནས་སྲིད་སྐྱོང་འགྲོ་སའི་ལམ་ཁ་དེ་རྩ་བའི་ལྟ་གྲུབ་གསུམ་བཟོས་ཚར་བ་ལ་བརྟེན་ནས་ཆོལ་ཁའི་མིང་འཁྱེར་ནས་རྒྱབ་སྐྱོར་འགྲོ་ས་མེད་པ་བཟོས་ཡོད། རྒྱུན་དུ་དྷ་རམ་ས་ལའི་མི་ཚོས་མདོ་སྟོད་ཆོལ་ཁའི་གཅིག་འགྲིག་མ་སོང་གཉིས་འགྲིག་མ་སོང་ཟེར་ནས། ཁ་ན་ན་ཤོད་ཀྱི་ཡོད་པ་རེད་དེ་ད་ལོ་མདོ་སྟོད་ཆོལ་ཁ་ཡིས་ཕོ་ཚོད་ཡག་པོ་བཟུང་སྟེ། དེ་ལྟ་བུའི་ཆོལ་ཁའི་མིང་ཐོག་ནས་སྲིད་སྐྱོང་འོས་མི་སུ་ལ་ཡང་རྒྱབ་སྐྱོར་མི་བྱེད་རྒྱུའི་གསལ་སྒྲགས་བྱས་པར་ལོ་རྒྱུས་ཀྱིས་བསྔགས་བརྗོད་ཞུ་ངེས། ཆོལ་ཁའི་མིང་ཐོག་ནས་ལས་འགུལ་སྤེལ་ཡོང་དུས་རང་བཞིན་གྱིས་རྒྱལ་ཁབ་ཀྱི་གཅིག་སྒྲིལ་ལ་ཕོག་ཐུག་ཡོང་རྒྱུ་ཡིན་པ་གསལ་པོ་རེད་ལ་ད་ལྟ་ནས་གསལ་པོ་ཞེ་དྲགས་ཆགས་ཚར་སོང་། དཔེར་ན། དེ་སྔོན་སྲིད་སྐྱོང་བློ་བཟང་སེང་གེ་ལ་འོས་མི་འཕེན་མཁན་གྱི་ཁམས་པའི་ནང་དུ་ད་ལྟ་ཆོལ་ཁ་གཞན་ཚང་མས་ཆོལ་ཁའི་རྩོད་མགོ་སློང་སོང་བས། ད་ལོ་ཡིན་གཅིག་མིན་གཉིས་བློ་བཟང་སེང་གེ་འོས་མ་འཕེན་ན་འགྲིག་མ་སོང་ཟེར་མཁན་མང་པོ་འདུག འདི་ནི་དེ་སྔར་རང་གི་སྲིད་དོན་གྱི་ལང་ཕྱོགས་ཐོག་ནས་རྒྱབ་སྐྱོར་བྱས་པ་ཡོད་མ་རེད་དེ། ད་ལོ་ཆོལ་ཁ་ཡི་ཚོར་བའི་འོག་ནས་རྒྱབ་སྐྱོར་བྱེད་དགོས་པ་ཞིག་བཟོས་པ་རེད།

དེ་བཞིན་མདོ་སྨད་ཀྱི་མི་ཁུངས་ནས་དེ་སྔོན་ཆོལ་ཁའི་འཐེན་འཁྱེར་མེད་ཟེར་མཁན་དེ་འདྲ་ལའང་ད་ལྟ་གློ་བུར་དུ་སྦས་མི་ཐུབ་པའི་ཆོལ་ཁའི་ཚོར་ཤུགས་ཆེན་པོ་སླེབས་འདུག གནས་ཚུལ་འདིའི་ཐད་རྒྱལ་སྤྱིའི་ཐོག་བོད་ལ་ཤ་ཚ་ཡོད་མཁན་མང་པོ་ལའང་བློ་འཚབ་སྐྱེ་བཞིན་ཡོད། དཔེར་ན། ཨ་རིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་བ་འདས་པོ་མཱོ་ན་ཧན་གྱི་བུ་མོ་དང་བོད་ལ་དུས་ཡུན་རིང་པོར་དོ་སྣང་བྱེད་མཁན་ལྕམ་མཱོ་ར་མོ་ནེ་ཧན་གྱིས་ཉེ་ཆར་བྲིས་པའི་རྩོམ་ཡིག་ནང་སྤེན་པ་ཚེ་རིང་ལ་དགག་པ་ཤུགས་ཆེན་བརྒྱབ་ཡོད། མགོ་བརྗོད་ལ་“ཧམ་བཤད་ཅན་གྱི་སྤེན་པ་ཚེ་རིང་”ཞེས་པའི་རྩོམ་ཡིག་ནང་སྤེན་པ་ཚེ་རིང་གིས་འཐེན་འཁྱེར་ཕྱོགས་ལྷུང་ཤུགས་ཆེན་བྱེད་ཀྱི་ཡོད་པ་དང་། ཁོང་གིས་བོད་ཀྱི་དམངས་གཙོ་ལ་གནོད་སྐྱོན་ཚབས་ཆེན་བཟོ་ཉེན་ཡོད་པ་ཐེར་འདོན་གནང་ཡོད། https://www.facebook.com/maura.moynihan.3 དེ་བཞིན་ཨ་རིའི་ནང་ཡོད་པའི་བོད་ཀྱི་སྲིད་ཇུས་བསྐྱར་ཞིབ་ཁང་གིས་གསུམ་པའི་ཚེས་ ༩ ཉིན་སྤེལ་བའི་བསྒྲགས་གཏམ་ནང་དུའང་། སྤེན་པ་ཚེ་རིང་གིས་བོད་ཀྱི་གཅིག་སྒྲིལ་ལ་གནོད་འཚེ་བྱེད་པའི་ལས་འགུལ་སྤེལ་བཞིན་པའི་ཉེན་བརྡ་བཏང་ཡོད།

http://www.tibetanpoliticalreview.org/editorials/flippingtibetandemocracy གོང་ཞུས་རྩོམ་པ་པོ་དེ་དང་ཚོགས་པ་དེ་གཉིས་ཀ་ནི་རྒྱུན་དུ་སྲིད་སྐྱོང་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་བྱེད་མཁན་མིན་པར་སྐྱོན་བརྗོད་བྱེད་མཁན་གྱི་གྲས་རེད། ཡིན་ནའང་། སྐྱུར་མོ་ཚོར་དུས་མངར་མོ་ཤེས་ཟེར་བ་ལྟར་ད་ལྟ་སྤེན་པ་ཚེ་རིང་འོས་མི་ལ་ལངས་ཡོང་བ་མཐོང་དུས། ཁོང་ཚོས་འོས་བསྡུའི་སྔོན་དུ་སྤེན་པ་ཚེ་རིང་ལ་སྐྱོན་བརྗོད་བྱས་ཏེ་བློ་བཟང་སེང་གེ་རྒྱབ་སྐྱོར་བྱེད་པ་ཤུགས་ཀྱིས་བསྟན་ཡོད།

བོད་ནང་བོད་མི་ཚོས་བོད་ལ་བདེན་མཐའ་གསལ་རྒྱུ་ཞིག་ཡོད་ཤག་བྱས་ཏེ་རང་སྲོག་ཚུན་ཆད་བློས་གཏོང་འདི་ཙམ་བྱས་པ་དང་། མཐུན་འབྲེལ་དང་ཆོལ་གསུམ་གཅིག་སྒྲིལ་ཟེར་བའི་འབོད་ཚིག་གི་འོག་ནས་ལས་འགུལ་ཤུགས་ཆེན་པོ་འདི་འདྲ་ཞིག་འགྲོ་བཞིན་པའི་སྐབས་སུ། ཁོང་ཚོའི་རེ་བ་རྒྱག་ཡུལ་བཙན་བྱོལ་ནང་ཆོལ་འཐེན་པ་ཚོས་བྱ་སྤྱོད་འདི་འདྲའི་འོག་ནས་ཁམས་པ་ཞིག་སྲིད་སྐྱོང་མ་ཆགས་ན། ར་གཟི་ཞིག་ཡིན་ཡང་ཡར་འཇོག་ཐབས་བྱེད་ཀྱི་ཡིན་ཟེར་བ་ལྟ་བུའི་བྱ་སྤྱོད་འདི་འདྲ་སྤེལ་བ་དེ་ངོ་མ་བོད་ལ་ཤ་ཚ་མེད་པའི་རྟགས་མཚན་ལས་གང་ཡང་མིན། མ་གཞི་རྒྱ་གར་གྱི་བཤད་སྲོལ་ལྟར་སྤྲེའུ་ཡི་སྒ་སེར་གྱི་དྲོ་བ་ཅི་ལྟར་ཤེས་ཟེར་བ་ལྟར། བོད་ནང་གི་བོད་མིའི་སེམས་ནང་གི་དཀའ་སྡུག་དང་སེམས་ཤུགས་དེ་བཙན་བྱོལ་ནང་གི་ཆོལ་ཁའི་མིང་གི་འོག་ནས་ཁེ་ཕན་ཁོ་ན་ལེན་བཞིན་མི་ཚེ་སྐྱེལ་མཁན་གྱི་མི་རྒན་ཚོའི་སེམས་གཏིང་ལ་ཚོར་རྒྱུ་ཁག་པོ་རེད།

ད་ལོ་དབུས་གཙང་ཆོལ་ཁའི་མགོ་གཙོ་རེ་ཟུང་དང་མདོ་སྨད་ཆོལ་ཁའི་མགོ་གཙོ་རེ་ཟུང་། མངའ་རིས་ཚོགས་པའི་མགོ་གཙོ་རེ་ཟུང་གིས་ཆོལ་ཁའི་མིང་ཁྱེར་ནས་སྲིད་སྐྱོང་འོས་བསྡུའི་ནང་འཛུལ་ཡོང་བའི་རྐྱེན་གྱིས། ད་བར་བོད་ཕྱི་ནང་གཉིས་སུ་༧གོང་ས་མཆོག་གི་དབུ་ཁྲིད་དང་། བར་ལམ་ལོ་བཞི་ལྷག་གི་རིང་ལ་སྲིད་སྐྱོང་གིས་མགོ་ཁྲིད་པའི་བཙན་བྱོལ་བོད་གཞུང་གི་ལམ་སྟོན་འོག མདུན་སྐྱོད་བྱེད་བཞིན་པའི་གངས་ལྗོངས་ཀྱི་གཅིག་སྒྲིལ་དེའི་གོམ་པ་ཕྱིར་ནུར་ལ་འབུད་རྒྱག་ཤུགས་ཆེན་པོ་ཞིག་བརྒྱབ་སོང་། འོན་ཀྱང་དེའི་འདོད་དོན་འགྲུབ་དང་མི་འགྲུབ་དེ་འོས་བསྡུའི་ཉིན་མོར་མང་ཚོགས་ཀྱིས་ཁ་གྲག་ཡོང་གི་རེད།

གལ་ཏེ་གནས་སྟངས་འདིའི་འོག་ནས་བོད་གཅིག་སྒྲིལ་སྡུག་ཏུ་སོང་བ་ཡིན་ན་མ་འོངས་བོད་ཀྱི་ལོ་རྒྱུས་ནང་ད་ལོའི་འོས་བསྡུའི་ལས་འགུལ་སྤེལ་ཕྱོགས་དེ་གླེང་གཞི་ཆེན་པོ་ཞིག་ཏུ་འགྱུར་རྒྱུ་དང་། དོ་བདག་གི་མི་ས་འོག་ལ་སོང་ན་གཏམ་ས་སྟེང་ནས་ནམ་ཡང་ཡལ་གྱི་མ་རེད། བཙན་བྱོལ་ནང་མི་འགའ་ཤས་ཀྱིས་ཆོལ་ཁ་ཟེར་བ་དེ་དགོས་ཀྱི་མི་འདུག་ཆབ་སྲིད་ཀྱི་ཚོགས་པ་འཛུགས་དགོས་ཀྱི་འདུག་ཟེར་མཁན་མང་པོ་ཡོད། དྲང་པོ་བཤད་ན་དེ་ལྟར་ཤོད་མཁན་མང་ཆེ་བ་དབུས་གཙང་གི་མི་སྣ་རེད། ཡིན་ནའང་། དོན་དངོས་སུ་ཆོལ་ཁའི་འཐེན་འཁྱེར་སླར་གསོ་དང་རྒྱུན་གནས་ཡོང་བ་བྱེད་ཀྱི་ཡོད་པ་མ་ཟད། ཆབ་སྲིད་ཚོགས་པ་ལ་སེམས་འཁོར་བའི་གོ་སྐབས་རྩ་བ་ནས་མེད་པ་བཟོ་བཞིན་ཡོད།

 

ཡ་རབས་མ་རབས་སྤྱོད་པའི་ཤེས།

བར་ལམ་དྷ་སར་སྲིད་སྐྱོང་འོས་མིའི་བགྲོ་གླེང་ཁག་བྱེད་སྐབས། ཡ་རབས་དང་བཟང་སྤྱོད་དགོས་ཞེས་རང་ལ་བཟང་སྤྱོད་ཡོད་མདོག་མདོག་དང་། གཞན་ལ་མི་འདུག་ཟེར་ནས་ཡ་རབས་ཡོད་མེད་དེ་སྲིད་སྐྱོང་གི་ཆ་རྐྱེན་གལ་ཆེན་ཞིག་ཡིན་པར་བརྩིས་ཡོད། འོན་ཀྱང་། གཏམ་བཤད་མགོ་བཙུགས་ནས་ད་བར་བགྲོ་གླེང་ཐེངས་གསུམ་པོ་ཚང་མའི་ནང་ཚོགས་གཙོས་སྲིད་སྐྱོང་མཆོག་ལ་སྲིད་སྐྱོང་ཟེར་བའི་གུས་ཞབས་ཙམ་ཡང་མི་བརྗོད་པར་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་ཞེས་འབོད་ཀྱི་ཡོད་པ་དེ། དམངས་གཙོའི་རྒྱལ་ཁབ་ཀྱི་ཡ་རབས་སྤྱོད་ཚུལ་དང་འགལ་ཡོད་ལ་བོད་རྒྱལ་ཁབ་ཀྱི་སྲིད་སྐྱོང་གི་གོ་གནས་ལ་མཐོང་ཆུང་དང་ཁྱད་གསོད་བྱས་ཡོད།

འདི་ཕྱོགས་ཡུ་རོབ་ཁུལ་དུ་སྲིད་བློན་དང་སྲིད་འཛིན། ཆན་སི་ལོར་སོགས་འོས་འདེམས་བྱེད་པའི་སྐབས་སུ་ཁ་གཏད་ཀྱི་གོ་གནས་ཐོག་ནས་མིང་འབོད་དགོས་ཀྱི་ཡོད་རེད་མ་གཏོགས། འོས་མི་ཁྱོད་ཟེར་བ་དེ་འདྲ་ནམ་ཡང་ཤོད་ཀྱི་མ་རེད། ཨ་རིའི་ནང་ལ་ལྟོས་དང་དེ་ལྟར་རེད། སྲིད་འཛིན་འོས་བསྡུའི་ནང་སྲིད་འཛིན་གྱི་འགན་ཁུར་བཞིན་པའི་མི་དེ་སྐབས་དེར་སྲིད་འཛིན་ཡིན་ན་འགྲན་ཡ་ཚོས་ཁ་རྩོད་ག་ཚོད་བརྒྱབ་ཀྱང་། སྲིད་འཛིན་ཞེས་པའི་མིང་འབོད་ཀྱི་འདུག་པ་དང་གསར་འགོད་པ་ཚོས་ཀྱང་སྲིད་འཛིན་ཞེས་གུས་ཞབས་ཀྱི་མིང་འབོད་དགོས་ཀྱི་འདུག དེ་བཞིན་སྲིད་འཛིན་འོས་མིའི་ནང་ཞུགས་མཁན་ཕྱི་སྲིད་དྲུང་ཆེ་ཡིན་ན་ཕྱི་སྲིད་དྲུང་ཆེ་ཞེས་དང་གྲོས་ཚོགས་ཀྱི་ཚོགས་མི་ཡིན་ན་ཚོགས་མི་ཟེར་བའི་གོ་གནས་དེ་ངེས་པར་འབོད་དགོས་ཀྱི་ཡོད།

དེ་ལྟའི་ཡ་རབས་བཟང་སྤྱོད་ཅན་གྱི་དམངས་གཙོའི་འགྲོ་ལུགས་དེ་བོད་ཀྱི་སྤྱི་འཐུས་ཚོགས་གཙོས་མཁྱེན་གྱི་མེད་པའམ། ཡང་ན་མཁྱེན་བཞིན་དུ་ཁྱད་གསོད་གནང་བ་ཞིག་ཡིན་པ་འདི་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་དམངས་ལ་མར་གནང་བའི་བོད་རྒྱལ་ཁབ་ཀྱི་སྲིད་ཀྱི་ཆེའི་མཐོའི་དབུ་ཁྲིད་ཀྱི་གོ་གནས་སམ་འགན་ཁྲི་ལ་ཁྱད་གསོད་དང་མཐོང་ཆུང་བྱེད་པ་ཞིག་ཏུ་མཐོང་། འོན་ཀྱང་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེ་ཡིས་ཚོགས་གཙོ་སྤེན་པ་ཚེ་རིང་ལ་དཔལ་ལྡན་ཚོགས་གཙོ་མཆོག་ཞེས་འབོད་ཀྱི་འདུག བགྲོ་གླེང་གི་བརྒྱུད་རིམ་དེ་ཚོའི་ནང་སྐད་ཆ་བཤད་སྟངས་དང་རྣམ་འགྱུར་སྟོན་སྟངས་མང་པོའི་ཆ་ནས། སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེ་མཆོག་ནི་མང་གཙོའི་འགྲོ་སྟངས་ལ་བྱང་ཆུབ་པ་ཞིག་དང་བློ་རྒྱ་ཆེ་ཞིང་ཁོག་པ་ཡངས་པའི་ཆབ་སྲིད་ཀྱི་འགོ་ཁྲིད་ཕུལ་དུ་བྱུང་བ་ཞིག་ཡིན་པ་གསལ་པོ་བྱུང་སོང་།

མ་འོངས་ལས་དོན་བྱེད་ཕྱོགས་ཀྱི་ཐད་ལ་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གང་ཡོང་ཅི་ཡོང་བྱེད་ཀྱི་ཡིན་ཅེས་བརྗོད་པ་ལས་འདི་དང་དེ་བྱེད་རྒྱུའི་འཆར་གཞི་གསལ་པོ་ཡོད་རབས་གསུངས་མ་སོང་། འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་གསར་འགོད་པ་ཡིན་ཟེར་མཁན་དེ་ཚོས་ཁོང་ལ་དེའི་བརྡ་འདེད་བཏང་མེད། ཁོང་གིས་འདི་བྱེད་ཀྱི་ཡིན་ཅེས་སྐད་གསང་མཐོན་པོས་བཤད་པའི་སྐད་ཆ་གཉིས་ལས་བོད་རྒྱ་འབྲེལ་མོལ་ཐད། སྔོན་མ་༧གོང་ས་མཆོག་གི་སྐུ་ཚབ་རྣམ་པས་རྒྱ་ནག་གཞུང་ལ་སྤྲད་པའི་མིང་དོན་མཚུངས་པའི་རང་སྐྱོང་གྲོས་འཆར་གྱི་ཚབ་ལ། ཞི་ཅིན་ཕིང་གིས་༧གོང་ས་མཆོག་ལ་མཇལ་འཕྲད་ཞུ་དགོས་པའི་དགོས་འདུན་གསར་པ་ཞིག་སྤྲོད་རྒྱུ་ཡིན་ཞེས་གསུངས། དེ་ནི་རྒྱ་ནག་གཞུང་གིས་ད་ལྟ་བོད་རྒྱ་འབྲེལ་ལམ་གྱི་སྐས་ལྷུ་དང་པོའི་ཐོག་ལ་གོམ་པ་སྤོ་རོགས་མི་བྱེད་པའི་སྐབས་སུ་སྐས་མགོ་ལ་ཡར་མཆོངས་ཤོག་ཟེར་བ་ལྟ་བུ་ཞིག་ཡིན་པས། ཁོང་ནི་ཅི་དྲན་གང་དྲན་ཤོད་མཁན་ཞིག་ལས་དོན་དངོས་དང་མཐུན་པའི་འཆར་གཞི་ཡོད་མཁན་ཞིག་མིན་པ་མཐོང་སོང་།

ཡང་ཁོང་གིས་སྐད་གསང་མཐོན་པོས་བཤད་པ་གཞན་ཞིག་ནི་༧གོང་ས་མཆོག་གི་ཅི་གསུང་བཀའ་སྒྲུབ་ཞུ་ཡི་ཡིན་ཞེས་བསྒྲགས་ཡོད། འོན་ཀྱང་ཁོང་གིས་༧གོང་ས་མཆོག་གི་བཀའ་སྒྲུབ་མིན་དེ་སྤྱོད་པའི་ཐོག་ནས་རགས་ཙམ་ཚོད་དཔག་བྱེད་ཐུབ། ༧གོང་ས་མཆོག་གིས་བོད་མི་ཚང་མར་རྒྱུན་དུ་ཆང་རག་འཐུང་ནས་བག་མེད་ལོངས་སྤྱོད་མ་བྱེད་གསུང་གི་ཡོད་ཀྱང་། ནོར་ཝེ་རླུང་འཕྲིན་ཁང་གིས་ཚོགས་གཙོ་མཆོག་ལ་སྲིད་སྐྱོང་འོས་མིའི་བཅར་འདྲི་ཞུས་སྐབས། ཁོང་གི་ཆང་རག་སྐྱག་ལང་ཤོར་བའི་ཐད་ལ་ངས་ཆང་རག་ནམ་ཡང་སྤངས་ཐུབ་ས་མ་རེད་ཅེས་གསུངས་ཡོད། ༧གོང་ས་མཆོག་གི་བཀའ་ཡི་བློན་པོའམ་སྲིད་སྐྱོང་བྱེད་རྒྱུ་ཡིན་ཟེར་མཁན་ཞིག་གིས་ཆང་རག་ཙམ་ཡང་མཚམས་འཇོག་བྱེད་རྒྱུའི་བློ་སྤོབས་མེད་ན། དེ་ལ་བོད་ཀྱི་ཕྱི་ནང་གསང་གསུམ་གྱི་ལས་དོན་རླབས་ཆེན་བྱེད་རྒྱུའི་དཔའ་གདེང་ཞིག་ག་ལ་ཡོད། བོད་ཀྱི་སྲིད་སྐྱོང་ནི་བཙན་བྱོལ་བོད་མིའི་ཁྲོད་ནས་ཆེས་ཕུལ་དུ་བྱུང་བའི་མི་ཞིག་འདེམ་དགོས་ཀྱི་ཡོད་པ་ལས་ཁ་རྫིག་པོ་ཤོད་ཐུབ་ཙམ་གྱིས་མི་འགྲིག

 

བདེ་སྐྱིད་ཆོས་དབྱངས།

ཆོལ་ཁའི་འཐེན་འཁྱེར་གྱི་ཚོར་བའི་མེ་ལྕེ་འབར་བཞིན་པའི་སྐབས་སུ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ཀྱིས་མེ་ཐོག་ལ་སྣུམ་བླུག་པ་ལྟར། ཚུལ་ལྡན་བོད་མི་དམངས་ཀྱི་སེམས་ནང་མི་ཤོང་པའི་བློ་ཕམ་བཟོས་པ་དང་། བོད་ཀྱི་བཀའ་བློན་ཞིག་ལ་ཡོད་དགོས་པའི་རེ་བ་དང་རིན་ཐང་ཐལ་བར་བསྒྱུར་ཡོད། འོན་ཀྱང་། འདི་ནི་ཚོགས་གཙོ་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་ཆེད་དུ་དྲིལ་བསྒྲགས་ཀྱི་གོ་སྐབས་ལེན་ཆེད་འཆར་གཞི་དང་སྒྲིག་འཛུགས་ཡོད་པའི་བྱ་བ་ཞིག་ཡིན་པ་གསལ་པོར་གྱུར། བདེ་སྐྱིད་ཆོས་དབྱངས་ཀྱིས་དང་ཐོག་སྐད་ཆ་རོབ་ཙམ་བཤད་ནས་དགོངས་པ་ཞུས་པ་ནས་གསར་འགྱུར་བརྒྱུད་ལམ་ཁག་ནས་ཁོང་དགོངས་པ་ཞུས་པའི་སྐོར་བསྒྲགས་པའི་གོ་སྐབས་བསླངས་པ་དང་། དེ་རྗེས་གསལ་བསྒྲགས་ཐེངས་གཉིས་པ་ཞིག་སྤེལ་བ་དང་སླར་ཡང་ཁོང་གི་ཕྱོགས་གཏོགས་ཀྱི་གསར་འགྱུར་སྤེལ་མཁན་ཚོས་དེ་བེད་སྤྱད་ནས། བོད་མིའི་སྤྱི་ཚོགས་ནང་དྲིལ་བསྒྲགས་མུ་མཐུད་བྱེད་རྒྱུའི་ཐབས་ཇུས་བཟུང་ཡོད།

དེ་དུས་ཡང་སྐད་ཆ་གསལ་ལ་མི་གསལ་ལ་གཅིག་བཤད་ནས་སླར་ཡང་ཤོད་རྒྱུ་ཡོད་མདོག་མདོག་བྱས་པའི་རྗེས། སླར་ཡང་གསར་འགྱུར་བེད་སྤྱོད་གཏོང་རྒྱུ་བཟོས་ནས་འོས་ཤོག་མ་འཕེན་བར་དུ་དྲིལ་བསྒྲགས་རྒྱུན་མ་ཆད་པར་བྱེད་ཐབས་བྱེད་བཞིན་ཡོད་པར་མངོན། དེ་ལྟ་བུའི་ཐབས་ཇུས་ཤིག་ད་བར་ལོ་བཞི་ལྷག་གི་རིང་ལ་ཕྱི་འབྲེལ་བཀའ་བློན་བྱས་པའི་སྐབས་སུ་བོད་སྤྱི་ཡི་ཆེད་དུ་བསྟན་པ་མཐོང་མ་སོང་། ལར་ནས་ད་བར་ཁོང་དང་སྲིད་སྐྱོང་གཉིས་མི་འཆམ་པ་ཞིག་ཡོད་པའི་རྣམ་པ་མཐོང་རྒྱུ་མེད། ཁོང་གཉིས་མཉམ་དུ་གསར་འགོད་འདུ་ཚོགས་ཐེངས་མང་པོའི་སྐབས་གཅིག་གིས་གཅིག་ལ་འཛུམ་མུལ་མུལ་ངང་ཧ་ཅང་འཆམ་པོ་ཡོད་པའི་རྣམ་པ་འདུག་ལ། ཁོང་གཉིས་མཉམ་དུ་འགྲུལ་སྐྱོད་ཀྱང་བྱས་སོང་། མ་གཞི་ནས་འཆམ་པོ་ཡོད་དགོས་རྒྱུ་ཞིག་ཀྱང་ཡིན་པ་དེ་ནི་བདེ་སྐྱིད་ཆོས་དབྱངས་ལ་བཀའ་བློན་ཐད་བསྐོས་བྱེད་མཁན་ཡང་སྲིད་སྐྱོང་རེད།

 

གསར་འགྱུར་བརྒྱུད་ལམ།

ལས་དོན་འདིའི་ནང་ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤི་ཡ་རླུང་འཕྲིན་ཁང་གཉིས་ཀྱིས་དུས་ཚོད་དམ་འཛིན་གྱིས་བདེ་སྐྱིད་ཆོས་དབྱངས་ཀྱི་གསལ་བསྒྲགས་རེ་སྤེལ་དུས། དེའི་སྐོར་བརྒྱུད་བསྒྲགས་བྱེད་ཆོག་ཆོག་བྱས་ནས་སྡོད་ཡོད་པ་ལྟར་ཁོང་གིས་བྲིས་ཚད་དང་བཤད་ཚད་རླུང་འཕྲིན་དང་བརྙན་འཕྲིན་དྲ་རྒྱ་བཅས་ནང་དུས་ཐོག་ལ་སྤེལ་བ་དང་། ཁོང་ལ་ཐད་ཀར་བརྙན་འཕྲིན་ནང་སྐད་ཆ་བཤད་པའི་གོ་སྐབས་སྤྲད་པ་སོགས་བརྒྱུད་ལམ་ཡོད་ཚད་ཀྱི་སྡིངས་ཆ་རྒྱ་ཆ་ ༡༠༠ ཐམ་པ་སྤྲད་ནས་དྲིལ་བསྒྲགས་ཤུགས་ཆེན་བྱེད་བཞིན་པ་དང་སྦྲགས། དེ་དང་དོ་མཉམ་བྱེད་པའི་གསར་འགྱུར་གྱི་ལས་འགན་ཏེ་ཕྱོགས་གཞན་གྱིས་གནས་ཚུལ་སྤེལ་བ་མཐོང་རྒྱུ་མི་འདུག

དཔེར་ན། བཙན་བྱོལ་བོད་མའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་སྤྱི་ཚོགས་ནང་བཀའ་བློན་ཚང་མ་དགོངས་པ་ཞུ་ཡི་ཡོད་པ་དང་། དེ་ཡང་དང་པོ་ནང་སྲིད་བཀའ་བློན་དགོངས་པ་ཞུ་ཡི་ཡོད་པའི་གཏམ་འཆལ་ལ་གསལ་བཤད་བྱས་ཏེ། ཁོང་བཀའ་བློན་ནས་དགོངས་པ་ཞུ་ཡི་མེད་པ་དང་ཁོང་གིས་དེ་སྔར་བཀའ་བློན་དམ་འབུལ་ཞུས་སྐབས་ཁས་བླངས་པའི་དམ་བཅའ་མཐའ་སྐྱོང་གི་ཡིན་ཅེས་མང་ཚོགས་ལ་གསལ་བསྒྲགས་སྤེལ་པ་དེ། ངོ་མ་བྱེད་ན་གསར་འགྱུར་བརྒྱུད་ལམ་ཁག་ལ་གསར་འགྱུར་དོ་མཉམ་པོ་བཟོ་རྒྱུའི་གོ་སྐབས་ཡག་པོ་ཞིག་སྤྲད་ཡོད། ཡིན་ནའང་ཨ་རིའི་རླུང་འཕྲིན་ཚང་གིས་རྒྱ་རི་སྒྲོལ་མ་ལགས་ཀྱིས་གསལ་བསྒྲགས་དེ་རླུང་འཕྲིན་དང་བརྙན་འཕྲིན་དྲ་ལམ་བཅས་གང་གི་ནང་ལའང་བསྟན་མི་འདུག

གོ་ཐོས་ལྟར་ན། ནང་སྲིད་བཀའ་བློན་གྱིས་ཨ་རིའི་རླུང་འཕྲིན་ཚང་ལ་འབྲེལ་བ་བྱས་ཏེ་ཀུན་གླེང་བརྒྱུད་ནས་མང་ཚོགས་ལ་གསལ་བཤད་བྱ་རྒྱུའི་རེ་བ་ཞུས་ཀྱང་གོ་སྐབས་མ་སྤྲད་པ་རེད་ཟེར། དེ་ཡིས་གསར་འགྱུར་ལས་ཁུངས་ཀྱི་མིང་ཡོད་མཁན་ཚོས་ཐེངས་འདིའི་བཙན་བྱོལ་བོད་མིའི་འོས་བསྡུའི་འགྲན་རྩོད་ཀྱི་ལས་འགུལ་ནང་བློ་གཟུར་བོར་མ་གནས་པར་ཕྱོགས་གཅིག་ཏུ་ལྷུང་ཡོད་པ་གསལ་པོ་གྱུར་ཡོད།

སྤྱིར་འོས་བསྡུའི་གནས་ཚུལ་ཕྱོགས་ལྷུང་མེད་པ་དང་དོ་མཉམ་པོ་བྱེད་རྒྱུ་དེ་གསར་འགྱུར་བརྒྱུད་ལམ་ཚང་མའི་ལས་འགན་ཞིག་ཡིན་གྱི་རེད་དྲན་གྱི་ཡོད་ལ། ཡང་དགོས་ངས་ནོར་མེད་ན་ཨ་རི་ལ་ཡོད་པའི་རླུང་འཕྲིན་ཁང་དེ་གཉིས་གཅིག་ཨ་རིའི་གཞུང་རང་གི་མ་ལག་ལས་ཁུངས་གཅིག་ཡིན་པ་དང་། དེའི་ལས་བྱེད་ཚང་མ་སྲིད་གཞུང་གི་ལས་བྱེད་ཡིན། གཅིག་ཤོས་དེ་གཞུང་གིས་ཐད་ཀར་འགྲོ་སོང་གཏོང་བཞིན་པའི་རླུང་འཕྲིན་ཁང་ཡིན་པ་རེད། གལ་སྲིད་དེ་འདྲ་ཡིན་ན། རླུང་འཕྲིན་དང་བརྙན་འཕྲིན་ཁང་དེ་གཉིས་ཀྱི་ལས་དོན་གང་བྱས་པ་དེ་ཨ་རིའི་གཞུང་གི་སྲིད་ཇུས་དང་མཐུན་དགོས་ཀྱི་ཡོད་པ་དང་། ལྷག་པར་དུ་ཨ་རིའི་ཕྱི་སྲིད་དང་འབྲེལ་བ་ཡོད་ཀྱི་རེད།

དེར་བརྟེན། རྒྱལ་ཁབ་གཞན་གྱི་སྲིད་བློན་ནམ་སྲིད་སྐྱོང་གི་འོས་བསྡུའི་ནང་ཐད་ཀར་འཛུལ་ནས་མངོན་གསལ་དོད་པོའི་ཐོག་ནས་འཐེན་འཁྱེར་བྱེད་པ་ཡིན་ན། དེ་ནི་ཨ་རི་གཞུང་གིས་བློ་འཚབ་བྱེད་དགོས་པའི་བྱ་བ་ཞིག་ཡིན་གྱི་རེད་དྲན་གྱི་ཡོད། ཨ་རིའི་ཕྱི་སྲིད་ཀྱི་སྲིད་ཇུས་ནང་བཙན་བྱོལ་བོད་གཞུང་གི་སྲིད་སྐྱོང་གང་ཟག་སུ་ལ་འོས་ཐོབ་དགོས་པ་དང། སུ་ཤོར་དགོས་པའི་སྲིད་ཇུས་གཅིག་ཡོད་ཀྱི་མ་རེད་དྲན་ལ། དེ་བཞིན་དུ་ཨ་རིའི་ཧ་ཝར་ཌའི་སློབ་ཆེན་ནང་གསོ་སྐྱོང་བྱས་པའི་འབུམ་རམས་པ་དང་ཨ་རིའི་སྲིད་དོན་དང་མཐོ་རིམ་མི་སྣ་ཁག་དང་འབྲེལ་བ་ཡོད་པའི་མི་ཞིག་ལ་ཁ་གཏད་བྱེད་པ་དེ་ཨ་རིའི་རྒྱལ་ཁབ་ཀྱི་ཁེ་ཕན་ཞིག་ཡིན་གྱི་རེད་མི་སྙམ།

ཡིན་ནའང་། ཁོང་ཚོས་ཨ་རིའི་སྲིད་གཞུང་གི་ལས་བྱེད་པའི་མིང་ཁུར་ནས་ཕྱིའི་རྒྱལ་ཁབ་སྟེ། བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ལ་ཐད་བྱུས་བྱེད་དུས་ཁྲིམས་ཐོག་ནས་ཁོང་ཚོས་ཨ་རི་གཞུང་གི་ཚབ་མཚོན་གྱི་རེད། དེར་བརྟེན། རླུང་འཕྲིན་ལས་ཁུངས་དེ་གཉིས་ཀྱིས་བོད་གཞུང་གི་སྲིད་དོན་བྱ་བའི་ནང་འཛུལ་ནས་ཕྱོགས་རེས་བྱས་པ་ཡིན་ན། གནད་དོན་དེའི་ཐོག་ཨ་རིའི་སྲིད་གཞུང་གིས་ཞིབ་བཤེར་བྱ་སྲིད་ཀྱི་རེད་ལ། ལས་ཀ་ཚུལ་མཐུན་མ་བྱས་པའི་གནས་ཚུལ་ཐོན་ན་བོད་མི་དམངས་ཀྱི་རིན་ཐང་ཆེན་པོ་བརྩི་སའི་རླུང་འཕྲིན་ཁང་དེ་ཚོ་སྒོ་རྒྱག་པའི་ཉེན་ཁ་ཡང་མེད་མི་སྲིད་པ་མ་རེད།

 

མཐའ་དོན།

བར་ལམ་ཆོལ་ཁའི་འཐེན་འཁྱེར་གྱི་དུག་ཁབ་དེ་བོད་མི་དམངས་ཀྱི་ཟུངས་ཁྲག་ནང་མ་བླུག་གོང་དུ་བཙན་བྱོལ་ནང་གི་འོས་འཕེན་མཁན་བོད་མི་བཞི་ཆ་གསུམ་གྱིས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་འོས་བླུག་ནས་ཁོང་ལ་མི་མང་གི་རྒྱབ་སྐྱོར་དེ་ཚོགས་གཙོ་ལས་ལྡབ་གསུམ་གྱིས་མང་བ་ཡོད་པ་བསྟན་ཟིན། དེར་བརྟེན། རྒྱ་ཆེའི་མང་ཚོགས་ཀྱི་རྒྱབ་སྐྱོར་སུ་ལ་ཡོད་པ་ཕྱི་གསལ་ནང་གསལ་ཆགས་ཚར་བ་ཞིག་ཡིན། བསླེབ་ལ་ཉེ་བའི་དངོས་གཞིའི་འོས་བསྡུའི་སྐབས་སུ་དེ་ལ་འགྱུར་བ་ཅི་ཙམ་ཕྱིན་ཡོད་མེད་དེ། ཆོལ་ཁའི་འཐེན་འཁྱེར་གྱི་ལས་འགུལ་འདི་ཡིས་ནུས་པ་ཅི་ཙམ་ཐོན་ཡོད་མེད་གསལ་པོ་མངོན་རྒྱུ་དང་། དེས་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི། ཡང་སྙིང་རྒྱུན་གནས་ཐུབ་པའི་སྲ་མཁྲེགས་ཅི་ཙམ་ཡོད་མེད་ཀྱི་ཚད་མཇལ་སའི་གོ་སྐབས་ཤིག་ཆགས་རྒྱུ་རེད།

ཉིན་ཤས་གོང་རྒྱལ་སྤྱིའི་དོལ་རྒྱལ་ཚོགས་པ་ཟེར་བ་སྒོ་བརྒྱབ་པའི་གཏམ་བཟང་གི་གནས་ཚུལ་བྱུང་བ་དང་། ད་ནས་བཟུང་ཁོང་ཚོས་༧གོང་ས་མཆོག་ལ་ངོ་རྒོལ་མི་ཞུ་བའི་གསལ་བསྒྲགས་སྤེལ་ཏེ་ང་ཚོའི་གནས་སྟངས་ཀྱང་རྒྱལ་ཁ་ཡི་ཕྱོགས་སུ་སྐྱོད་བཞིན་པའི་སྐབས་འདིར། རང་མགོ་ཆུ་བླུག་མ་བྱས་པར་ད་བར་ལོ་བཞི་ལྷག་ལ་འགྲིག་ཐག་ཆོད་བྱས་ནས་བདུན་སྐྱོད་ཀྱིས་འགྲོ་བསྡད་པའི་སྒྲིག་འཛུགས་འདི། ག་རེ་བྱ་མིན་མི་ཤིས་པའི་མི་གསར་པ་ཞིག་གི་ལག་ཏུ་མི་འཇོག་པར་མུ་མཐུད་ནས་བདུན་སྐྱོད་བྱེད་བཅུག་རྒྱུ་དེ་གལ་ཆེན་མཐོང་། ལོ་བཞིའི་གོང་༧གོང་ས་མཆོག་གིས་སྲིད་ཀྱི་ཐུགས་འགན་ཡོངས་སུ་མི་མང་ལ་མར་གནང་ནས་བཙན་བྱོལ་བོད་གཞུང་དེ་འཕོ་འགྱུར་ཆེན་པོ་ཞིག་བྱུང་ཡོད། ད་བར་ལོ་བཞི་ལྷག་དེ་མི་སྒེར་རེ་ཟུང་གི་འདོད་པ་མ་ཁེངས་བ་ཡོད་སྲིད་ཀྱི་རེད་དེ། སྤྱི་ཡོངས་ནས་ལྷིང་འཇགས་དང་བཟང་ཕྱོགས་ཀྱི་འགྱུར་བའི་འོག་མདུན་ནས་མདུན་དུ་སྐྱོད་བཞིན་པ་ནི་གཟུར་གནས་ཀྱི་མིག་གིས་བལྟས་ན་མཐོང་རྒྱུ་ཡོད་པ་ཞིག་རེད།

ཤེས་ཡོན་གཙོ་བོ་བྱས་པའི་བཙན་བྱོལ་བོད་མིའི་མ་ལག་ཁག་ལ་འཕོ་འགྱུར་དང་ཡར་རྒྱས་ཀྱི་གོམ་པ་སྤོ་མགོ་བཙུགས་ཡོད་ཅིང་། དེའི་ཆེད་དུ་ཨ་རི་སོགས་ཀྱི་མ་དངུལ་རོགས་སྐྱོར་སྔར་ལས་ཚད་མཐོན་པོའི་མང་བ་རེག་ཡོད་པ་སྲིད་སྐྱོང་རང་གིས་བཤད་སོང་ལ་དེ་མ་རེད་ཟེར་མཁན་ཡང་བྱུང་མ་སོང་། སྤྱིར་བཏང་ཨ་རི་སོགས་ཕྱིའི་རྒྱལ་ཁབ་ཀྱི་རོགས་སྐྱོར་རྣམས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ལ་བརྟེན་ནས་ཡོང་གི་ཡོད་པ་བརྗོད་མི་དགོས་པ་གཅིག་རེད་མོད། དེ་ལྟར་རེག་པར་འབད་བརྩོན་བྱེད་མཁན་དེ་སྲིད་སྐྱོང་གི་ནུས་པ་ལ་ཐུག་ཡོད། དེ་ལྟར་རྒྱབ་སྐྱོར་རག་ཐབས་སུ་ཕྱིའི་རྒྱལ་ཁབ་ཀྱི་སྲིད་གཞུང་གི་མི་སྣ་ཐུག་པར་འགྲོ་བའི་ཨ་རིའི་ཧར་ཝར་ཌིའི་འབུམ་རམས་པའི་མིང་ཡོད་མཁན་མི་གཤིས་ཡག་ཅིང་། དྲུང་ཤ་དོད་པའི་འགོ་ཁྲིད་འདི་མུ་མཐུད་ནས་སླང་ཡར་ལོ་ལྔ་ཡི་རིང་ལ་འགན་གནང་རྒྱུ་ཡིན་ནམ། ཡང་ན་ཞལ་རས་ཆང་གིས་ཚོས་ཤིང་བུད་མེད་སུ་ཐུག་ལ་འདོད་མིག་ཤོར་བཞིན་འདོད་གཏམ་ཤོད་མཁན་གྱི་ང་ཚོའི་ཚོགས་གཙོ་འདི་གཏོང་རྒྱུ་ཡིན་མིན་དེ། ཁྱོད་ཀྱི་ལག་ཏུ་ཡོད་པའི་དབང་ཆ་དང་བོད་ཆགས་འཇིག་སྐབས་ཀྱི་ཁྱོད་ལ་ཡོད་པའི་ལས་འགན་དེ་རེད།།

འབྲེལ་ཡོད་གསར་འགྱུར།

Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

ཆུ་ཚོད་ ༡༤ སྔོན་ལ།
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩

མཆན། 8

  1. འདམ་སྐྱེས། says:
    ལོ་ 10 སྔོན།

    སྲིད་སྤྱིའི་འོས་བསྡུ་ལངས་ནས་གསར་ཤོག་འདིའི་ནང་དཔྱད་བརྗོད་དང་དགོངས་ཚུལ་མཆན་འགོད་གནང་མཁན་མང་པོ་བྱུང་སོང་། རེ་ཟུང་ནི་སྒེར་གྱིས་མིང་འདྲ་མིན་བེད་སྤྱད་ནད་ནས་དགྲ་དགའ་གཉེན་སྡུག་དང་རང་མདོག་མངོན་པ་ཙམ་ལས་མ་འདས། རེས་འགས་ཞི་མིའི་རྟུག་པ་གསེར་ལ་ངོས་འཛིན་གྱི་དཔེ་ལྟར་མངོན་གསུམ་ལ་བསྙོན་བཞིན་ལས་མ་འདས། ལར་འདི་རིགས་ཀྱི་བྱེད་ཕོྱགས་ལ་གཞིགས་ནས་དྲང་མོར་ཞུས་ན་དམིགས་ཡུལ་གང་ཡོད་ཆ་མ་འཚལ། དེས་ན་གནམ་ལྷ་དོན་གྲུབ་ལགས་ཁྱེད་ནས་ཕྱོགས་སུ་མ་ལྷུང་བར་བོད་གངས་ཅན་པའི་ཕུག་མདུན་ལ་དགོངས་པ་ཆེ་བཞེས་ཀྱིས་དོན་དངོས་དང་མཐུན་པའི་དགོངས་ཚུལ་སྤེལ་གནང་བར་ཧ་ཅང་ཚད་མཐོའི་རྒྱབ་བསྐྱོར་དང་འབྲེལ་བསྔགས་བརྗོད་ཡོད། གལ་སྲིད་རྡ་སར་ཡོད་པའི་ངན་བསྐུལ་བའམ་ཆོལ་ཁ་དབྱེ་འབྱེད་མཁན། སྐབས་འཚོལ་བ་ཚོའི་ཕྱོགས་སུ་འོས་ཤོག་ཕྱིན་པ་ཡིན་སྐབས་དེ་དང་མ་འོངས་པའི་སྲིད་སྐྱོང་འོས་བསྡུ་བྱ་ཕྱོགས་ལའང་བསམ་གཞིགས་མ་ཞུས་ཐབས་མེད་དུ་མཐོང་།།

    Reply
  2. བཀྲ་ཤིས་ཆོས་འཕེལ། says:
    ལོ་ 10 སྔོན།

    བཟང་ངན་གོ་ལྡོག་གི་རྩོམ་ངན་དེ་ཀློག་འདོད་མི་འདུག རྩོམ་ངན་ཕྱོགས་ལྷུང་ཅན་དེ་མཐོང་སྐབས་དེའི་རིགས་ཀློག་བསྡད་ན་རང་ཉིད་ཀྱི་རྩ་ཆེའི་དུས་ཚོད་འཕྲོ་བརླགས་ཡིན་པར་ཤེས་སོང་།

    བཟང་ངན་མི་ཤེས་གནམ་ལྷ་དོན་གྲུབ། །
    ཕྱོགས་ལྷུང་སྐྱག་དྲི་འཐིལ་བའི་གཏམ་ངན། །
    འདི་འདྲ་བྲིས་ནས་ཁྱོད་ལ་ཅི་ཕན། །
    མི་རྣམ་ཁྱོད་ལྟར་ལྐུགས་པ་མ་རེད། །

    Reply
  3. ཁམས་གསུམ་དབང་འདུས། says:
    ལོ་ 10 སྔོན།

    སོ་སོའི་སྐྱོན་འཁོགས་མ་གང་དེ་རྐུབ་འོག་ཏུ་བད། གཞན་སྐྱོན་འཐུར་མ་གང་དེ་གནམ་ལ་འཕྱར། ད་ཡིན་ན་འདུག ། གཏམ་ཨ་ཕས་གཏོང་རྒྱུ་ཨ་མས་བཏང་། ཁྱི་བདག་པོས་འགོག་རྒྱུ་མགྲོན་པོས་བཀག དེ་ལས་ཧམ་པ་རི་ཙམ་མ་བཤད་ན། བདེན་པ་གཡག་ཙམ་འཐོབ་ས་མ་རེད་དོ། ཧཧཧཧཧཧཧཧཧཧཧཧ

    Reply
  4. གནམ་ལྕག་ཐོགས་འབེབས། says:
    ལོ་ 10 སྔོན།

    དུས་ཐོག་ཆར་པ་རང་རེད། དཔེ་ཡག་པོ་འདུག དྲང་བདེན་གྱི་མིང་མང་ཡོངས་ཀྱི་ཚབ་ཞུས་ནས་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply
  5. བློ་བཟང་། says:
    ལོ་ 10 སྔོན།

    ཕྱོགས་ལྷུང་མེད་པ་བློ་གཟུར་བོའི་ཐོག་ནས་དཔྱད་གཏམ་རིན་ཐང་ཅན་ཞིག་བྲིས་འདུག ད་ལྟའི་དུས་སུ་སྐོམ་པའི་ཆུ་འདོད་ལྟར་ཤིན་ཏུ་མཁོ། ངས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཚབ་ཞུས་ནས་ཁྱོད་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།

    Reply
  6. Jampa2020 says:
    ལོ་ 10 སྔོན།

    གནམ་ལྷ་དོན་འགྲུབ་ལགས་ངས་གོང་གི་ཡི་གེ་དེ་དག་ཀློག་ཟིན་པ་ཡིན་ངོ་མ་ཁྱེད་རང་གི་བྲིས་པའི་ཡི་གེ་དེ་དག་ལ་ལྟ་དུས་ཁྱེད་རང་མི་ཐ་ཤལ་ཞིག་ཡིན་པ་བཤད་མི་དགོས་པ་ཞིག་རེད་འདུག་ངས་ཁྱེད་ལ་རྒྱུ་མཚན་མང་པོ་མི་བཤད་དང་པོ་ཁྱེད་རང་གི་འདེམས་པའི་འོས་མིར་བསྔགས་བརྗོད་དང་དེའི་རྒྱབ་བསྐྱོར་བ་རྣམས་ཡག་པོ་དང་འོས་མི་ཚོགས་ཙོ་སྤེན་པ་ཚེ་རིང་ལ་འཀུར་འདེབས་དང་དེའི་རྒྱབ་བསྐྱོར་བ་རྣམས་ལ་མི་འདོད་པའི་རྣམ་པ་ག་ཚོད་བྱས་འདུག། དྲང་པོ་བཤད་ན་དེ་ཚོ་བློ་ཟུར་བོར་གནས་པའི་སྐད་ཆ་ཞིག་མ་རེད། གོང་དུ་ཁྱེད་རང་གི་༼ངའི་འོས་ཤོག་འདི་༧གོང་ས་མཆོག་གིས་གནང་བའི་དམངས་གཙོའི་འོས་འགན་སྒྲུབ་བྱེད་ཡིན།༽ ཅེས་དེ་ལྟར་བྲིས་འདུག་ངས་ལྟས་ན་ཡི་གེ་དེའི་མགོ་བརྗོད་དང་ཁྱེད་རང་གི་བྱེད་སྟང་གཉིས་མཐུན་གི་མིན་འདུག། རང་བློར་ཡོད་པའི་འོས་མི་དེ་དང་དེའི་རྒྱབ་བསྐྱོར་བ་ཚོར་བསྔགས་བརྗོད་ཤུགས་ཆེན་དང་དེའི་ཁ་གཏད་འོས་མི་ཚོགས་གཙོ་སྤེན་པ་ཚེ་རིང་དང་རྒྱབ་བསྐྱོར་བ་ཚོར་རྐྱོན་བརྗོད་དང་ཟུར་ཟ་མི་འདོད་པའི་རྣམ་པ་དེ་དག་ནི་བོད་མིའི་མཐུན་བསྒྲིལ་གཏོར་ཤིག་གི་བྱ་སྤྱོད་ཞིག་ཡིན་པ་ཁྱེད་རང་གི་ཤེས་དགོས། ང་ཚོའི་སྤྱི་ཚོགས་དེའི་ནང་འོས་མི་གཉིས་གི་རྒྱབ་བསྐྱོར་བའི་བར་ལ་ཕན་ཚུལ་རྐྱོན་བརྗོད་དང་ཟུར་ཟ་མང་པོ་ཞིག་བྱས་པ་ཡིན་ན་ངོ་མ་དགྲ་དགའ་གཉེན་སྡུག་ཆགས་གི་ཡོད་པ་ཁྱེད་རང་གི་མཁྱེན་པ་གནང་དགོས་དེ་བས་བློ་ཚབ་བྱེད་དགོས་པ་ཞིག་ནི་སུ་ཞིག་སྲིད་སྐྱོང་ཆགས་པའི་རྗེས་ང་ཚོ་བཙན་འབྱོར་ནང་གི་བོད་པའི་མཐུལ་སྒྲེལ་དེའི་གནས་སྟངས་གང་འདྲ་ཞིག་ཆགས་ས་རེད་དམ། ངའི་རེ་བར་མ་འོང་པའི་བོད་ཀྱི་བདེ་དོན་མཆེད་༧གོང་ས་མཆོག་གིས་གནང་བའི་དམངས་གཙོའི་འོས་འགན་དེ་མཐུལ་སྒྲེལ་དང་ཡ་རབ་བཟང་སྤྱོད་དང་ལྡན་པ་ཞིག་གནང་རྒྱུ་དེ་ཧ་ཅང་གི་གལ་ཆེན་ཞིག་རེད།

    Reply
  7. བདེན་གསལ། says:
    ལོ་ 10 སྔོན།

    སྲིད་སྐྱོང་ལོ་ལྔའི་རིང་གྲུབ་འགྲས་རེ་གཉེས་བྱུང་ཡོད་པ་སྨོས་མི་དགོས་པ་ཞིག་རེད། ཡིན་ན་ཡང་མགོ་ལས་རྨ་ཆེ་བ་ཞིག་བཟོས་པའི་དཔེ་ལྟར་སྲིད་སྐྱོང་གིས་རྐང་རྗེས་ལག་བསུབ་གནང་བ་བརྟེན་ནས་ད་ལྟ་ལག་པར་སྟོང་པར་འོས་སློང་བར་འགྲོ་བཞིན་འདུག

    Reply
  8. འབྲོག་ཕྲུག says:
    ལོ་ 10 སྔོན།

    བོད་མི་རིགས་ཀྱི་རྩ་དོན་དང་སྤྱི་ཚོགས་ལ་ཕན་པའི་ཚད་ལྡན་གྱི་དཔྱད་བརྗོད་ཟེར་ན་འདི་འདྲ་ཡིན་རྒྱུ་རེད། ད་ལོ་ངོ་མ་དགྲ་དགའ་གཉེན་སྡུག ཕྱི་ནང་གོ་ལྡོག་གི་གནས་ཚུལ་མང་པོ་བརྩམས་སོང་། ངེད་བོད་པ་ཚང་ལ་ཕྱི་འཇམ་ནང་རྩུབ་དང་ཕྱི་ནང་གོ་ལྡོག་བྱེད་མཁན་མི་ཉུང་བ་ཞིག་འདུག་གཱ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese