མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་འོས་མི་གཉིས་ནས་བཟོད་གསོལ་ཞུས་པ་དང་སྦྲཊ་ཆིག་སྒྲིལ་དགོས་པའི་འབོད་སྐུལ་གནང་།

བོད་ཀྱི་དུས་བབ།
༢༠༡༦/༠༤/༠༧
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་འོས་མི་གཉིས་ཀྱིས་གསར་འགོད་ལྷན་ཚོགས་བསྐངས་ཏེ་༧གོང་ས་མཆོག་གི་དབུས་བོད་མི་རྣམས་ལ་བཟོད་གསོལ་ཞུས་བ་དང་སྦྲགས་བོད་མི་ཚང་མས་བོད་ཀྱི་རྩ་དོན་ཐོག་ནུས་པ་མཉམ་དུ་སྤུངས་དགོས་པའི་འབོད་སྐུལ་གནང་སོང་།

Screen Shot 2016-04-07 at 12.29.43 PM copyདེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ། བཀའ་ཤག་སྐབས་ ༡༥ པའི་སྲིད་སྐྱོང་འོས་མི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། སྲིད་སྐྱོང་འོས་མི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ནས་གསར་འགོད་ལྷན་ཚོགས་ཤིག་བསྐངས་ཏེ། ༧གོང་ས་མཆོག་གི་དབུས་བོད་མི་རྣམས་ལ་བཟོད་གསོལ་ཞུས་བ་དང་སྦྲགས། འོས་བསྡུའི་སྐབས་སུ་ལ་རྒྱབ་སྐྱོར་བྱས་ཡོད་མེད་ལ་མ་ལྟོས་པར་ད་ནས་བཟུང་བོད་མི་ཚང་མས་རྡོག་རྩ་ཆིག་སྒྲིལ་གྱིས་བོད་ཀྱི་རྩ་དོན་ཐོག་ནུས་པ་མཉམ་དུ་སྤུངས་དགོས་པའི་འབོད་སྐུལ་གནང་སོང་།

གསར་འགོད་ལྷན་ཚོགས་ཐོག་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆོག་གིས། རྩ་བའི་ཆ་ནས་ང་ཚོས་གསར་འགོད་ལྷན་ཚོགས་དེ་འདྲ་ཚོགས་སྐབས། མར་ཞུ་དགོས་པ་དེ་ཚོ་ཞུས་རྗེས་དྲི་བ་དྲིས་ལན་གྱི་དུས་ཚོད་ཅིག་ཕུལ་གྱི་ཡོད་པ་རེད། དེ་རིང་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་ངེད་གཉིས་ཀྱི་ངོས་ནས་ཞུ་བ་དེ་མང་ཚོགས་ཀྱི་བདེ་རྩའི་ཆེད་དུ་ཡིན་སྟབས། ཞུ་དགོས་དོན་གཙོ་བོ་དེ་གང་ཡིན་པ་མང་ཚོགས་ལ་ཞུ་ཆེད་ཡིན། མ་འོངས་པར་ང་ཚོས་གསར་འགོད་ལྷན་ཚོགས་བསྐང་དགོས་པ་དང་དྲི་བ་དྲིས་ལན་བྱེད་དགོས་པའི་དུས་ཚོད་ཏན་ཏན་ཤར་སྲིད་པ་རེད། དེ་དུས་དྲི་བ་དྲིས་ལན་གྱི་དུས་ཚོད་འབུལ་ཆོག་པ་ཞུ་ཞེས་ཞུ་རྒྱུ་ཡིན།

དེ་རིང་དཔལ་ལྡན་སྲིད་སྐྱོང་མཆོག་དང་ངེད་གཉིས་ཀྱིས་བཀའ་སྤྱི་ལྷན་རྒྱས་ཀྱི་ཐོག་ནས་ཡིན་ན་རེད། ངེད་གཉིས་སྲིད་སྐྱོང་འོས་མི་གཉིས་ཀྱང་ཆགས་བསྡད་ཡོད་སྟབས། བར་ལམ་ཕྱི་ཟླ་ ༣ ཚེས་ ༢༣ ཉིན་ང་རང་ཚོའི་ལས་དོན་བྱེད་ཕྱོགས་སྤྱི་དང་། བཟང་སྤྱོད་ཀྱི་ཐོག་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ལ་མ་བབས་པའི་གནས་ཚུལ་ཞིག་བྱུང་ཡོད་པ་རེད། དེ་བཞིན་ལྷ་སྲུང་མ་ཆོས་སྐྱོང་རྣམ་པ་ཚོའི་བཀའ་ལུང་གི་ནང་དུའང་བར་ལམ་གྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་ཐོག་ནས་འོས་མིར་བཞེང་མཁན་དང་། དེ་བཞིན་རྒྱབ་སྐྱོར་བྱེད་མཁན་ཚོའི་བྱ་སྤྱོད་ཀྱི་རྣམ་པའི་ཐོག་ཆོལ་ཁའི་འཐེན་འཁྱེར་དང་ཕྱོགས་རེས་ཀྱི་རྣམ་འགྱུར་མང་པོ་ཞིག་ཐོན་པའི་རྒྱུ་མཚན་ལ་བརྟེན་ཏེ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐུགས་ཕམ་བྱུང་བའི་གནས་ཚུལ་ཡོང་ཡོད་པས། སྙིང་ཁོང་རུས་པའི་གཏིང་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཟོད་གསོལ་ཞུ་བའི་མཇལ་ཁ་གནང་བར་ངང་སྒུག་ཞུ་བསྡད་ཡོད།

འོས་བསྡུའི་ལས་རིམ་གྱི་ཐོག་ནས་ད་ལྟ་བར་དུ་བྱུང་ཚར་བ་དེ་ཚར་བ་རེད་ལ། དེ་ཚོ་བཅོས་པའི་ཐབས་ལམ་ཡོད་པ་མ་རེད། ཡིན་ནའང་། གཙོ་བོ་དེ་མ་འོངས་པར་ང་རང་ཚོས་ག་འདྲ་ཞིག་བྱེད་དགོས་ཀྱི་ཡོད་མེད་དེའི་ཐོག་ལ་རེད། ང་རང་གཉིས་སྒེར་གྱི་ངོས་ནས་མ་འཆམ་དགོས་པའི་རྒྱུ་མཚན་རྩ་བ་ཉིད་ནས་ཡོད་པ་མ་རེད། དེ་བཞིན་ཕར་ཚུར་འཁོན་འཛིན་བྱེད་དགོས་པའི་གནས་སྟངས་རྩ་བ་ཉིད་ནས་མེད་ལ། མང་ཚོགས་ཀྱི་ངོས་ནས་ཀྱང་མ་འོངས་པར་ང་རང་ཚོ་བོད་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་ཏེ་ནུས་པ་མཉམ་སྤུངས་བྱེད་དགོས་པའི་ལས་འགན་དེ་ང་ཚོ་ཚང་མར་ཡོད་སྟབས། དེ་སྔོན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནམ་ཐང་དུ་བཀའ་སློབ་གནང་བ་ནང་བཞིན་རེད། སྐུ་མདུན་གྱི་ཕྱག་གིས་ངེད་གཉིས་ཀྱི་ལག་པ་ནས་འཇུས་ཏེ། ཆོལ་ཁ་གསུམ་ཆིག་སྒྲིལ་ཡོང་བའི་འགན་དེ་ཁྱེད་རང་གཉིས་ཀར་ཡོད་རེད་དཱ་ཞེས་གསུངས་པ་ལྟར། དེ་རིང་སླར་ཡང་ངེད་གཉིས་ཀྱི་ཐོག་ནས་འབོད་སྐུལ་ཞུ་བ་དེ་ང་ཚོའི་འོས་བསྡུའི་ལས་རིམ་ཟིན་པ་རེད། འོས་བསྡུའི་ལས་རིམ་སྐབས་སོ་སོའི་ངོས་ནས་སུ་ལ་རྒྱབ་སྐྱོར་བྱེད་སོ་སོའི་འདོད་པ་རེད། ཡིན་ནའང་། གཞི་མེད་ཀྱི་སྐྱོན་བརྗོད་བྱེད་པ་དང་། ད་ལྟ་ཡིན་ནའང་དཔེར་ན་ཉེ་ཆར་ཆོས་སྐྱོང་སྤྱན་འདྲེན་ཞུ་སྐབས་བསྟན་མའི་བཀའ་ལུང་དེ་ཚོར་བཟོ་བཅོས་བརྒྱབ་སྟེ། གང་བྱུང་བཏང་བསྡད་པ་དེ་ཚོའི་གྲས་དེ་ཐབས་སྐྱོ་བོའི་གནས་ཚུལ་རེད། ང་ཚོ་མི་ཙམ་ཕར་བཞག་སྟེ་ལྷ་ཚོ་ཡིན་ནའང་དེ་ངས་བཤད་མེད་དཱ་ཅེས་གསུང་དགོས་པའི་གནས་སྟངས་འདྲ་པོ་ཆགས་བསྡད་ཡོད་པ་རེད། དེར་བརྟེན་ཕྱོགས་ཕན་ཚུན་ཚང་མས་གནོད་སྐྱེལ་བའི་ལས་ཀ་དེ་ཚོ་མི་བྱེད་པར་༧རྒྱལ་བ་རིན་པོ་ཆེའི་བཀའ་སྒྲུབ་རྒྱུ་དང་། དེ་བཞིན་བོད་དོན་བདེན་མཐའ་སེལ་བའི་ཆེད་དུ་ཚང་མ་མཉམ་རུབ་ཀྱི་ཐོག་ནས་ལས་ཀ་བྱེད་རོགས། སྐུ་ངོ་སྲིད་སྐྱོང་མཆོག་ལ་རྒྱབ་སྐྱོར་གནང་མཁན་ཡིན་ན་རེད། ང་ལ་རྒྱབ་སྐྱོར་བྱེད་མཁན་ཚོ་ཡིན་ནའང་རེད། ཚང་མས་ད་ལྟ་ཕན་ཆད་ཀྱི་གནས་ཚུལ་ཚང་མ་ཕར་བཞག་སྟེ་ཆིག་སྒྲིལ་གྱི་ནུས་པ་སྤུངས་ནས་མཉམ་རུབ་ཀྱིས་འགྲོ་དགོས་པ་དེ་གལ་ཆེན་པོ་རེད། ད་ཕན་ནས་གཅིག་གིས་གཅིག་ལ་གནོད་པ་དང་ང་རང་ཚོའི་ཆིག་སྒྲིལ་གྱི་ནུས་པར་གཏོར་བཤིག་གཏོང་བའི་ལས་ཀ་སུས་བྱེད་ཀྱི་ཡོད་ནའང་དེ་ཚོ་མ་བྱེད་རོགས་ཞེས་ཞུ་རྒྱུ་དང་། སྲུང་མའི་བཀའ་ལུང་ཕེབས་པ་བཅོས་བ་དེ་དོལ་རྒྱལ་བསྟེན་མཁན་ཡིན་ན་རེད། ཡང་མིན་ན་རྒྱ་ནག་གཞུང་གི་རྒྱུག་ཁྱི་དེ་འདྲ་ཞིག་གིས་བྱེད་ཀྱི་ཡོད་པའི་དོགས་པ་ཤར་ཡོང་གི་འདུག ད་ནས་བཟུང་ང་ཚོར་རྒྱབ་སྐྱོར་བྱེད་མཁན་ཚོ་ཆིག་སྒྲིལ་བྱེད་དགོས་པ་རེད། ཕྱིས་སུ་དེ་འདྲ་བྱུང་བ་ཡིན་ན་དེ་ཚོའི་གྲས་དེ་དངོས་གནས་དྲང་གནས་རྒྱ་ནག་གི་རྒྱུག་ཁྱི་དང་དོལ་རྒྱལ་བསྟེན་མཁན་གྱི་ལག་ཆར་འགྱུར་གྱི་ཡོད་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡིན་ཞེས་ངས་ལག་གཉིས་ཐལ་མོ་སྦྱར་ཏེ་ཞུ་ཡི་ཡོད། ང་རང་ལ་རྒྱབ་སྐྱོར་གནང་མཁན་ཚོ་ལ་ངས་དེ་སྔའང་ཞུས་པ་ཡིན། སོ་སོས་བཤད་དགོས་པ་དེ་ཚོ་གཞི་རྩ་ཡོད་པའི་ཐོག་ནས་བཤད་དགོས་པ་རེད་མ་གཏོགས་གཞི་རྩ་མེད་པའི་རྫུན་བཤད་པ་དེ་ཚོའི་གྲས་དེ་མ་བཤད་རོགས། སྐད་འཕྲིན་གྱི་ཚོགས་པ་དེ་ཚོ་ཡིན་ནའང་འོས་བསྡུའི་ལས་རིམ་ཚར་རྗེས་མཚམས་བཞག་རོགས་ཟེར་ནས་ཞུ་བ་ལྟར་མང་པོ་ཞིག་གིས་དེ་འདྲ་གནང་འདུག ང་ལ་རྒྱབ་སྐྱོར་གནང་མཁན་ཚོའི་ངོས་ནས་ཡིན་ནའང་དེ་རིང་ནས་བཟུང་ཚང་མས་མཚམས་འཇོག་རོགས། གང་གནང་བ་ཚང་མ་བོད་སྤྱི་པའི་དོན་དུ་ནུས་པ་སྤུངས་གནང་རོགས་ཞེས་ངས་འབོད་སྐུལ་ཞུ་ཡི་ཡོད། ཅེས་གསུངས་སོང་།

སྲིད་སྐྱོང་འོས་མི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུངས་དོན། དེ་རིང་འདིར་སྲིད་སྐྱོང་འོས་མི་དཔལ་ལྡན་ཚོགས་གཙོ་ནས་བཀའ་གནང་བ་དང་། དེ་བཞིན་མི་མང་ལ་འབོད་སྐུལ་ཞུས་པ་དེར་ང་རང་ཡིན་ན་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད། མོས་མཐུན་ཡོད་ཅེས་ཞུ་བ་ཡིན། ཚང་མས་མཁྱེན་གསལ་རེད། ཉེ་ཆར་བཀའ་ལུང་ནང་དུ་ཕེབས་པ་ལྟར་གཙོ་ཆེ་ཤོས་མི་མང་ནང་དམ་ཚིག་དང་ཆིག་སྒྲིལ་དགོས་པ། དེ་ཡོད་པ་ཡིན་ན་སྤྱི་མཐུན་གྱི་བསོད་ནམས་གསོག་གི་ཡོད་པ་རེད། སྤྱི་མཐུན་གྱི་བསོད་ནམས་ག་ཚོད་ཡོད་པ་ཡིན་ན་དེ་ལ་དཔག་པའི་༧གོང་ས་མཆོག་གི་སྐུ་ཚེ་དང་ཐད་ཀར་འབྲེལ་བ་ཡོད་དུས། ང་ཚོའི་སྤྱི་ཚོགས་ནང་ལ་དེ་སྔ་ཡང་ཞུས་བསྡད་པ་ཡིན། ང་ཚོའི་ནང་དམ་ཚིག་གཙང་མ་དགོས་པ་དང་རྡོག་རྩ་ཆིག་སྒྲིལ་དགོས་པ། མཐུན་སྒྲིལ་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད། དེར་བརྟེན་འོས་བསྡུའི་སྐབས་རྒྱབ་སྐྱོར་གནང་མཁན་རེད། མི་མང་ཚང་མར་འབོད་སྐུལ་ཞུ་རྒྱུར། འོས་བསྡུའི་ལས་རིམ་དེ་ཚར་བ་ཡིན་པས་ད་ང་ཚོ་ཚང་མས་རྡོག་རྩལ་ཆིག་སྒྲིལ་གནང་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད་ཅེས་ཞུ་བ་ཡིན། འོས་བསྡུའི་སྐབས་ཏན་ཏན་མི་མང་ནང་ཐུགས་ཕམ་དགོས་པའི་གནས་ཚུལ་ཆགས་ཡོད་པ་རེད། དེ་ངོས་ལེན་ཞུ་ཡི་ཡོད། ངོས་ལེན་ཞུས་བ་དང་སྦྲགས་མི་མང་ལའང་བཟོད་གསོལ་ཞུ་ཡི་ཡོད། ཉེ་ཆར་༧གོང་ས་མཆོག་ནས་བཀའ་སློབ་ནན་པོ་ཞེ་དྲགས་ཕེབས་ཡོད་པ་རེད། བཀའ་སློབ་ཕེབས་པ་དེ་ཚོ་སེམས་ལ་ཉར་བའི་ཐོག་ནས་དགོངས་པ་མ་དྭངས་བར་དུ་དགོངས་སེལ་ཞུ་རྒྱུ་རེད། དེ་ལས་གལ་ཆེ་བ་དེ་བཀའ་སློབ་གནང་བ་དེ་ཚོ་སེམས་ལ་བཞག་པའི་ཐོག་ནས་ལག་བསྟར་བྱེད་དགོས་པ་དེ་གལ་ཆེ་ཤོས་རེད། བཀའ་ཤག་འདིའི་ཐོག་ནས་ཡིན་ནའང་ལས་རིམ་བང་སྒྲིག་བཞིན་ཡོད། འཕྲོད་བསྟེན་དང་ཉམ་ཐག བཟང་སྤྱོད། འོས་བསྡུའི་སྒྲིག་གཞི་བཅས་ཀྱི་ཐོག་ནས་ད་ལྟའི་བར་དུ་བཀའ་སློབ་ཕེབས་པ་དེ་ཚོ་གལ་ཆེན་པོར་རྩིས་ཏེ་ལས་རིམ་བང་སྒྲིག་བཞིན་ཡོད་ལ། མ་འོངས་པར་བཀའ་ཤག་གིས་ཏན་ཏན་ལག་བསྟར་གནང་གི་ཡོད་པར་ངོས་འཛིན་གྱི་ཡོད། གང་ཡིན་ཟེར་ན། ང་རང་ཚོའི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལས་ལྷག་ཡོད་པ་མ་རེད། བོད་ཀྱི་ལོ་རྒྱུས་ནང་གཟིགས་པ་ཡིན་ན་རེད། བོད་ཕྱི་ནང་གཉིས་ཀྱི་མི་མང་གི་རྡོག་རྩ་ཆིག་སྒྲིལ་ལ་གཟིགས་ནའང་རེད། བོད་ནང་གི་བོད་མིའི་སྙིང་སྟོབས་ལ་གཟིགས་ན་རེད། དེ་བཞིན་བཙན་བྱོལ་ནང་གང་ཡང་མེད་པ་ནས་ད་ལྟའི་ཆར་ང་ཚོར་ཆ་ཚང་ཡོད་ཐུབ་པ་དང་། འཛམ་གླིང་གི་སྡིངས་ཆའི་སྒང་ལ་འགྲོ་ཐུབ་པ་དེ་ཁོང་གི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་རེད། དེར་བརྟེན་བོད་རྩ་དོན་ཆེད་དུ་ཡིན་ན་རེད། ལོ་རྒྱུས་ཀྱི་ཐོག་ནས་ཡིན་ནའང་རེད་གང་ཅིའི་ཐད་ནས་ཁོང་ལས་ལྷག་པའི་བཀའ་དྲིན་ཆེ་བ་ཞིག་མེད་སྟབས། ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་ཀྱིས་བཀའ་སློབ་གནང་བཞག་པ་དེ་ཚོ་ལག་བསྟར་བྱེད་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད། དེ་ལག་བསྟར་བྱེད་པར་ང་རང་ཚོའི་ངོས་ནས་དམ་བཅའ་གཙང་མ་ཡོད། ད་ལན་ནས་བཟུང་སྟེ་ང་ཚོའི་སྤྱི་ཚོགས་ནང་དམ་ཚིག་དང་མཐུན་སྒྲིལ། ཆིག་སྒྲིལ་སྔར་ལྷག་གིས་ཚད་མཐོ་བོ་བྱུང་ཐུབ་པར་འབད་བརྩོན་ཞུ་བར་གྲ་སྒྲིག་ཨང་གསར་ཡོད། ཏན་ཏན་རང་འབད་བརྩོན་ཞུ་ཡི་ཡིན་ཞེས་ཞུ་བ་ཡིན།

ད་ལན་གྱི་འོས་བསྡུའི་སྐབས་སུ་བྱུང་ཡོད་ལ། ད་ལྟ་ཡིན་ནའང་ཆོལ་ཁ་འཐེན་འཁྱེར་དང་འཁྱོག་བཤད་དེ་ཚོ་མུ་མཐུད་དུ་འགྲོ་ཡི་འདུག ང་རང་གིས་ཐད་ཀར་ཞུ་ཐུབ་པ་དེ་ད་ལྟ་དཔལ་ལྡན་ཚོགས་གཙོ་ནས་བཀའ་གནང་བ་གཞིར་བཟུང་ཁོང་ལ་རྒྱབ་སྐྱོར་གནང་མཁན་ཚོར་མ་གནང་རོགས་ཞེས་བཀའ་གནང་བ་ལྟར། ང་རང་གི་ཐོག་ནས་ཡིན་ནའང་ང་ལ་རྒྱབ་སྐྱོར་བྱེད་མཁན་ཚང་མས་འོས་བསྡུའི་ལས་ཀ་མཚམས་འཇོག་བྱས་ཏེ། བོད་མི་ཞིག་ཡིན་པའི་ཆ་ནས་ང་ཚོའི་ཆིག་སྒྲིལ་ལ་ཕན་པའི་འགན་འཁུར་གནང་བའི་ཐོག་ནས་ཕྱག་ལས་གནང་རོགས་ཞེས་ཞུ་བ་གཙོ་བོ་དེ་ཡིན། མི་མང་གི་ནང་ནས་ཡིན་ནའང་ང་ཚོ་སྤྱི་པར་བསམ་བློ་བཏང་སྟེ་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་མངོན་འདོད་འགྲུབ་པའི་ཆེད་དུ་སྐུ་ལས་སྐྱོན་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། དེའི་སྒང་ལ་རྡོག་རྩ་ཆིག་སྒྲིལ་གྱིས་ནུས་པ་སྒྲིག་རོགས་གནང་ཞེས་ཞུ་བ་གཙོ་བོ་དེ་ཡིན། ཞེས་གསུངས་སོང་།

མཇུག་ཏུ་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆོག་ནས་བོད་ནང་དུ་ཡོད་པའི་བོད་མི་ཚོ་ཐུགས་ཕམ་བྱུང་ཡོད་ན། ངེད་གཉིས་ཀྱི་ངོས་ནས་དགོངས་སེལ་ཞུ་བ་དང་། མ་འོངས་པར་བོད་ནང་དུ་ཡོད་པའི་བོད་མི་ཚོ་བློ་བདེ་བོ་བྱས་ནས་བཞུགས་རོགས་གནང་། ངེད་གཉིས་ཀའི་ཐོག་ནས་མཐུན་སྒྲིལ་ཡོང་བར་གང་ཐུབ་ཐུབ་ཀྱིས་འབད་བརྩོན་ཞུ་ཡི་ཡིན་ཞེས་ཞུ་བ་ཡིན། ཞེས་གསུངས་རྗེས། དྲི་བ་དྲིས་ལན་གྱི་དུས་ཚོད་མེད་པས་གསར་འགོད་ལྷན་ཚོགས་གྲོལ་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༨ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 10

  1. གངས་ཅན་ཕོ་ཉ། says:
    ལོ་ 9 སྔོན།

    མི་རབས་ནས་མི་རབས་བརྒྱུད་ནས་བོད་མི་བཟའ་ཞིང་བོད་མི་གྱོན་པའི་སྐུ་དྲག་ལགས་རྣམས་ཀྱིས་ཆོས་ལྡན་བོད་ཀྱི་ཞིང་ཁམས་འདི། ཀླ་ཀློར་རྒྱ་དམར་ལག་ཏུ་བཞག་ནས་རང་ཉིད་རང་མགོ་གང་ཐོན་གྱིས་མི་དམངས་ཁྲོད་ནས་ཁྲལ་དང་གཡོ་སྒྱུས་བླངས་པའི་གསེར་དངུལ་ནོར་རྫས་སོགས་གང་ནུས་འཁྱེར་ནས། རྐང་པ་ཡ་ཅིག་རྒྱ་གར་བཙུགས། རྐང་པ་ཡ་ཅིག་ས་མཚམས་བཞག ཁེ་སང་ཡོད་ན་རྒྱ་དམར་འོག་ཏུ་སྡད། ཁེ་སང་མེད་ན་རྒྱ་གར་ཡུལ་དུ་འགྲོ། ཞེས་པའི་བཤད་ཡམས་དེ་བོད་པའི་སྤྱི་ཚོགས་ནང་འབྲུག་ལྟར་གྲགས་ནས་ཡོད། དེ་ལྟར་ཡིན་ཡང་ས་སྐྱར་ལེགས་བཤད་དུ། གྲོགས་བཟང་མཛའ་བོ་རྒུད་ཚེ་སྐྱོང་། གྲོགས་ངན་མཛའ་བོ་འབྱོར་ཚེ་སྐྱོང་། ཞེས་གསུངས་པ་ལྟར་བོད་མི་རིགས་དེ་ཉག་ཕྲ་བའི་དུས་སུ། ཕ་རབས་བུ་རབས་ནས་བསགས་པའི་རྒྱུ་ནོར་དང་རང་གི་གཅེས་པའི་སྲོག་ཀྱང་ཕངས་མེད་དུ་བཏང་ནས་མ་སྐུལ་དྭང་བླངས་ཞུམས་པ་མེད་པའི་སྙིང་སྟོབས་ཀྱིས། རྒྱ་དམར་ལ་འགོག་རྒུལ་དང་༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་གདན་འདྲེན་ཞུ་བའི་སྐལ་བཟང་གི་བྱ་བ་དེ་ང་ཚོ་བོད་པ་ཙམ་དུ་མ་ཟད་འཛམ་གླིང་གི་ནང་པ་སྤྱི་དང་འཛམ་བུ་གླིང་པ་སྤྱི་ལ་བཀའ་དྲིན་གྱིས་ཁྱབ་ནས་ཡོད། བཀའ་དྲིན་དེ་བསམ་ཤེས་ན་ད་ལྟར་ཆུ་སྒང་གཉིས་སུ་གྱེར་བ་དེ་ཅིག་ཏུ་འདུ་ཐུབ་ན་ཕན་ཚུན་མཐུན་སྒྲིལ་དང་ཕྱིས་སུ་རིམ་བཞིན་རྙོག་དྲག་མེད་པ་ཡལ་ནས་འགྲོ་ངེས་ཡིན། དེ་ནི་བྱ་བ་ལེགས་པ་ཞིག་མ་ཡིན་ནམ། རྙོག་དྲག་ཆེན་པོ་དེ་ཆུང་ངུར་བཟོས་པ་དང་། རྙོག་དྲག་ཆུང་ངུ་དེ་མེད་པ་བཟོས་ཐུབ་ན་མཁས་པ་ཞེས་ཀྱང་དེ་ཡིན། རྣམ་དཔྱོད་ཅན་ཞེས་ཀྱང་དེ་ཡིན། གྲུང་པོ་ཞེས་ཀྱང་དེ་ཡིན། ཞེས་སོགས་༧གོང་ས་མཆོག་གི་ཡང་ཡང་གསུངས་པ་མ་ཡིན་ནམ། སྲིད་དོན་པ་རྣམས་ཀྱིས་སྲིད་དབང་ཐོབ་པའི་ཆེད་དུ་སྲིད་དོན་འཁྲབ་པ་ཆོས་ཉིད་ཡིན། སྲིད་སྐྱོང་གིས་ཕ་ཡུལ་ཅིག་དང་ཞེན་ཡུལ་ཅིག་བེད་སྤྱོད་ནས་སྲིད་དོན་འཁྲབ་ཡོད་མེད་མི་ཤེས་ཀྱང་། དེ་ཙམ་གྱིས་ལེགས་ཉེས་འབྱེད་མི་ཐུབ་སྟེ། ད་དུང་སྲིད་སྐྱོང་གི་ཀུན་སློང་ལ་བརྟག་དགོས་པ་ཡིན། གང་ཡིན་ཞེ་ན། རྩ་བ་དུག་ཡིན་ན་སྡོང་པོ་དང་ཡལ་ག་ལོ་མ་རྣམས་ཀྱང་དུག་ཡིན། རྩ་བ་སྨན་ཡིན་ན་སྡོང་པོ་དང་ཡལ་ག་ལོ་མ་རྣམས་ཀྱང་སྨན་ཡིན། དེ་ལྟར་ཡང་བསྟན་པའི་བདག་པོ་སྟོན་པ་སངས་རྒྱས་ཀྱིས། ཆོས་རྣམས་ཐམས་ཅད་འདུན་པའི་རྩ་ལ་གནས། ཞེས་ལུས་ངག་གི་བྱ་བ་ཐམས་ཅད་དགེ་བར་འགྲོ་དང་མི་འགྲོ་ཐམས་ཅད་བསམ་པ་ཀུན་སློང་ལ་རག་ལས་པ་གསུངས། ཡང་ཕྲག་དོག་ངོས་བཟུང་བ་ཤིན་ཏུ་ནས་གལ་ཆེ། ཕྲག་དོག་ཞེས་པ་ནི། ༧རྒྱལ་བ་དགེ་འདུན་གྲུབ་པས། གཞན་འབྱོར་ཕུན་ཚོགས་མཐོང་ཚེ་རང་ཉིད་མི་བཟོད་པ། གདུག་པའི་དུག་གིས་མྱུར་དུ་ཁྱབ་བྱེད་པའི། ཕྲག་དོག་སྦྲུལ་གྱིས་འཇིགས་པ་སྐྱབས་དུ་གསོལ། ཞེས་གསུངས་པ་ལྟར་ཡིན། ང་ཚོ་ཚང་མ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སློབ་མ་དང་རྡོ་རྗེ་སྤུན་ཡང་ཡིན་པས་༧བླ་མ་དམ་པ་རྩ་ནས་གསུང་ཆོས་གང་གསན་པ་རྣམས་ཉིན་རེ་བཞིན་གང་ནུས་ཀྱིས་ལག་ལེན་རེ་བསྟར་ཐུབ་ན། སྒྲུབ་པའི་མཆོད་པ་དང་བརྟན་བཞུགས་དེ་ལས་ལྷག་པ་མེད། ཕན་སེམས་ཀུན་ནས་བསླངས་ཏེ་བྲེས་པའོ།

    Reply
  2. ཆོས་འཕེལ། says:
    ལོ་ 9 སྔོན།

    ད་ནས་གཟུང་རྒྱ་མིའི་དམིགས་ཡུལ་རོག་བྱེད་མཁན་ཚོ་ཕུད། དེ་མིན་བོད་ལ་དགའ་དུངས་གཅིག་ཏུ་ཡོད་མཁན་ཡིན་ན་ཁོང་གཉིས་ཀྱི་གསུངས་བ་བཞིན་ཤར་བསྐྱོད་དགོས་ངེས་རེད། སུ་ཞིག་གི་དཀྲུག་རྐྱེན་དུ་འགྲོ་བའི་ཡིག་རྙོག་སྤལ་ན་དེས་ནི་དཀྲུང་གོ་གཞུང་ལ་མཐའ་གཅིག་ཏུ་རོག་བྱེད་བཞིན་ཡོད་པ་རེད།

    Reply
  3. སྨོན་ལམ་རིན་ཆེན། says:
    ལོ་ 9 སྔོན།

    ཕྱི་ལོ་༡༩༩༤་ལོར་དུས་ཚོད་ཛ་དྲག་སྐབས་༸གོང་ས་མཆོག་དང་། བཙན་བྱོལ་བོད་གཞུང་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་མཁན་གྱི་རྡ་རམ་ས་ལའི་མདོ་སྟོད་ཆུ་སྒང་དབུས་རྒྱུན་དེ་དེང་སྐབས་བོད་གཞུང་གིས་ངོས་ལེན་མེད་པའི་ཆུ་སྒང་ཞེས་གཏན་འབེབས་བྱས་ཡོད་པ་དེ་དང་།
    ༸གོང་ས་མཆོག་དང་། བོད་གཞུང་ལ་མཐའ་གཅིག་ཏུ་རྒྱབ་འགལ་དང་ངོ་རྒོལ་བྱེད་མཁན་གྱི་ལི་ཐང་ཨ་ཐར་གྱི་ཕྱོགས་་གཏོགས་ཀྱི་རྡི་ལིའི་མདོ་སྟོད་ཆུ་སྒང་དེ་དེང་སྐབས་བོད་གཞུང་གིས་ངོས་ལེན་ཡོད་པའི་ཆུ་སྒང་ཞེས་པ་བཟོ་མཁན་དེ་སུ་རེད་དམ། དེ་ལྟར་བྱེད་མཁན་དེ་ཚོ་སུ་ཡིན་ནམ
    གྲོགས་པོ་ཚོ་དྲི་བ་ཡིན་དོ། །
    དེ་ལྟར་བྱེད་མཁན་དེ་ཚོ་གསལ་པོ་བཤད་ན། སྐུ་ངོ་འཇུ་ཆེན་ཐུབ་བསྟན་གྱི་ལག་འོག་སྐབས་དེའི་ཁྲིམས་དཔོན་བྱ་དུར་བཟང་པོ་ཟེར་བ་དེས་བོད་གཞུང་གི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་མིང་ཐོག་ནས་དེ་ལྟར་བཟོས་པ་རེད་ལ། དེ་བཞིན་ སྐུ་ངོ་འཇུ་ཆེན་ཐུབ་བསྟན་གྱིས་ལྐོག་ཇུས་ལྟར་སྐབས་དེའི་འཕྲལ་སེལ་སྤྱི་འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་ཡིན་པའི་སྐབས་དེར་ཀར་ཆོས་ར་བཟི་དེས་གཙོ་བོ་བྱས་ཏེ། དེའི་ཕྱོགས་གཏོགས་སྤྱི་འཐུས་ནང་གི་མི་ངན་དེ་ཚོས་སླར་ཡང་དཀར་པོ་ནག་པོ་དང་ནག་པོ་དཀར་པོ་བཟོས་པ་རེད་དོ།།
    དེ་ཚོ་ལ་ཚང་མས་བསམ་བློ་གཏང་དགོས་པ་གལ་ཆེན་རེད། དེ་ཚོའི་རིགས་དེ་ང་ཚོའི་སེམས་ནས་བརྗེད་མི་ཉན་ནོ། །

    Reply
  4. སྨོན་ལམ་རིན་ཆེན། says:
    ལོ་ 9 སྔོན།

    Khampa Posarཟེར་བ་ཁྱོད་ཀྱིས་ཉོན་དང་། བགྲོ་གླེང་མ་བྱེད་སུ་གཅིག་གིས་གསུངས་མ་སོང་། འོན་ཀྱང་གློ་གླེང་སྐབས་དངོས་ཡོད་རྒྱུ་མཚན་དང་གནས་ལུགས་མ་བཤད་པར་༸གོང་ས་མཆོག་གི་མཚན་ཁོ་ན་བེད་སྤྱོད་བཏང་བ་སོགས་དང་། ལས་དོན་གང་མང་འཐུས་ཤོར་འགྲོ་བཞིན་པ་སོགས་དང་། ༸གོང་ས་མཆོག་ལ་བརྟན་བཞུགས་སུས་འབུལ་མིན་ཙམ་གྱི་སྐུ་དབང་ཡང་༸གོང་ས་མཆོག་ལ་མེད་པ་འདི་རིགས་དང་། ལྷག་པར་དུ་ལོ་མང་རིང་༸གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་ལྷག་བསམ་དཀར་བའི་རྡ་རམ་ས་ལའི་མདོ་སྟོད་དབུས་རྒྱུན་ལས་ཁང་དེ་ད་ལྟ་ནག་པོ་བཟོས་པར་མ་ཟད་ཁོང་ཚོར་༸གོང་ས་མཆོག་ལ་བརྟན་བཞུགས་ཙམ་ཡང་འབུལ་དབང་མེད་པ་དང་། ལི་ཐང་ཨ་ཐར་ཕྱོགས་གཏོགས་ཚོ་སླར་ཡང་ད་ལྟ་སྤྱི་ཚོགས་ནང་ས་མཆོང་གནམ་མཆོང་བྱེད་བཞིན་པ་སོགས་དང་། གནས་ཚུལ་འདི་ཚོ་ཤེས་བཞིན་དུ་སྲིད་སྐྱོང་བློ་སེང་གིས་ཀྱང་རྡ་རམ་ས་ལའི་ཆུ་སྒང་གསར་པ་ལ་གཉའ་གནོན་དང་། རྡི་ལིའི་ཆུ་སྒང་རྙིང་པ་ལ་རྒྱབ་སྐྱོར་བྱེད་བཞིན་པ་འདི་ཚོ་ཚང་མ་ལ་བསམ་བློ་ཡག་པོ་ཐོངས་དང་། ལས་རྒྱུ་འབྲས་དང་མི་མཐུན་པའི་ལས་ཀ་མ་རུང་པ་འདི་ཚོ་ལ་བླ་མ་ལྷ་སྲུང་དང་བཅས་པས་ཐུགས་མཉེས་ཀྱི་རེད་དམ། ངས་བལྟས་ན་ལས་རྒྱུ་འབྲས་དང་མི་མཐུན་པའི་དཀར་ནག་གོ་ལྡོག་འདི་རིགས་ལ་བླ་མ་ལྷ་སྲུང་དང་བཅས་པ་རྩ་བ་ནས་ཐུགས་མི་མཉེས་ཐག་ཆོད་རེད་དོ།།
    ཚང་མས་བསམ་བློ་ཡག་པོ་ཐོངས་མ་གཏོགས།

    Reply
  5. Khampa Posar says:
    ལོ་ 9 སྔོན།

    སྲིད་སྐྱོང་འོས་མི་གཉིས་ཀྱིས་བཟོད་གསོལ་ཞུ་དགོས་པའི་ལས་ཀ་ག་རེ་བྱས་ཡོད་པ་རེད། ཁོང་རྣམ་པ་གཉིས་ཆ་ང་ཚོའི་སྤྱི་ཚོགས་ལ་སྣེ་ཁྲིད་མཁན་ཤེས་འཇོན་གཟེངས་སུ་ཐཽན་པ་གཉིས་རེད། ད་བར་དུ་ཇུར་ཐག་གནང་མཁན་གཉིས་རེད། དམངས་གཙོའི་འགྲོ་ལུགས་བཞིན་ཕན་ཚུན་བཤད་སྦྱངས་དང་བགྲོ་གླེང་ལྷུག་པོར་གནང་བ་རེད། དེ་ད་དུང་དམངས་གཙོའི་གཟི་བརྗིད་རེད། སུ་ལའང་དགོངས་སེལ་ཞུ་དགོས་དོན་མི་འདག་སྙམ། མི་འོངས་པ་ཡང་དམངས་གཙོའི་བརྒྱུད་རིམ་ནང་འདི་འདྲའི་དཀྱེལ་ཡངས་ཀྱི་ཁོར་ཡུག་ཅིག་མ་ཡོང་བར་དུ་བགྲོ་གླེང་ལྷུག་པོ་ཞིག་མི་ཡོང་བ་ཐག་གིས་ཆོད།

    ད་ལྟ་འགྲོ་བཞིན་པའི་ཨ་རིའི་སྲིད་འཛིན་འོས་བསྡུ་དང་སྔ་ལོར་སོང་ཟིན་པའི་ཨི་ནལན་གྱི་སྲིད་བློན་འོས་བསྡུ་ཁག་ལ་ཅིག་ལྟོས་དང་། ང་ཚོའི་གཏམ་དཔེར། འགྲན་སངས་རྒྱས་ལ་ཚོལ། ཟེར་བ་བཞིན་མེད་དམ།

    Reply
  6. སང་ཉིན། says:
    ལོ་ 9 སྔོན།

    མི་ལ་ནོར་འཕྲུལ་མེད་མཁན་དང་ཤིང་ལ་མཛེ་པ་མེད་མཁན་མེད་མོད།ནོར་འཕྲུལ་ཡོ་བསྲང་བྱ་རྒྱུའི་ཡོད་པ་ཞིག་རེད།ད་ནས་བཟུང་སྲིད་སྐྱོང་འོས་མི་གཉིས་སྐྱོན་བརྗོད་མི་གནང་བའི་འབོད་སྐུལ་ཞུ།

    Reply
  7. ལོ་ལེགས། says:
    ལོ་ 9 སྔོན།

    རྣམ་པ་གཉིས་ཤེས་འཇོན་གཉིས་ལྡན་ཡིན་པ་ལ་རྩོད་མེད་རེད་མོད། སྤྱི་བསམ་དང་ཛ་དྲག་ངར་ཤུགས་ཀྱི་ཐོག་ནས་འདང་ངེས་མེད་པ་ཁས་མི་ལེན་ཡང་ཚང་མས་མངོན་སུམ་དུ་མཐོང་ཡོད། གུས་ཀྱང་བོད་འབངས་སུ་གཏོགས་པ་ཞིག་ཡིན་པའི་ཆ་ནས་སླད་ཕྱིན་ཁྱེད་གཉིས་ཀྱིས་བོད་དོན་འཐབ་རྩོད་དང་ཆིག་སྒྲིལ། མི་གཤིས་སོགས་གང་ཐད་ནས་མི་ཡོངས་ལ་མིག་དཔེ་བཟང་པོ་ཞིག་འཇོག་ཐུབ་པའི་རེ་བ་དང་སྐྱབས་འཇུག་ཞུ་བཞིན་ཡོད། བོད་རྒྱལ་ལོ།

    Reply
  8. སྨོན་ལམ་རིན་ཆེན། says:
    ལོ་ 9 སྔོན།

    ཧ་ཧ་ཧ། སྲིད་སྐྱོང་བློ་སེང་གིས་”སྤྱི་མཐུན་གྱི་བསོད་ནམས་གསོག་གི་ཡོད་པ་རེད། སྤྱི་མཐུན་གྱི་བསོད་ནམས་ག་ཚོད་ཡོད་པ་ཡིན་ན་དེ་ལ་དཔག་པའི་༧གོང་ས་མཆོག་གི་སྐུ་ཚེ་དང་ཐད་ཀར་འབྲེལ་བ་ཡོད་དུས།”ཞེས་བཤད་འདུག སྐད་ཆ་འདི་ཚོ་གོ་དུས་གད་མོ་འཆོར་གྲབས་འདུག
    གང་ཡིན་ཟེར་ན་སྤྱི་མཐུན་གྱི་བསོད་ནམས་གསོག་དགོས་ན། དྲང་བདེན་གྱི་ལམ་ལ་འགྲོ་དགོས་པ་རེད། དྲང་བདེན་གྱི་ལམ་ལ་མ་ཕྱིན་པར་སྤྱི་མཐུན་གྱི་བསོད་ནམས་ཇི་ལྟར་གསོག་གམ། དཔེར་ན་སྔ་ལོ་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་སྐབས་༸གོང་ས་མཆོག་ལ་བརྟན་བཞུགས་འབུལ་དགོས་ཞེས་རྡ་རམ་ས་ལའི་མདོ་སྟོད་ཆུ་སྒང་དབུས་རྒྱུན་ལས་ཁང་གིས་༸གོང་ས་མཆོག་ལ་ཞུས་པར་༸གོང་ས་མཆོག་གིས་ཀྱང་དེ་འགྲིག་གི་རེད། ཅེས་ཞལ་བཞེས་ཐོབ་བཞིན་དུ། བློ་སེང་བཀའ་ཤག་གིས་རྡ་རམ་ས་ལའི་མདོ་སྟོད་ཆུ་སྒང་དབུས་རྒྱུན་གྱིས་རྡོར་གདན་དུས་དབང་སྐབས་བརྟན་བཞུགས་འབུལ་མི་དགོས་པ་གནང་རོགས་ཞུ། དེའི་ཚབ་ལ་༸གོང་ས་མཆོག་ལ་རྡོར་གདན་དུས་དབང་སྐབས་བཀའ་ཤག་གིས་གཞུང་འབྲེལ་བརྟན་བཞུགས་ཤིག་འབུལ་ཆོག་པར་ཞུ་ཞེས་ཨུ་ཚུགས་རྒྱག་མཁན་བློ་སེང་གཙོས་ད་ལྟའི་བཀའ་ཤག་རེད་དོ། །
    དེ་ལྟར་ཨུ་ཚུགས་བརྒྱབས་པར་བརྟེན། ༸གོང་ས་མཆོག་དགོངས་པ་འཁྲུགས་པ་རེད་དོ། །
    དེ་ལ་བརྟེན་ནས་༸གོང་ས་མཆོག་གི་ཞལ་ནས་བརྟན་བཞུགས་ཆོས་ཕྱོགས་ཀྱི་བྱ་བ་ཞིག་རེད། རྡ་སའི་མདོ་སྟོད་ཆུ་སྒང་དབུས་རྒྱུན་གྱིས་རྡོར་གདན་དུས་འཁོར་དབང་ཆེན་སྐབས་བརྟན་བཞུགས་ཕུལ་ན་ག་རེ་མ་འགྲིགས་པ་རེད།
    ད་ལྟ་དུས་འཁོར་དབང་ཆེན་ཡང་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བཏང་ཡོང་གིན་འདུག་ཀ
    དེ་འདྲ་ཡིན་ན་དུས་དབང་ཕྱིར་འཐེན་བྱས་ན་ཡག་པོ་རེད།
    ངོས་ཀྱིས་ད་བར་དུས་དབང་སོགས་བཀའ་ཆོས་ག་རེ་ཡིན་ཡང་ཆབ་སྲིད་ཀྱི་ལག་ཆར་འགྱུར་བཅུག་རྒྱུར་འདོད་མོས་མེད།
    ཅེས་བཀའ་ཕེབས་པ་རེད་དོ། །
    འོན་ཀྱང་བློ་སེང་བཀའ་ཤག་གིས་སླར་ཡང་༸གོང་ས་མཆོག་ལ་དུས་དབང་ཕྱིར་འཐེན་བྱས་པའི་གནས་ཚུལ་དེ་སེང་གེ་བཀའ་ཤག་གིས་ཁྱབ་བསྒྲགས་བྱས་ཆོག་པར་ཞུས་ཏེ། བློ་སེང་བཀའ་ཤག་གིས་དུས་དབང་ཕྱིར་འཐེན་དགོས་དོན་དེ་ནི་༸གོང་ས་མཆོག་གི་སྐུའི་འཕྲོད་བརྟེན་ཆེད་ཡིན་རབས་དང་། དེ་ཡང་བཀའ་ཤག་གིས་༸གོང་ས་མཆོག་ལ་ཡར་ཞུ་བྱས་པ་ཡིན་རབས་སོགས་ཁྱབ་བསྒྲགས་བྱས་པ་མ་གཏོགས་གོང་གསལ་བདེན་པའི་དངོས་ཡོད་གནས་ཚུལ་ཚིག་གཅིག་ཁྱབ་བསྒྲགས་མ་བྱས་པ་རེད་དོ། །
    དེ་སྔོན་ཕྱི་ལོ་༡༩༩༤་ལོར་མདོ་སྟོད་དབུས་རྒྱུན་ཚོགས་གཙོ་ལི་ཐང་ཨ་ཐར་ཟེར་བ་དེས་ཐེ་ཝན་བོད་སོག་ལས་ཁུངས་ལ་གསང་བའི་འབྲེལ་བ་བྱས་ཏེ། མདོ་སྟོད་དང་བོད་སོག་ལས་ཁུངས་བར་གསང་བའི་གྲོས་ཆོད་བཞག་པར་་མ་ཟད། དངུལ་དངོས་གང་མང་གསང་ལེན་བྱས་པ་སོགས་ལ་བརྟེན། སྐབས་དེར་༸གོང་ས་མཆོག་གིས་གཙོས་སྐབས་དེའི་བཀའ་ཤག་དང་། སྤྱི་འཐུས་སོགས་དང་། བོད་མི་བསམ་ཡོད་ཚང་མ་ཧ་ཅང་ཐུགས་ཕམ་ཚད་མེད་བྱུང་བ་དང་། སྐབས་དེར་ལི་ཐང་ཨ་ཐར་ཅན་གྱིས་གཙོས་དྷི་ལིའི་མདོ་སྟོད་དབུས་རྒྱུན་གྱིས་༸གོང་ས་མཆོག་དང་། བཙན་བྱོལ་བོད་གཞུང་ལ་མཐའ་གཅིག་ཏུ་ངོ་རྒོལ་རྒྱབ་གཏོད་བྱས་པ་དང་། དེ་ལ་བརྟེན་མདོ་སྟོད་ཁོངས་གཏོགས་ནས་༸གོང་ས་མཆོག་ལ་དད་འདུན་ཟབ་ཅིང་། བཙན་བྱོལ་བོད་གཞུང་ལ་ལྷག་བསམ་དཀར་བའི་ཤེས་འཇོན་ལྷག་བསམ་ཅན་རེ་ཟུང་ཞིག་གིས་གོང་གསལ་རྡ་རམ་ས་ལའི་ཆུ་སྒང་དབུས་རྒྱུན་གསར་པ་གསར་འཛུགས་གནང་བར་མ་ཟད། ཆེས་ཛ་དྲག་གི་དུས་ཚོད་དེར་བོད་སྤྱི་བའི་རྩ་དོན་ཆེད་རྡ་སའི་མདོ་སྟོད་རྒྱུན་ལས་དེ་༸གོང་ས་མཆོག་དང་། བཙན་བྱོལ་བོད་གཞུང་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་སེང་གེ་བཀའ་ཤག་གིས་ཤེས་དགོས།
    དུས་ཚོད་ཛ་དྲག་སྐབས་༸གོང་ས་མཆོག་དང་། བོད་གཞུང་བཅས་ལ་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་མཁན་གྱི་རྡ་རམ་ས་ལའི་མདོ་སྟོད་དབུས་རྒྱུན་དེས་ད་ལྟ་༸གོང་ས་མཆོག་ལ་བརྟན་བཞུགས་ཙམ་འབུལ་འཆར་ཡོད་པ་དེ་ཡང་འབུལ་མི་བཅུག་པར་སེང་གེ་བཀའ་ཤག་གིས་རྩིས་མེད་གཏང་དགོས་དོན་གང་ཡིན་ནམ།
    ཕྱི་ལོ་༡༩༩༤་ལོར་དུས་ཚོད་ཛ་དྲག་སྐབས་༸གོང་ས་མཆོག་དང་། བཙན་བྱོལ་བོད་གཞུང་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་མཁན་གྱི་རྡ་རམ་ས་ལའི་མདོ་སྟོད་ཆུ་སྒང་དབུས་རྒྱུན་དེ་དེང་སྐབས་བོད་གཞུང་གིས་ངོས་ལེན་མེད་པའི་ཆུ་སྒང་ཞེས་གཏན་འབེབས་བྱས་ཡོད་པ་དང་། སྐབས་དེར་༸གོང་ས་མཆོག་དང་། བོད་གཞུང་ལ་མཐའ་གཅིག་ཏུ་རྒྱབ་འགལ་དང་ངོ་རྒོལ་བྱེད་མཁན་གྱི་ལི་ཐང་ཨ་ཐར་གྱི་ཕྱོགས་་གཏོགས་ཀྱི་རྡི་ལིའི་མདོ་སྟོད་ཆུ་སྒང་དེ་དེང་སྐབས་བོད་གཞུང་གིས་ངོས་ལེན་ཡོད་པའི་ཆུ་སྒང་ཞེས་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱིས་ངོས་ལེན་བྱེད་བཞིན་ཡོད་པ་རེད་དོ། །
    ཧ་ཧ་ཧ་ཧ་ཧ་ཧ་ཧ། འདི་འདྲའི་མི་དྲང་པ་ཤ་སྟག་བྱེད་བཞིན་དུ་ང་ཚོས་སྤྱི་མཐུན་གྱི་བསོད་ནམས་ཇི་ལྟར་གསོག་དགོས་སམ། ༸གོང་ས་མཆོག་དང་། བཙན་བྱོལ་བོད་གཞུང་ཆེད་རྒྱག་གཅིག་མཆོང་གཅིག་བྱེད་མཁན་རྣམས་ད་ལྟ་བོད་གཞུང་གིས་ངོས་ལེན་མེད་པར་གྱུར་པ་དང་།
    ༸གོང་ས་མཆོག་དང་། བོད་གཞུང་ལ་མཐའ་གཅིག་ཏུ་རྒྱབ་འགལ་དང་ངོ་རྒོལ་བྱེད་མཁན་དེ་དེང་སྐབས་བོད་གཞུང་གིས་ངོས་ལེན་ཡོད་པར་པ་སོགས་འདི་རིགས་སྤྱི་མཐུན་གྱི་བསོད་ནམས་འཟད་བྱེད་ཡིན་དང་། སྤྱི་མཐུན་གྱི་བསོད་ནམས་གསོག་བྱེད་ཡིན། སེང་གེ་བཀའ་ཤག་གིས་བསམ་བློ་ཐོངས་ཤིག
    ཧཧཧཧཧཧཧཧཧཧཧཧཧཧ། དེ་ལྟ་བུའི་དཀར་པོ་ནག་པོ་དང་། ནག་པོ་དཀར་པོར་སྒྱུར་མཁན་དེ་སུ་ཡིན་ཚང་མས་ཤེས་པར་བྱོས་ཤིག

    Reply
  9. ཚ་བའི་མེ་ལྕེ། says:
    ལོ་ 9 སྔོན།

    ད་ནི་སྲིད་སྐྱོང་འོས་མི་ཟུང་གིས་གསུངས་པ་ལྟར་ཆིག་སྒྲིལ་གྱི་ལས་སུ་འབད་རན་པ་ལས། ཕན་ཚུན་ལ་སྐྱོན་འཛུགས་བྱ་རྒྱུ་གང་ཡང་ལྷག་མེད། ད་ལྟ་ཕྱོགས་གང་ཐད་ནས་དུས་ཚོད་ཉག་ཕྲ་བའི་སྒང་འཁེལ་འདུག་པས། གཞིས་བྱེས་བོད་མི་ཡོངས་ཀྱིས་མ་གྲོས་གཅིག་མཐུན་ངང་ནུས་པ་ཡོད་ཚད་ཕྱོགས་གཅིག་ཏུ་སྤུངས་རན་འདུག

    Reply
  10. བསྟན་འཛིན་གེ་སར་ says:
    ལོ་ 9 སྔོན།

    ཁ་ནས་འདྲ་ཆགས་ཆགས་ད་ལྟ་བར་དུ་བཤད་ནས་འགྲོ་བ་རེད། ད་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་ཀྱི་ཐོག་ནས་བཟོད་གསོལ་ཞུ་དགོས་ཀྱི་རེད།
    ང་ཚོ་བོད་མི་རེ་རེ་ནས་དོསྣང་དང་ཁྲིམས་གཏུགས་བྱས་པ་སོགས་མང་གཙོའི་ལམ་ནས་སྟངས་འཛིན་མ་བྱས་ན། དེང་སང་གི་མི་རིབས་གསར་པའི་འགོ་ཁྲིད་འདི་ཚོར་ཆོས་ལུགས་ལ་གཞི་བཅོལ་བའི་ལས་འབྲས་བརྩི་སྲུང་ནི་མེད་ལ།་ མི་ཆོས་དང་ཁྱིམ་སྲིད་ལ་གཞི་བཞག་པའི་བཟང་སྤྱོད་ཀྱང་མེད།

    མདོར་ན་བླ་མ་དང་ལྷ་གཉིས་ཀ་ལ་བཞེད་སྣང་དང་འཚེར་སྣང་གཉིས་ཀ་མེད་པའི་གནས་སྟངས་འདིར། མང་པོས་བཀོད་པའི་སྡུག་ཡུས་ཀྱིས་སྤྱི་རྒྱུ་སྒེར་གཅོད་དང་སྣང་བ་གང་དྲན་བྱེད་པའི་དུས་ཚོད་འདིར། མི་མང་གིས་སྟང་འཛིན་ངེས་པར་བྱེད་ཐུབ་པ་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese