རྫ་ཚེ་རིང་བཀྲ་ཤིས།
༡༽སྔོན་གླེང་།
ཁ་བྱང་འདི་མཐོང་སྐབས་གད་མོ་ཤོར་སྲིད། དེ་ལ་ཐུགས་ཁག་མི་འདུག ངས་ཨ་ཁུ་དར་རྒྱས་དགོན་པས་བོད་སྡེ་པ་གཞུང་ལ་བཀའ་བསྩལ་བ་ཟེར་བའི་དམངས་ཁྲོད་ཀྱི་མཚར་གཏམ་ཞིག་ལ་དཔེ་བཤུས་ཀྱིས་མིང་འདི་བཏགས་པ་ཡིན། དོན་དངོས་ཐོག་ང་ལྟ་བུ་ཞིག་གིས་སེ་འབྲས་དགའ་གསུམ་ལྟ་བུར་བསམ་ཚུལ་བཤད་པ་འདི་མ་བབ་ཁུར་ལེན་དང་བྱབ་ཆུང་ཞིག་ཡིན་སྲིད། དེའི་ཕྱིར་ངས་ཁ་བྱང་འདི་བདམས་ནས་ཐོག་མར་རང་ཉིད་ཀྱི་བྱིས་བློ་ངོས་ལེན་བྱས་པ་ཡིན། འོན་ཀྱང་ཀུན་སློང་ལ་ལྷད་གང་ཡང་མེད།
༢༽ བླ་སྤྱིའི་ངོ་དེབ།
ཁར་རྩང་ངས་འབྲས་སྤུངས་བླ་སྤྱིའི་ངོ་དེབ་ཀྱི་ཐོག་ནས། ཕྱི་ལོ་ ༢༠༡༦ ཟླ་བ་ ༤ ཚེས་ ༢༧ ཉིན་འབྲས་སྤུངས་བླ་སྤྱིའི་ཚོགས་ཆེན་དུ་མཁན་བླ་འདུས་མང་ཡོངས་ནས་ཉི་ཧོང་ནང་བྱུང་བའི་གོད་ཆག་འོག་མང་ཚོགས་མང་པོ་འདས་གྲོངས་སུ་གྱུར་པ་དང་། མ་འོང་རྐྱེན་ངན་དེ་འདྲ་མི་འབྱུང་བའི་ཆེད་གསོལ་འདེབས་དང་། ཤེས་རབ་སྙིང་པོ་འབུམ་ཐེར་གཅིག་གསོག་སྒྲུབ་གནང་བཞིན་པ་ཞེས་ཟུར་བརྗོད་ཅན་གྱི་འདྲ་པར་ཁག་ཅིག་མཇལ་བྱུང་། གནས་ཚུལ་འདི་རིགས་ངའི་ངོས་ནས་གལ་ཆེན་ཞིག་ཏུ་མཐོང་སོང་། སེམས་གཏིང་ནས་རྗེས་སུ་ཡི་རངས་ཞུས་པ་ཡིན། ང་ཚོར་རླབས་ཆེན་གྱི་ཆོས་ཀྱི་དབུ་ཁྲིད་ཅིག་ཡོད་པས་འཛམ་བུ་གླིང་གིས་དོ་སྣང་འདྲེན་ཐུབ་པ་ཞིག་བྱུང་ཡོད་ན་ཡང་། དངོས་ཡོད་ཀྱི་ཆ་ནས་མ་འོངས་པའི་འཛམ་བུ་གླིང་གི་མི་གསར་པ་རྣམས་ཀྱི་འཚོ་བ་དང་བསམ་བློའི་ཁྲོད་དུ་མུ་མཐུད་གོ་གནས་ཡག་པོ་ཞིག་ཟིན་དགོས་ན་འདི་གཅིག་པུས་སེམས་ཁ་ཁེངས་ནས་བསྡད་ན་འགྲིག་གི་མ་རེད།
ཆོས་ཀྱི་འབྱུང་གནས་ཡིན་པའི་གདན་ས་ཆེན་པོ་འདི་ལྟ་བུས་དངོས་ཡོད་ཀྱི་སྤྱི་ཚོགས་ལ་དུས་དང་མཐུན་པའི་ཐུགས་ཁུར་གནང་རྒྱུ་གལ་ཆེ། འོན་ཀྱང་། ལས་འགུལ་དེར་གསལ་བཤད་བྱེད་པའི་འཕྲེད་དར་སོགས་སྤྱིར་བཏང་ལས་འགུལ་སྤེལ་སྐབས་གོ་སྒྲིག་བྱེད་བཞིན་པའི་འཕྲེད་དར་སོགས་བཀལ་མི་འདུག དམིགས་བསལ་བསྔོ་སྨོན་གནང་བའི་དགོས་དམིགས་དང་། གདུང་སེམས་མཉམ་བསྐྱེད་གནང་ཡུལ་ཀྱི་ཁ་ཡིག་དང་རི་མོ་སོགས་གང་ཡང་མེད་ན། ལས་འགུལ་རང་གི་རྣམ་པའི་ཐོག་ནས་ཕར་ཕྱོགས་ཀྱི་མི་ལ་ཤུགས་རྐྱེན་དང་སེམས་འགུལ། སྐུལ་ལྕགས་ཐེབས་པ་སོགས་ཡོང་མི་ཐུབ། འོན་ཀྱང་དགེ་བ་བྱས་པའི་ཕན་ཡོན་ནི་ལོས་ཡོད།
དེ་བཞིན། ལས་འགུལ་སྤེལ་སྐབས་གདན་ས་ཆེན་པོ་ཆ་རྐྱེན་བཟང་པོ་ཡོད་པ་ཞིག་གི་ངོས་ནས་མ་མཐའ་ཡང་དཔར་ཆས་ལེགས་པོ་ཞིག་གོ་སྒྲིག་མི་ཐུབ་པ་ག་ལ་སྲིད། ད་ཐེངས་ཀྱི་དཔར་དེ་ཡང་གསར་འགོད་དང་དྲིལ་བསྒྲགས་ཀྱི་ཆེད་ལས་སྤུས་ཚད་ལོངས་པ་ཞིག་ལྟ་ཅི། སྤྱིར་བཏང་གི་གསལ་པོ་ཙམ་ཡང་མི་འདུག འབྲས་སྤུངས་བླ་སྤྱི་ལ་ངོ་དེབ་ཡོད་པ་དང་དེའི་ཐོག་ཏུ་སྐབས་དོན་གྱི་གསར་གནས་སྤེལ་གནང་བ་ཙམ་ཡང་ཧ་ཅང་བཟང་། འོན་ཀྱང་ངོ་དེབ་དེ་ཡང་སྤྱིར་བཏང་གི་ངོ་དེབ་ཙམ་ཡིན་པ་ལས་ཤོག་ངོས་ཞེས་པའི་ངོ་དེབ་ཀྱི་སྒྲོམ་གཞི་གཞན་པ་དེ་མ་རེད། དེ་གཉིས་ཀྱི་ཁྱད་པར་ནི། གཅིག་ནི་སྤྱིར་གཏང་མི་སྒེར་གྱིས་བེད་སྤྱོད་གཏོང་བ་དང་། གཞན་དེ་ནི་ཚོགས་པ་ཆེན་པོ་དང་མི་སྣ་གནད་ཡོད་དག་གིས་དམིགས་བསལ་བེད་སྤྱོད་གཏོང་རྒྱུའི་ངོ་དེབ་ཀྱི་དྲ་ངོས་ཏེ་ཐད་ཀར་བསྒྱུར་ན་ངོ་དེབ་ཤོག་ངོས་ཞེས་འབོད།
༣༽གདན་ས་དང་ཕྱི་ལོགས་ཀྱི་འཇིག་རྟེན།
སྐབས་འགའ་རེར་འདིའི་ཕྱོགས་ནས་ལྷོ་ཕྱོགས་ཀྱི་གདན་ས་ཁག་གི་ཕྱི་ཕྱོགས་ཀྱི་དོ་སྣང་དེ་བོད་ནང་ལས་ཀྱང་རྗེས་ལུས་ལྟ་བུར་འདུག དེ་ནི་ཅུང་ཡ་མཚན་པ་ཞིག་རེད། ངས་དེའི་རྩ་བའི་ཡོང་རྐྱེན་ལ་བསམ་བློ་གཏོང་སྐབས། ནང་ཆོས་སློབ་སྦྱོང་དང་ཁྱབ་སྤེལ། དྲ་རྒྱ་ཅན་དང་། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་སོགས་དེང་དུས་ཀྱི་བསམ་བློའི་འདུ་ཤེས་དང་གཞི་གཅིག་ཏུ་སྦྲེལ་བའི་ལས་ཀ་བྱེད་པ་ཧ་ཅང་ཉུང་བའི་རྒྱུ་མཚན་གཙོ་བོ་གཅིག་དེ་གདན་ས་ཁག་གི་དབུ་ཁྲིད་གནང་མཁན། མཁན་གདན་ཟུར་དང་ལས་སྣེ་མོ་གལ་པོ་ཆེ་དེ་དག་མང་ཆེ་བ་ལོ་ཚད་ངེས་ཅན་དུ་ཐོན་པའམ། ཐ་ན་དགའ་ལྡན་ཁྲི་པ་དང་ཆོས་རྗེ་རྣམ་གཉིས་ལྟ་བུ་ལོ་ཧ་ཅང་མཐོན་པོར་སོན་པ་ཡིན་པར་འབྲེལ་བ་ཡོད། ཆོས་ཀྱི་རིན་ཐང་གི་ངོས་ནས་གནས་བརྟན་གསེར་གྱི་རི་ལྟ་བུ་འདི་དག་གིས་བསྟན་པའི་སྲོག་ཤིང་བྱེད་པ་ནི་སངས་རྒྱས་ཀྱི་དགོངས་པ་རྨ་མེད་པ་ཡིན་ན་ཡང་། འཛིན་སྐྱོང་དང་ལས་དོན་བྱེད་ཕྱོགས་ཀྱི་ངོས་ནས་དུས་རབས་དང་འཚམས་པའི་མདུན་སྐྱོད་བྱེད་པར་བསམ་བློའི་བར་ཐག་ངེས་ཅན་ཞིག་ཡོང་རྒྱུ་ཡིན་པ་སྙོན་དུ་མེད། གདན་སར་གྲྭ་པ་མང་དྲགས་པ། ས་ཆ་འགོར་དྲགས་པ། ཁྱད་པར་ཕ་ཡུལ་ནས་ཡོང་བའི་ས་ཕྱོགས་གཅིག་པའི་གྲྭ་རྒྱུན་མང་དྲགས་པ་དེས་སླར་ཡང་གྲྭ་པ་ཁོ་ནའི་སྤྱི་ཚོགས་ཤིག་ལོགས་སུ་གྲུབ་སྟེ། ཕྱིའི་སྤྱི་ཚོགས་དང་འབྲེལ་བ་ཧ་ཅང་ཉུང་བ་ལྟ་བུའི་ཡ་མཚན་གྱི་སྣང་ཚུལ་འགའ་རེ་སྐྲུན་བཞིན་འདུག གལ་ཏེ་ཁྱེད་རང་ཁམས་ཚན་ཁག་ཅིག་ལ་ཕེབས་ན་དེར་ཕ་ཡུལ་གྱི་ཁམས་ཕྱོགས་ཀྱི་ལུང་པ་བྱེ་བྲག་པ་དང་ཨ་མདོའི་ཡུལ་སྐད་ཁོ་ན་རྒྱག་མཁན་གྱི་མི་ཚོགས་ཤིག་མཐོང་ཐུབ། འཕེལ་འགྱུར་གྱི་གཞུང་ལུགས་ལྟར་ན་དེ་ལ་གཅུས་སྒྲིམ་གྱི་སྣང་ཚུལ་ཟེར་ན་ཆོག་གམ། དེ་ནི་ཆ་རྒྱུས་མེད་མཁན་ཞིག་ལ་མཚོན་ན་ཅུང་ཡིད་ཆེས་དཀའ་བ་ཞིག་ཡིན་སྲིད།
༧གོང་ས་ཡིད་བཞིན་ནོར་བུ་ལྟ་བུ་གཞོན་དུས་ནས་ཕྱིའི་འཛམ་བུ་གླིང་དང་ཞལ་ཞེ་གཉིས་མེད་ཀྱི་འབྲེལ་བ་གནང་ཞིང་། དངོས་ཡོད་ཀྱི་འགྱུར་བ་དེ་དག་དང་ལེན་གནང་རྒྱུའི་ཆོད་སེམས་ཡོད་པ་ནི་ཉུང་ཉུང་རེད།
༤༽དུས་དང་མཐུན་པའི་ཆེད་ལས་ནང་ཆོས་ཁྱབ་སྤེལ།
ཉེ་ཆར་ཐའེ་ཝན་གྱི་བླ་ཆེན་ཝི་ཅེ་(惟覺)ཟེར་བ་དེ་གྲོང་པ་རེད། ཁོང་གིས་མི་གཅིག་གིས་དགོན་པ་དང་སློབ་གྲྭ་འགྲེམས་སྟོན་ཁང་སོགས་ཧ་ཅང་གཞི་རྒྱ་ཆེན་པོ་བརྒྱབ་ཡོད་པར་མ་ཟད། འཛམ་བུ་གླིང་དུ་ཆོས་ཚོགས་བརྒྱ་དང་བརྒྱད་བརྒྱབ་འདུག དཔེར་ན། ཚི་ཅི་ལྟ་བུར་མཚོན་ན་ཡང་དགེ་ལས་ཀྱི་ལས་གཞི་གང་མང་ཞིག་མཉམ་འབྲེལ་རྒྱལ་ཚོགས་དང་ལག་གདངས་སྦྲེལ་ནས་མཉམ་ལས་བྱེད་ཀྱིན་ཡོད།
དེ་ཡང་ཡུལ་ཤུལ་ས་ཡོམ་སྐབས་ཀྱི་དམངས་ཁྲོད་ཀྱི་དང་བླངས་པ་དག་ནང་བཞིན་སེམས་ཤུགས་དང་བློས་བཏོང་ཡོད་པ་ཙམ་མ་རེད། ཁོང་ཚོར་རྒྱལ་སྤྱིའི་ཚད་གཞི་ཡོད་པའི་རང་འདུན་གྱི་ཆེད་ལས་སྦྱོང་བརྡར་འདུག
གདན་ས་གསུམ་གྱིས་ལོ་རེ་བཞིན་སྡེ་སྣོད་འཛིན་པའི་དགེ་བའི་བཤེས་གཉེན་བཟང་ལ་མང་པ་སྐྱེད་སྲིང་བྱེད་བཞིན་པ་ནི་འཛམ་བུ་གླིང་ན་སུས་ཀྱང་ཚབ་བྱེད་མི་ཐུབ་པ་ཞིག་རེད། སློབ་གཉེར་གྱི་དཀྱིལ་སྙིང་གི་རིན་ཐང་དངོས་ལ་འགྱུར་བ་འགྲོ་དགོས་པ་དང་མ་འགྲིག་པ་ཞུ་གིན་མེད། དེ་ནི་ང་ཚོ་བོད་བརྒྱུད་ནང་བསྟན་ཙམ་མིན་པར་འཛམ་གླིང་ནང་པ་ཡོངས་ཀྱི་སྤོབས་པ་ཡིན་ཞེས་བརྗོད་ཕོད། འོན་ཀྱང་། དུས་རབས་ནི་བརྗེ་པོ་བརྒྱག་གིན་ཡོད་ཅིང་། གནས་སྟངས་མང་པོ་ཞིག་ནི་ཉིན་རེ་བཞིན་འགྱུར་བཞིན་འདུག དངོས་ཡོད་ཀྱི་ཆ་ནས་བཤད་ན། གལ་ཏེ་ཁྱེད་རང་དྲ་ལམ་ནས་བརླགས་པ་ཡིན་ན་ཕལ་ཆེར་འཇིག་རྟེན་ནས་ཡར་སོང་བ་ནང་བཞིན་རེད། མ་མཐའ་ཡང་མི་ཧ་ཅང་མང་པོ་ཞིག་གི་འཚོ་བའི་ཁྲོད་དུ་ཁྱེད་ཀྱི་སྣང་བརྙན་མེད་པར་གྱུར་པ་རེད།
ངས་ན་ཉིན་ད་ལྟའི་འབྲས་སྤུངས་སྒོ་མང་མཁན་ཁྲི་བློ་བཟང་རྒྱལ་མཚན་རིན་པོ་ཆེ་དང་། སེ་ར་བྱེས་ཀྱི་ཕྱག་མཛོད་སོགས་ལ་རྒྱ་གར་དང་ཐའེ་ཝན་སོགས་ནས་མཇལ་སྐབས་སྤྱིར་བཏང་གི་གླེང་མོལ་གྱི་ཞོར་དུ་བསམ་ཚུལ་ཞུས་མྱོང་།
༥༽དྲ་ལམ་ནས་མཇལ་དཀའ་བའི་གདན་ས།
ང་ཚོས་གྷོ་གོལ་དྲ་ལམ་དང་གསར་འགྱུར་བརྒྱུད་ལམ་ཁག་ཉུལ་ན་གདན་ས་གསུམ་དང་འབྲེལ་བའི་ཞིབ་ཕྲའི་གནས་ཚུལ་ཐོབ་པ་ཧ་ཅང་ཉུང་། དེ་བས་ཀྱང་ཉིན་རེའི་གནང་སྒོ་དང་འབྲེལ་བའི་ཆོས་ཀྱི་ངོས་དང་། རིག་གཞུང་གི་ངོས། འཚོ་བའི་ངོས་བཅས་ཕྱིའི་མི་དག་གིས་རྟོགས་མི་ཐུབ། རྗེའི་རིན་པོ་ཆེའི་གསུང་འབུམ་ནང་གི་དུམ་བུ་ཞིག་རྙེད་དགོས་ན་ཡང་ཕལ་ཆེར་གཤེར་འཚོལ་བྱེད་མི་ཐུབ། དེ་ནི་གདན་སས་སྒྲུབ་དགོས་པའི་དུས་བབ་ཀྱི་ལས་འགན་ཞིག་གི་ཆད་སྐྱོན་རེད།
༧གོང་ས་མཆོག་གིས་རྒྱ་མི་རིགས་ལ་བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད་བྱེད་པ་དེ་ཅི་ཙམ་གལ་ཆེན་ཡིན་པར་ནན་ཏན་གནང་ཡོད། འོན་ཀྱང་གདན་ས་གསུམ་གྱིས་རྒྱ་ཡིག་གི་ལམ་ནས་བོད་ཀྱི་ཆོས་དང་རིག་གཞུང་། ཁྱད་པར་བོད་ཀྱི་ཆོས་ཀྱི་སློབ་གཉེར་དང་ཉམས་ལེན་གྱི་མེ་ལོང་ལྟ་བུ་གདན་ས་གསུམ་གྱི་བསླབ་པ་སློབ་གཉེར་དང་འབྲེལ་བའི་དྲ་བ་སོགས་ཀྱི་ཕྱོགས་ལ་ཤུགས་ག་ཚད་སྐྱོན་ཡོད།
མ་གཞི་དོན་དམ་པའི་ཐོས་བསམ་དང་ཉམས་ལེན་ནི་ཁྱབ་སྒྲོགས་ཀྱི་ཆེད་དུ་མ་རེད། གཞན་ལ་ངོམ་པར་བརྔམས་མི་དགོས་པ་ཡང་ཧ་ཅང་བདེན།
༦༽དངོས་ཡོད་སྤྱི་ཚོགས་ཀྱི་ཉི་མ་རེ་རེ།
རེད་དེ། དངོས་ཡོད་ཀྱི་སྤྱི་ཚོགས་ཁྲོད་ནང་ཆོས་ཀྱི་ཤུགས་རྐྱེན་ཐེབས་སྟངས་དང་། གོ་བ་ལེན་སྟངས་ཁོང་ཚོས་ཆ་འཕྲིན་བསྡུ་ལེན་བྱེད་སྟངས་སོགས་དངོས་གནས་འགྱུར་བ་འགྲོ་བཞིན་འདུག རྒྱའི་སློབ་དཔོན་ཆེན་མོ་རི་ཁྲང་གིས་སྣེ་ཁྲིད་པའི་ཚོགས་གཉིས་ཆོས་ཚོགས་ལྟ་བུར་མཚོན་ན་ལམ་རིམ་ཆེན་མོར་སློབ་སྦྱོང་གནང་མཁན་གྱི་སློབ་གཉེར་ཚོགས་པ་ཧ་ཅང་ཆེན་པོ་ཞིག་རེད། ཁོང་གིས་ཀྱང་དུས་དང་མཐུན་པའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་བཟོས་པ་ལས་དེང་རབས་གཞོན་སྐྱེས་དང་སློབ་གྲྭ་ཆེན་མོ་བ་སོགས་ཀྱིས་ནང་ཆོས་དང་ལེན་བྱེད་པ་དང་། ཐ་ན་རབ་ཏུ་བྱུང་ནས་ནང་བསྟན་ལ་ཆེད་སྦྱོང་གནང་མཁན་གྱི་ནང་བསྟན་ན་གཞོན་རུ་ཁག་ཅིག་སྐྱེད་སྲིང་བྱེད་ཐུབ་ཡོད། དེའི་མཛད་རྗེས་ནི་ད་ལྟའང་ང་ཚོས་མཐོང་ས་རང་དུ་ཡོད། གལ་ཏེ་གདན་ས་དག་གིས་ཁ་ཕྱོགས་འདི་དག་ལ་དོ་སྣང་མ་བྱས་ན་ཧི་མ་ལ་ཡའི་གྲྭ་རྒྱུན་གྱི་ཞལ་འདེབས་ཁོ་ནས་དུས་རབས་ཉི་ཤུ་རྩ་གཅིག་གི་ནང་འདིར་ང་ཚོས་ནང་ཆོས་ཀྱི་ས་བོན་འདི་དེ་ལས་མང་པའི་མི་སྡེའི་སྤྱི་ཚོགས་ཀྱི་འཚོ་བའི་ཆ་ཤས་སུ་བསྒྱུར་མི་ཐུབ།
སྔ་མོ་ཡིན་ན་ལྷ་ཁང་གི་ནང་དུ་དབུ་མཛད་དག་གིས་མཛོ་སྐད་སྐྱོན་གནང་ཞིང་། མཁན་ལས་ཞལ་ངོ་དག་གིས་གཙོ་སྐྱོང་དང་འགན་ཁུར་གནང་བའི་ཚོགས་ཆེན་འདུ་ཁང་དུ་མི་དག་འཚང་ཀ་རྒྱག་གིན་ཡོད། ཁོང་ཚོས་ཁོར་ཡུག་སྤྱིའི་གནས་སྟངས་དང་འདྲ་བར་ངང་རྒྱུད་རིང་པོས་རྒྱུས་ལོན་བྱེད་ཅིང་། ངང་རྒྱུད་རིང་པོས་དད་པ་དང་དག་སྣང་བྱེད་ཀྱི་ཡོད།
འོན་ཀྱང་དེང་སང་ནི་ཁོར་ཡུག་ཡོད་ཚད་སྟབས་བདེ་ཅན་དང་། ཤིན་ཏུ་མགྱོགས་པའི་འགྱུར་བའི་ཀློང་ན་ཡོད། མི་དག་གིས་ཚོང་མགྲོན་ནི་འཇིག་རྟེན་བྱེད་པ་པོ་ཡིན་ཟེར་གྱི་ཡོད། དེའི་གོ་དོན་ནི་གལ་ཏེ་ཁྱོད་ཀྱི་བསམ་བློ་དང་ལས་ཀ་གཞན་གྱིས་དང་ལེན་བྱེད་དགོས་ན་ངེས་པར་གཞན་གྱི་དགོས་མཁོ་དང་བསམ་བློ་ཨང་དང་པོར་བཞག་ནས་ཞབས་ཞུ་དགོས་ཞེས་པའི་དོན་རེད།
རང་རེ་བོད་བརྒྱུད་ནང་བསྟན་ཀྱང་དངོས་ཡོད་གནས་སྟངས་འདི་ལས་བརྒལ་མི་ཐུབ།
ད་ཆ་ང་ཚོས་རྒྱ་གར་དུ་སངས་རྒྱས་ཀྱི་བསྟན་པ་ནུབ་པ་དེ་སྐབས་དེར་ནང་པའི་སློབ་གཉེར་གྱི་ལུགས་སྲོལ་ཕལ་ཆེར་གྲྭ་པ་ཁོ་ནའི་སྤྱི་ཚོགས་སུ་ཡོད་པར་འབྲེལ་བ་ཡོད་པའི་ངོས་འཛིན་ཚད་མཐོན་པོ་བྱུང་ཡོད། རྒྱུ་མཚན་དེས་དེང་སང་མང་ཚོགས་ཁྲོད་དུ་ནང་ཆོས་ངོ་སྤྲོད་ཀྱི་ལས་འགུལ་ལ་དོ་སྣང་སྔར་ལས་མང་བ་བྱེད་ཀྱི་ཡོད། ཡིད་སྐྱོ་བ་ཞིག་ལ། ང་ཚོས་མང་ཚོགས་ལ་ཆོས་ཀྱི་གནས་ལུགས་བཤད་པ་ལས་གཞན། ནང་ཆོས་འདི་ཉིད་ཇི་ལྟར་བྱས་ནས་མི་མང་གི་ཉིན་རེའི་འཚོ་བའི་ཁྲོད་དུ་སྤྱོད་གོ་ཡོད་པ་ཞིག་ཡིན་པ་དེ་ལག་ལེན་གྱི་སྒོ་ནས་མཚོན་པར་ད་དུང་བར་ཐག་རིང་ཙམ་འདུག དེས་ན་སྤྱི་ཚོགས་འབྲེལ་འཐུད་དྲ་བ་སོགས་བརྒྱུད་ནས་འཛམ་བུ་གླིང་གི་མི་རྣམས་དང་མཉམ་ཞུགས་མང་ཙམ་བྱེད་དགོས།
༧ ༽དྲ་ལམ་གྱི་བང་རྩལ།
ངས་ཡང་བསྐྱར་ནན་བརྗོད་བྱེད་འདོད་པ་ཞིག་ལ། དེང་སང་གི་དྲ་ངོས་ལ་རྒྱལ་མཚམས་མི་འདུག མི་མང་པོ་ཞིག་གིས་ཆོས་ཕྱོགས་ཀྱི་གནས་ཚུལ་ཁུངས་ལྡན་དང་། བོད་བརྒྱུད་ནང་བསྟན་གྱི་སློབ་སྦྱོང་དང་མཉམ་ལེན་གྱི་ངོས་ཡག་ཤོས་དེ་ཚོ་རྟོགས་རྒྱའི་གོ་སྐབས་མ་ཐོབ་པའི་སྔོན་དུ་རྫུན་མ་དང་ཁྲམ་པ་མང་པོ་ཞིག་གིས་རྙོག་མ་ཅན་གྱི་གནས་ཚུལ་སྤེལ་གྱི་ཡོད། ཁོང་ཚོ་འདི་དག་གི་ཐད་ཧ་ཅང་ཧུར་བརྩོན་ཆེན་པོ་འདུག དེར་མི་ཧ་ཅང་མང་པོ་ཞིག་གིས་ཡིད་གཏོན་ཡང་བྱེད་ཀྱི་ཡོད། ངས་ཡང་བསྐྱར་དཔེ་མཚོན་ཞིག་གི་ཐོག་ནས་ནན་བརྗོད་བྱེད་འདོད་པ་ཞིག་ལ། ཨོ་སི་ཐྲི་ལི་ཡར་ལུ་ཐའེ་ཀྲང་(盧檯長)ཟེར་བའི་རྒྱ་མི་མི་སྐྱ་ཞིག་གིས་སྤྱན་རིས་གཟིགས་ཀྱི་ཆོས་སྒོ་ཞེས་པའི་རྩོད་པ་ཅན་གྱི་ཆོས་ཞིག་སྤེལ་གྱི་ཡོད། ཁོས་ཉེ་ཆར་སེང་གྷ་པུར་དུ་ཆོས་བཤད་སར་མི་ཁྲི་ཚོ་གསུམ་དུས་གཅིག་ལ་མཉམ་ཞུགས་བྱས་ཡོད། སེང་ག་པུར་ནི་བྲེལ་བ་ཚ་ཞིང་ནང་ཆོས་ལ་དད་ཞེན་པ་ཉུང་དུ་འགྲོ་བཞིན་ཡོད་པའི་རྒྱལ་ཁབ་ཅིག་རེད། ང་ཚོའི་བོད་ཀྱི་༧ས་སྐྱ་གོང་མ་དང་འབྲི་གུང་༧སྐྱབས་མགོན་ལྟ་བུ་ཞིག་ཕེབས་པ་ཡིན་ན་ཡང་མི་ལྔ་བརྒྱ་སླེབས་ན་རྩེ་དྲ་རེད། ད་དུང་ཁོ་ལ་རྗེས་འབྲང་པ་ཁྲི་སྟོང་ཕྲག་བརྒལ་ཟེར། དེ་ནི་འཛམ་བུ་གླིང་གི་བོད་པ་ཡོངས་ཀྱི་ལྡབ་གཅིག་ལ་ཉེ་བ་ཙམ་དུ་མང་བ་རེད། ཐའེ་ཝན་གྱི་ལེན་ཧྲིན་ཧྭོ་ཧྥོ་(蓮生活佛)ཟེར་བས་ཀྱང་རང་ཉིད་ལ་རྗེས་འབྲང་པ་སྐྱབས་སྡོམ་ཞུས་ནས་རྗེས་སུ་འབྲང་མཁན་ཁོ་ནའང་ཁྲི་ལྔ་བརྒྱར་ཉེ་ཟེར། བོད་ལ་༧གོང་ས་མཆོག་གཅིག་པུ་ལས་སུ་ཞིག་ལ་དེ་འདྲའི་ཤུགས་རྐྱེན་འདུག ད་དུང་དེ་དང་དེ་འདྲ་བའི་དཔེ་མཚོན་མང་པོ་ཡོད། རི་བོ་དགེ་ལྡན་པར་མཚོན་ན་འཛམ་གླིང་ཕྱི་ཕྱོགས་ལ་ཆོས་ཚོགས་དང་ནུས་པ་རྒྱ་བསྐྱེད་གཏོང་མཁན་གལ་ཆེ་ཤོས་ཤིག་བླ་མ་བཟོད་པ་རིན་པོ་ཆེ་རེད། ཁོང་གིས་གདན་སའི་གྲྭ་ཚང་ལ་མཐུན་རྐྱེན་སྦྱར་བ་ལས་ཀྱང་གལ་ཆེ་བ་ནི་སངས་རྒྱས་ཀྱི་འཕྲིན་བཟང་འདི་སའི་གོ་ལའི་ངོས་གཞན་དག་མང་པོ་ཞིག་ལ་བསྐྱལ་ཡོད། འོན་ཀྱང་གདན་ས་གསུམ་གྱི་ངོས་ནས་ཕྱི་ལོགས་ལ་ཆོས་ཀྱི་ནུས་པ་རྒྱ་སྐྱེད་བྱེད་པར་ནུས་པ་ཡག་པོ་བཏོན་མི་འདུག
སསང་རྒྱས་འོད་ཀྱི་རི་བོ་ལྟ་བུའི་(佛光山)རྒྱ་བརྒྱུད་ཀྱི་དགོན་ཆེན་འགས་ཨ་ཧྥི་རི་ཁའི་མི་ནག་གི་ལུང་པར་དགོན་པ་བཏབ། དྭ་ཕྲུག་མང་པོ་གསོ་སྐྱོང་བྱས་ཏེ་ཁོང་ཚོར་རྒྱ་ཡིག་གི་ལམ་ནས་ནང་ཆོས་སློབ་པ་སོགས་ཀྱི་ལས་འགུལ་སྤེལ་གྱི་ཡོད། ང་ཚོ་ཚུར་བཙལ་ནས་མ་ཡོང་ན་མ་གཏོགས་ཕལ་འཚོལ་གྱི་མ་རེད་ལ། གལ་ཏེ་འཚོལ་ན་ཡང་ཨ་ཧྥི་རི་ཁའི་དྭ་ཕྲུག་དག་དེ་བས་ཀྱང་འཚོལ་གི་མ་རེད། རྒྱུ་མཚན་གདན་ས་གསུམ་གྱི་གཞུང་འབྲེལ་ཕྱིར་སྐྱོད་མང་ཆེ་བ་ཚད་ངེས་ཅན་གྱི་ཐོག་ནས་འབུལ་སྡུད་ཚོགས་པ་རེད། ཆོས་བརྒྱུད་གཞན་ལའང་གནས་སྟངས་དེ་ཕལ་ཆེར་གཅིག་མཚུངས་ཡིན།
ལོ་སྔ་མ་ཞིག་ལ་བླ་རུང་མཁན་པོ་བསོད་དར་རྒྱས་ཕེབས་ཙམ་ཞིག་གནང་འདུག་པའི་བརྙན་པར་མཐོང་མྱོང་བ་ལས་བོད་ཀྱི་ཆོས་བརྒྱུད་སུ་ཞིག་གི་བླ་མ་དང་གྲྭ་པ་དགོན་པའི་ཕོ་ཉ་སོགས་མི་ནག་གི་ལུང་པར་ཕེབས་པ་ཡེ་གོ་མ་མྱོང་བ་འདི་ཡང་ཡོང་སྒོ་མེད་ནས་མ་སོང་བ་ལས་འགྲོ་མ་ཐུབ་པ་ག་ལ་ཡིན། འདི་དག་གི་སྐོར་ལ་བསམ་ན་རང་རེ་དང་ཡེ་ཤུ་ཁ་ཆེ་སོགས་ཀྱི་ཆོས་ལུགས་སྤེལ་སྟངས་མི་འདྲ་བའི་ཀུན་སློང་དང་འབད་བརྩོན་ཡང་ཞིབ་བསྡུར་བྱེད་འོས་པ་ཞིག་འདུག་སྟེ། དེ་རིང་མི་གླེང་།
༨༽གདན་སའི་དཔལ་འབྱོར་རིག་པ།
གདན་ས་གསུམ་གྱིས་དེང་རབས་ཅན་གྱི་དཔལ་འབྱོར་ལམ་ལུགས་དཔལ་འབྱོར་རིག་པའི་གཞུང་ལུགས་དང་མཐུན་པ་དཔེར་ན་ཐེབས་རྩ་ཚོགས་པ་འཛུགས་པའི་ཐོག་ནས་དཔལ་འབྱོར་གྱི་གནས་བབ་རྒྱུན་སྲིང་ཅན་དང་ཁྲིམས་མཐུན་ཅན་བྱེད་བཞིན་པ་ངས་གོ་མ་སོང་། ལུགས་མཐུན་གྱི་ཐོན་སྐྱེད་མ་འཇོག་གིས་རང་ཁ་རང་སོས་ཀྱི་ཕུགས་རྒྱང་རིང་པོའི་འཆར་གཞི་འདེང་བཞིན་ཡོད་པའི་སྐད་ཆའང་མི་འདུག དེ་ལས་ལྡོག་ཏེ་ཕྱི་ཕྱོགས་ཀྱི་ཞལ་འདེབས་སོགས་ཀྱི་སྒོར་མོ་གང་ཡོད་པ་དག་དངུལ་ཁང་དག་ཏུ་ཕོན་ཆེན་པོ་ཉར་བའམ། ཡང་ན་ཕྱི་ཕྱོགས་ཀྱི་ཞལ་འདེབས་ཕོན་ཆེན་བསྡུས་ཏེ་འཛུགས་སྐྲུན་ཆེན་པོ་བྱེད་པ་ཙམ་རེད། ངས་བསམ་ན་དེ་ལས་མང་པའི་མ་རྩ་ཕྱི་ཕྱོགས་སུ་ནང་ཆོས་ཁྱབ་སྤེལ་བྱེད་པར་བཏང་ན་བསམ། གདན་ས་ནི་ཆོས་ཀྱི་འབྱུང་གནས་དང་། ཐོས་བསམ་སློབ་གཉེར་གཙིགས་སུ་འཛིན་པ་ལས་རྔ་རྡུང་གར་འཆམས་སོགས་ཕལ་ཆེར་ཆོས་ཀྱི་གྲལ་དུ་མི་རྩི་བ་ལྟ་བུ་ཡིན་ན་ཡང་། གདན་སས་ཕྱི་གླིང་དག་ལ་དགེ་འདུན་པ་གཏོང་བཞིན་པ་ཉུང་ངུ་ཡོད་པ་དེ་དག་ནི་ཆེད་དུ་ཞབས་གདན་བྱེད་པ་དང་། རྡུལ་མཚོན་གྱི་དཀྱིལ་འཁོར་འགྲེམ་སྟོན་དང་འཆམ་སོགས་ཀྱི་འཁྲབ་སྟོན་སྐོར་བསྐྱོད་རེད། འདི་དག་བརྒྱུད་ནས་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་གཞན་གྱིས་ངོ་ཤེས་སུ་འཇུག་རྒྱུར་ཕན་པ་ཡོད་པ་དངོས་ཡོད་ཡིན་ན་ཡང་། ཁོང་དག་གི་དམིགས་ཡུལ་ནི་བཙོན་ཁང་དང་སློབ་གྲྭ་རྒན་གསོ་ཁང་སོགས་དགོས་མཁོ་ཡོད་པའི་སྤྱི་ཚོགས་ཀྱི་གྲྭ་ཟུར་དག་ཏུ་རང་འདུན་གྱིས་ཞབས་ཏོག་བྱེད་པ་མིན་པར་དཔལ་འབྱོར་འདུ་འགོད་ཀྱི་ཆེད་དུ་རེད། ཀུན་སློང་དང་རྩོལ་བ་ག་འདྲ་ཡིན་ན་འབྲས་བུའང་དེ་འདྲ་ཞིག་ཡོང་རྒྱུ་རེད།
༩༽ འབུལ་སྡུད་ཁང་གི་ལས་དོན།
ཐའེ་ཝན་སོགས་སུ་གདན་ས་ཁག་གི་ཆོས་ཚོགས་ཆུང་ཆུང་ཡོད་པ་དེ་དག་ཀྱང་། ས་གནས་དེ་གའི་མི་མང་ལ་ནང་ཆོས་གོ་རྟོགས་ཁྱབ་སྤེལ་བྱེད་པ་དང་སྤྱི་ཚོགས་ཞབས་ཞུ་བྱེད་པའི་དམིགས་ཡུལ་ཕལ་ཆེར་མེད། ས་གནས་ཀྱི་ནང་པའི་ཆོས་ཚོགས་ཁག་གི་བྱེད་སྒོ་ཙམ་ལའང་མཉམ་ཞུགས་བྱེད་པ་ཧ་ཅང་ཉུང་། རྒྱུ་མཚན་ཁོང་ཚོའི་ལས་འགན་ནི་ཞལ་འདེབས་བསགས་ཏེ་གྲྭ་ཚང་ལ་ཕར་སྐྱེལ་རྒྱུ་དེ་རེད། དེ་ནི་གདན་སས་སྐུལ་བའི་ལས་འགན་ཡིན་སྟབས་ཁོང་ཚོར་མཚོན་ན་དེ་ལས་གཞན་པའི་དབང་ཚད་དང་ལས་འགན་གང་ཡང་མེད། རྙིང་མ་དང་ས་སྐྱ་སོགས་དགོན་པ་གྲྭ་ཚང་གིས་ཐད་ཀའི་ལྟ་རྟོག་འོག་ཏུ་ཡོད་པའི་ཆོས་ཚོགས་དག་གི་གནས་སྟངས་ཡང་དེ་དང་གཅིག་པ་ཡིན།
ཚན་རིག་དང་ནང་ཆོས་ཀྱི་བར་གྱི་གླེང་མོལ་དང་དགེ་འདུན་པས་ཚན་རིག་སྦྱོང་བའི་བྱེད་སྒོ་ཅེས་ཅན་ཞིག་གདན་ས་ཁག་གིས་སྤེལ་བཞིན་ཡོད། དེ་ནི་རྒྱལ་བ་དགྱེས་པའི་མཆོད་སྤྲིན་རེད། ནུབ་གླིང་གི་ཚན་རིག་ལ་དད་འདོད་བྱེད་མཁན་ཚོ་དང་འབྲེལ་གཏུགས་བྱེད་པ་འདིས་བོད་ཀྱི་ནང་ཆོས་ཀྱིས་དུས་དང་མཐུན་པའི་གོམ་པ་སྤོ་བར་ནུས་པ་ཆེན་པོ་ཐོན་ཐུབ།
༡༠༽གོམ་ཞིང་ཆེ་ཙམ་སྤོ་དགོས།
འོན་ཀྱང་གདན་ས་གསུམ་གྱི་དུས་དང་མཐུན་པའི་གོམ་སྟབས་དེ་འདི་ཙམ་ཞིག་གིས་འགྲིག་པ་ཞིག་གཏན་ནས་མ་རེད། ད་དུང་ཧ་ཅང་ཉུང་སྐྱོན་ཡོད། དཔེར་ན། སོག་ཡུལ་ལྟ་བུར་མཚོན་ན་༧རི་བོ་དགེ་ལུགས་པ་དང་དམིགས་བསལ་དམ་ཚིག་དང་འབྲེལ་བ་ཆེན་པོ་ཡོད། འོན་ཀྱང་། རི་བོ་དགེ་ལུགས་པའི་ངོས་ནས་ཁོང་ཚོའི་ཆེད་དུ་འདང་ངེས་ཀྱི་ཕྱག་ལས་གནང་གིན་མི་འདུག གདན་སར་ཡོད་པའི་སོག་པོའི་གྲྭ་རྒྱུན་དག་ལ་ལྟ་རྟོག་དང་སློབ་སྦྱོང་ཡག་པོ་སྤྲོད་ཀྱི་མི་འདུག་ཞུ་གིན་མེད། འོན་ཀྱང་། ད་ཆ་ཕྱི་སོག་དེ་ཡེ་ཤུ་ཆོས་ལུགས་པས་དབང་བསྒྱུར་བའི་ཚད་དེ་ནང་སོག་གི་རྩྭ་ཐང་བྱེ་འགྱུར་གྱི་ཚད་ལས་ཀྱང་མགྱོགས་པ་དང་སེམས་ཁུར་བྱེད་དགོས་པ་ཞིག་ཆགས་ཡོད། གལ་ཏེ་སོག་པོའི་མི་མང་ལ་ལག་ལེན་དངོས་ཀྱི་ཐོག་ནས་ཆོས་ཕྱོགས་ཀྱི་སློབ་གསོ་སྤྲོད་པ་སོགས་འཆར་གཞི་ཡོད་པ་དང་སྒྲིག་འཛུགས་ཡོད་པའི་ཐོག་ནས་བྱས་ན་གནས་སྟངས་ཅུང་ཟད་མ་འདྲ་བ་ཞིག་ཡོང་གི་རེད། བྱེད་སྟངས་ཡང་མེད་པ་མ་རེད། སོག་པོའི་དགའ་ལྡན་དགོན་པས་ནང་པའི་ཆོས་བརྒྱུད་གཞན་གྱི་ཆོས་ཚོགས་དང་མི་སྣ་ཡོང་བར་ནང་ཁུལ་གྱི་སུན་པོ་ཙམ་རེ་བཟོ་ཐུབ་ན་ཡང་། ཕྱིའི་ཆོས་ལུགས་ཀྱི་བཙན་འཛུལ་གྱིས་རང་གི་མི་རིགས་སོག་པོ་བའི་བསམ་བློའི་ཐོག་གི་ནང་ཆོས་ཀྱི་ས་བོན་རྨག་མེད་དུ་འཇོམ་བཞིན་པ་དེར་བདག་པོ་རྒྱག་རྒྱུའི་ནུས་པ་ཧ་ཅང་ཆུང་ཆུང་ཡིན་པ་འདྲ། དེའི་རྩ་བ་ངོ་མ་དེའང་རང་ཉིད་ཀྱིས་མང་ཚོགས་ཀྱི་སེམས་འགུག་ཐུབ་ངེས་ཀྱི་ལས་ཀ་བྱེད་ཐུབ་ཀྱི་མེད་པར་མི་མང་དང་ལོགས་སུ་ཁ་གྱེས་བཞིན་ཡོད་པས་རེད།
༡༡༽ དགོས་སར་ཆད་པ་དང་མི་དགོས་པར་ལྷག་པ།
སྐབས་འགར་དགོས་ས་ལ་ཆད་པ་དང་མི་དགོས་ས་ལ་ལྷག་པ་ཞིག་ཡོང་གི་འདུག ན་ནིང་ང་ལམ་རིམ་ཆེན་མོའི་བཀའ་ཆོས་ལ་འགྲོ་སྐབས་སེ་ར་ཐེག་ཆེན་གླིང་དུ་བསྡད་པ་ཡིན། དབུ་བླ་སྤྱི་ནས་བཟུང་། གྲྭ་ཚང་དང་ཁམས་ཚན་སོ་སོའི་འདུ་ཁང་དང་ཆོས་ར་ཧ་ཅང་མང་པོ་རེད། ད་དུང་སེ་ར་སྨད་ཀྱི་ལམ་ཟུར་ཞིག་ཏུ་ནང་ཆོས་ངོ་སྤྲོད་བྱེད་ས་ཡིན་ཞེས་གཞི་རྒྱ་ཆེ་བའི་ཨར་ལས་ཞིག་འཛུགས་སྐྲུན་བྱེད་བཞིན་འདུག སྐབས་དེར་ངའི་བསམ་པར་གདན་སའི་གྲྭ་པ་ནི་མངོན་གསལ་དོད་པོས་ཉུང་དུ་འགྲོ་བཞིན་ཡོད་པ་དང་། ད་དུང་འཛུགས་སྐྲུན་མཚམས་མི་ཆད་པར་རྒྱ་སྐྱེད་བྱེད་པ་འདིས་ང་མགོ་ཅུང་ཟད་འཐོམ་བཅུག་སོང་། འདི་ནི་དགོན་པ་ཞིག་ལ་ཡོད་འོས་པའི་དགོས་མཁོའི་ཆེད་དུ་དགོས་ངེས་ཀྱི་འཛུགས་སྐྲུན་བྱེད་པའི་གཞི་རྩའི་རྩ་དོན་དང་༧གོང་ས་ཡིད་བཞིན་ནོར་བུའི་ལམ་སྟོན་དང་ཅུང་ཟད་ཨེ་མཐུན། འདི་ཙམ་དུ་ཆེ་ལ་མང་བའི་འདུ་ཁང་དག་ནང་ཆོས་ངོ་སྤྲོད་བྱ་ཡུལ་མིན་ན་ཅི་ཞིག་ཡིན་སྙམ་ནས་རང་གིས་རང་ལ་དྲི་བ་ཞིག་དྲིས་པ་ཡིན།
ད་དུང་། བླ་སྤྱིའི་སྒོ་འགྲམ་གྱི་མི་ཚོགས་འགྲོ་འོང་ཆེ་ཤོས་ཀྱི་ལམ་ཁ་དེ་ཡང་མཚན་མོ་རེད་ཙམ་ན་ཕལ་ཆེར་ནག་པོ་ནག་རྐྱང་ཆགས་ཀྱིན་འདུག ངས་དེར་གློག་ཡག་པོ་ཞིག་ཡོད་ན་མི་མང་པོ་ཞིག་ལ་སྟབས་བདེ་ཡོད་ས་རེད་ཨང་སྙམ་བྱུང་། དེར་སྤྱི་པའི་ལམ་ཁ་གལ་ཆེན་ཞིག་ལ་ཡོད་འོས་པའི་གློག་སྒྲོན་གསལ་པོ་ཞིག་མི་འདུག དེ་ནི་བདེ་འཇགས་དང་སྤྱི་པའི་སྒྲིག་འཛུགས་ཀྱི་སྤུས་ཚད་གཉིས་ཆར་གྱི་ཐད་ནས་གལ་ཆེ་བ་ཞིག་རེད། འཛུགས་སྐྲུན་གྱི་སྤུས་ཚད་ཀྱི་ངོས་ནས་བཤད་ནའང་དེ་ནི་ཞིབ་ཆ་དང་སྤུས་ཀའི་གནད་དོན་ཞིག་རེད། འོན་ཀྱང་འདི་རིགས་ང་ཚོའི་དགོན་པ་དང་སྤྱི་ཚོགས་སྤྱིའི་ཞན་ཆའི་མངོན་སྟངས་ཤིག་རེད།
༡༢༽ མི་བཅུའི་ཟླ་ཕོག་གི་གནད་དོན།
གདན་ས་དག་གིས་མཚན་ཉིད་ཀྱི་གཞུང་ལ་སྦྱང་བ་གཙོ་བོ་བྱེད་པའི་སྐབས་སུ་ཐུན་མོང་གི་རིག་གནས་ལ་དོ་སྣང་ཆུང་བ་ནི་སྐབས་མང་པོ་ཞིག་ཏུ་ཕྱག་ལེན་དུ་གྱུར་ཡོད། ཁྱད་པར་སྤྱི་ཡོངས་ཀྱི་ཆ་ནས་དགོན་པའི་ནང་དུ་ཁ་པར་དང་དྲ་བ་བེད་སྤྱོད་བྱེད་པར་ཚད་བཀག་བཟོ་དགོས་སོགས་དངོས་གཞིའི་སློབ་གཉེར་བྱེད་མཁན་དག་ལ་མཚོན་ན་ཅིས་ཀྱང་འོས་འཚམས་ཡིན་ངེས། འོན་ཀྱང་དེ་རྒྱུ་མཚན་དུ་བྱས་ནས་དགོན་པས་ཡིག་རིགས་མང་པོའི་ཐོག་ཏུ་ཡོད་པའི་ཚད་ལྡན་གྱི་དྲ་རྒྱ་གསར་བཟོ་དང་བདག་གཉེར། དུས་དང་དུས་སུ་དྲ་ལམ་ཐད་གཏོང་གི་མ་ལག་གོ་སྒྲིག་གིས་རྒྱལ་ཕྱི་ནང་གི་དོན་གཉེར་མཁན་དག་ལ་དྲ་ཐོག་གི་ནང་ཆོས་ངོ་སྤྲོད། སྐབས་དོན་དང་ནང་ཆོས་ཀྱི་རྒྱུན་ཤེས། མཁས་པ་དག་གི་གསུང་དང་གདམས་ངག་སོགས་དྲ་རྒྱ་བརྒྱུད་ནས་འཛམ་གླིང་མི་མང་ལ་ངོ་སྤྲོད་བྱེད་པའི་ལས་དོན་འཐུས་ཤོར་དུ་འགྲོ་མི་འོས། ཁྱད་པར་ན་གཞོན་དབུ་ཁྲི་ཁྲིད་དང་དུས་རབས་ཀྱི་དགོས་མཁོ་དང་བསྟུན་ནས་ལས་ཀ་བྱེད་སྟངས་ལ་ཟབ་སྦྱོང་དང་སྦྱོང་བརྡར་ཚད་ལྡན་སྤྲོད་དགོས་ཤིང་། དེ་ཡང་ལས་སྡོམ་གྱི་སྟོང་ཆ་བསྐངས་པ་ཙམ་ལ་ཟེར་གྱི་མེད།
དགོན་པས་ཆེད་དུ་དབྱིན་ཡིག་དང་རྒྱ་ཡིག བོད་ཡིག དེ་བཞིན་དྲ་ལམ་སོགས་ཀྱི་ཁྱད་ཁྱད་མཁས་དགེ་འདུན་པ་འདེམས་སྒྲུག་གམ། ཡང་ན་ཕྱི་ལོག་ནས་ཁྱད་ཡོན་པའི་ལས་མི་བསྡུས་ཏེ་གླ་ཡོད་ཀྱི་ཐོག་ནས་ལས་ཁང་བཙུགས་ཏེ་ལས་ཀ་བྱས་ན་དེ་ནི་མང་མཐའ་ཡང་ལས་བྱེད་པ་བཅུ་གྲངས་ཤིག་གི་ཟླ་ཕོག་གི་གནད་དོན་རེད། འོན་ཀྱང་འདི་དག་གི་གྲུབ་འབྲས་ནི་ངེས་པར་སྣང་ཆུང་མི་རུང་བ་ཞིག་རེད།
༡༤༽དམངས་ཀྱིས་མི་འཇུ་བའི་ཆོས་ཀྱི་བདུད་རྩི།
ཁྱད་པར་དུ་གདན་སའི་ཆོས་ཀྱི་རྒྱ་མཚོ་དེ་ག་རེ་བྱས་ནས་མཚོ་འགྲམ་དུ་བསྟི་བའི་མི་མང་དག་གིས་ཧ་ཅང་ཉུང་ཉུང་ཞིག་མ་གཏོགས་འཇུ་ཡི་མེད་པ་རེད། ང་ལ་དགེ་ལུགས་པའི་ཆོས་བརྒྱུད་འཛིན་མཁན་རང་ཡིན་པའི་མི་ཁག་ཅིག་གིས་བཤད་མྱོང་། མི་མང་གི་ངོས་ནས་དགོན་པ་དགེ་ལུགས་པ་ཡིན་པའི་མི་མང་ལས་དགོན་པ་རྙིང་མ་པ་ཡིན་པའི་མི་མང་དག་ཆོས་དད་ཆེ་བ་དང་དགེ་སྦྱོར་མང་བ་བྱེད་ཀྱི་འདུག་ཟེར། དཔེར་ན། བྷེར་ཀོབ་ཀྱི་གྲོང་སྡེ་བཞིན་པར་མཚོན་ན་ལྷོ་ཕྱོགས་གཞིས་ཆགས་ཁག་ཚང་མའི་ནང་ནས་མི་མང་དང་ཁྱད་པར་གཞོན་སྐྱེས་དག་དགོན་པའི་བྱེད་སྒོ་ལ་ཞུགས་པ་དང་། རང་ཉིད་དགོན་པའི་ལྷ་འབངས་ཤིག་ཡིན་བསམ་པའི་འདུ་ཤེས་དང་དད་འདུན་འཆང་བ། རང་ཉིད་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་ཡོད་ན་ཡང་གུང་སེང་སྐབས་དགོན་པར་ཡོང་ནས་འབུམ་ང་གསོག་པ་དང་སོགས་ཀྱི་ལུགས་སྲོལ་ཡག་ཤོས་ཉར་ཡོད་མཁན་ཞིག་ཡིན་ཟེར། འོན་ཀྱང་གནས་སྟངས་འདི་ང་རང་གིས་ཞིབ་འཇུག་བྱས་པ་མིན་པས་བདེན་པ་ཡིན་མིན་ཁྱེད་རྣམ་པར་ཕར་བཀའ་འདྲི་ཞུ་རྒྱུ་ལས་མེད།
གདན་ས་གསུམ་ལ་རྟེན་པའི་མི་མང་ཁྱིམ་པ་དག་གི་ནང་དུ་འབུམ་ལྔ་བསོགས་མཁན། སྙུང་གནས་སྲུང་མཁན། དགེ་སྒྲུབ་སྡིག་སྤོངས་བྱེད་མཁན། མི་མཐུད་དགོན་པར་གྲྭ་བཙུན་བཟོ་འདོད་མཁན་སོགས་ག་ཚད་ཅིག་ཡོད། ངས་གནས་སྟངས་འདི་ལྷོ་ཕྱོགས་ཀྱི་གདན་ས་ཁག་ལ་ཞུ་གིན་ཡོད། ངས་ལྟས་ན་གདན་སའི་ཆོས་ཀྱི་རྒྱ་མཚོ་དེས་ཉེ་འཁོར་གྱི་བོད་པའི་གཞིས་ཆགས་ཆུང་ཆུང་དག་ལའང་ཤུགས་རྐྱེན་ཐེབས་པ་ཧ་ཅང་ཉུང་ཉུང་མིན་ནམ་སྙམ། ཁོང་ཚོའི་ཆོས་ཀྱི་ཞགས་རྩི་དེ་མུ་མཐུད་སྲུང་སྐྱོབས་བྱེད་པར་ནུས་པ་ཡག་པོ་ཞིག་ཐོན་གྱི་ཡོད་དམ་མེད།
ཅིག་བྱས་ན་དེ་དུས་དབང་གིས་རེད་ཅེས་ལབ་སྲིད། འོན་ཀྱང་། ཡར་ཐོན་དང་འདུ་འཛི་ཧ་ཅང་ཆེ་བའི་ཁོར་ཡུག་ནས་ཀྱང་མི་ཚོས་ཆོས་ཀྱི་གོ་རྟོགས་སྤེལ་ཏེ་གྲྭ་བཙུན་བཟོ་མཁན་དཔེར་ན་ཚོགས་གཉིས་ཆོས་ཚོགས་ལྟ་བུ་ཁོ་ནར་མཚོན་ན་ཡང་ག་ཚད་ཅིག་འདུག དེས་ན་འདི་ཡང་དགོན་པ་དག་གི་ནང་ཆོས་ལས་དོན་གྱི་འཐུས་ཤོར་ཡིན་པ་དངོས་ཡོད་རེད། མདོར་ན་འཇིག་རྟེན་ན་གྲགས་པ་མཐོ་བའི་ཆོས་ཀྱི་སློབ་གཉེར་ཁང་དག་གི་འགྲམ་ནས་རང་ཉིད་ལ་ལྟོས་པའི་དད་ལྡན་དག་གི་དད་པ་དང་ནང་ཆོས་ཉམས་ལེན་གྱི་ཞགས་རྩི་དེ་བགས་ཀྱིས་ཉམས་པར་གྱུར་པ་ཡིན་ན་དེ་ནི་ཁྲོན་པ་བཟང་པོ་ཞིག་གི་འགྲམ་ནས་མི་ཞིག་ཁ་སྐོམ་ནས་ཤི་བ་ལྟར་ཧ་ཅང་བློ་ཡུལ་དུ་འཁོར་དཀའ་བ་ཞིག་རེད་ལ། སངས་རྒྱས་ལ་ངོ་གནོང་དགོས་པ་ཞིག་ཀྱང་རེད།
༡༣༽ཤེས་ཡོན་ལ་ཡང་ལས་སྣོན་དགོས།
ངས་གདན་ས་གསུམ་ནས་ཕེབས་པའི་དགེ་བཤེས་ལྷ་རམས་པ་ཚད་ལྡན་དག་གི་གཞུང་གི་ངེས་ཆ་དང་རིགས་ལམ་གྱི་སྦྱོང་བརྡར་དེ་འགྲན་པའི་ཟླ་དང་བྲལ་བ་ཞིག་ཡིན་པའི་ཡིད་ཆེས་ཡོད། དེའི་ཆ་ནས་གདན་ས་གསུམ་ནི་ནང་བསྟན་གྱི་ཧྭ་ཝར་གཙུག་ལག་སློབ་གྲྭ་ཆེན་མོ་རེད་ཅེས་ལབ་ན་ཆོག འོན་ཀྱང་། མང་པོ་ཞིག་གིས་སྲོལ་རྒྱུན་གྱི་ཤེས་ཡོན་བྱེ་བྲག་པ་དེ་དེང་རབས་ཀྱི་སྐད་ཡིག་དང་། རྒྱལ་སྤྱིའི་དང་དུས་རབས་ཀྱི་བསམ་བློ། ཐ་སྙད་རིག་གནས་ཀྱི་རྨང་གཞི་བཅས་དང་སྐྱ་སྒྲིལ་མ་ཐུབ་པར་གནས་སྐབས་མང་པོ་ཞིག་ལ་བསམ་པ་ནང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་མི་ཐུབ་པར་ལྷག་འདུག ཨ་ལག་ཤ་ངག་དབང་བསྟན་དར་གྱིས་ཉི་མ་དབུས་ཀྱིས་རྒྱལ་ཁམས་ནས་དགེ་བཤེས་ཀྱི་མཚན་རྟགས་བཞེས་ནས་ནང་དུ་ཕེབས་ཏེ་མ་རྒན་གྱིས་རེ་བ་ཆེན་པོས་དྲིས་པའི་ལེགས་བྲིས་མའི་སྐོར་ལ་འགྲེལ་བཤད་མ་ཕོག་པར་བསྐྱར་དུ་སློབ་གཉེར་བྱས་པའི་ལོ་རྒྱུས་ཞིག་ཡོད། འདིའི་ཐོག་ནས་གདན་ས་གསུམ་ན་གྱི་སློབ་གཉེར་ལམ་ལུགས་ཀྱི་ཞན་ཆ་ཞིག་ཀྱང་རྟོགས་ཐུབ་ཡོང་།
གུས་པ་ལྟ་བུར་གཞུང་ལུགས་ཀྱི་སྦྱང་བ་སྤྱིར་བཏང་ཞིག་ལས་མེད་ན་ཡང་། རང་གི་གང་ཤེས་པ་དེ་ཚད་ངེས་ཅན་གྱི་བསམ་བློ་དང་སྐད་ཆའི་སྒྲོམ་གཞིའི་ནང་དུ་ལས་སྣོན་གང་ལེགས་བྱས་པ་དེས་ལྟོས་བཅས་ཀྱི་གྲུབ་འབྲས་ཡག་པོ་ཐོན་པ་དང་། གཞུང་ལུགས་ཁོ་ན་ལ་ཇི་ལྟར་མཁས་ཀྱང་ཁོར་ཡུག་བྱེ་བྲག་པའི་ར་བ་བརྒལ་མ་ནུས་ན་ནུས་པ་ཅི་བཞིན་འདོན་སྤེལ་མི་ཐུབ་པར་ངེས་པ་རྙེད་བྱུང་།
རྒྱུ་མཚན་དེས་ངས་གདན་སའི་ཤེས་ཡོན་པ་ཁག་ཅིག་གི་ཤེས་ཡོན་དེ་ལས་སྣོན་མ་བྱས་པའི་གཏེར་རྫས་བཞིན་ཐད་ཀར་སྤྱོད་གོ་མི་ཆོད་པའི་ཤེས་ཡོན་ཞིག་ཏུ་འགྱུར་བཞིན་མེད་དམ་སྙམ། དེང་རབས་ཤེས་ཡོན་ལམ་ལུགས་དང་བསམ་བློའི་མ་ལག་ལ་རྒྱུས་མངའ་མེད་པའི་གདན་སའི་ཤེས་ཡོན་པ་དག་དགེ་རྒན་ཆེན་མོ་དག་གི་ལུང་ཁུངས་འཚོལ་རོགས་བྱེད་མཁན་ཙམ་ལས་ཡོང་གི་མེད་ཅེས་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་ལོ་བཅུ་ཕྲག་འགའི་སྔོན་ནས་ཉེན་བརྡ་བཏང་ཡོད། དེ་ཡང་རྒྱུ་མཚན་མེད་པ་ཞིག་མ་རེད།
ངས་དེང་རབས་ཤེས་ཡོན་ལམ་ལུགས་ཕུལ་བྱུང་ཡིན་པ་དང་སྲོལ་རྒྱུན་སྡུག་པོ་ཡིན་པས་རྗེས་མི་ཆོད་པ་རེད་ཅེས་ལབ་ཀྱི་མེད། འོན་ཀྱང་ད་ལྟའི་དངོས་ཡོད་ཀྱི་ཤེས་ཡོན་དང་ལས་ཀ་ཚང་མ་བསམ་བློ་དང་རིན་ཐང་གི་འདུ་ཤེས་འདི་དག་གི་ནང་དུ་བཙུད་དེ་ཐག་གཅོད་བྱེད་བཞིན་ཡོད་པའི་དངོས་ཡོད་ཀྱི་གནས་སྟངས་འདི་ང་ཚོ་སུས་ཀྱང་དང་ལེན་མ་བྱས་རང་བྱས་རེད།
༡༥༽མཇུག་བསྡུ་བ།
མཐར་ངས་ཤར་རྒྱལ་བ་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་གྱིས་མཛད་པའི་སྨོན་ལམ་གལ་པོ་ཆེ་ཞིག་དྲངས་ནས་རྩོམ་ཡིག་འདི་མཇུག་བསྡུ་རྒྱུ་ཡིན།
བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །
ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །
སྙིང་རྗེ་ཆེན་པོས་ཡིད་རབ་རྟག་བསྐྱོད་དེ། །
ཕན་བདེའི་གཏེར་དེ་བསལ་བར་བྱེད་པར་ཤོག །ཅེའོ།།
མ་གཞི་འབྲས་སྤུངས་བླ་སྤྱིའི་ངོ་དེབ་འབྲེལ་བའི་སྐད་ཆ་ཉུང་ཉུང་ཞིག་བཤད་རྒྱུ་ཡིན་པ་དེ་མཐར་འབྲེལ་བ་ཡོད་ལ་མེད་ཀྱི་རྩོམ་ཡིག་རིང་པོ་ཞིག་ཆགས་སོང་། རྫོགས་སོ།།
སྤྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༢༩ ལ། རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཨོ་གླིང་གི་གྲོང་ཁྱེར་སིད་ནི་ཡི་བྱང་ཕྱོགས་མཚོ་ཁུལ་གྱི་རང་གནས་ནས་བྲིས། །
ལྷ་སྒང་ཆོས་གྲགས་ལགས་ཁྱེད་ཀྱིས་གསུང་བ་བདེན་པ་རེད་ཡིན་ན་ཡང་ཁོང་གི་གནས་སྟངས་གང་འདྲ་ཞིག་ལ་ཐུགས་བསམ་བཞེས་འདུག་འདི་སོ་ཡང་བསམ་བློ་གཏོང་འོས་པ་ཞིག་རེད་དྲན་ཡོད། ཡ་ཆེ་ས་ཞིག་ལ་ཐུགས་བསམ་བཏང་ཡོད་པ་ཡིན་དུས་ཐུགས་བསམ་གཏོང་ས་ཞིག་འདུག་དྲན་ཡོད།
རྩོམ་འདིའི་སྙིང་དོན་ནི། གདན་ས་ཁག་གིས་འཇིག་རྟེན་ཆོས་བརྒྱད་ལ་ཧུར་ཐག་བྱོས་ཞེས་པ་དེ་རེད། ད་དུང་ཨ་ལགས་ཤའི་སྐད་ཆ་རྙིང་པ་ཞིག་འཁྱེར་ནས། དེང་གི་གདན་ས་ཁག་ལ་ཞྭ་དཔེ་ལྷམ་འགེབ་བྱེད་ཀྱིན་པ་ནི་བཞད་བགད་ཀྱི་གནས་རང་རེད། གདན་ས་ཁག་ནི་ཆོས་ལུགས་གཞན་ལྟར་དཔལ་འབྱོར་བསྡུ་བཀོད་དང་གཏམ་གྲགས་ཁོ་ནར་རྔམས་ནས། སྤྱི་ཚོགས་དྲ་རྒྱ་ཁག་ལ་ཁྲ་ཁྲ་ཆིལ་ཆིལ་གྱི་བརྡ་ཁྱབ་ཀྱི་ཆོ་ག་ཕྱག་ལེན་ཉུང་བ་ནི་ཁྱོད་ཀྱིས་བཤད་པ་ལྟར་བདེན་པ་རེད། འོན་ཀྱང་། དྲ་རྒྱ་ཁག་ཏུ་མངོན་མངོན་རྗེན་རྗེན་གྱིས་ཁྱབ་བསྒྲགས་ཉུང་བ་གཏན་ཚིགས་སུ་བྱས་ནས། གདན་ས་ཁག་དེང་དུས་དང་ཐ་སྙད་ཤེས་བྱར་རྗེས་ལུས་རེད་ཅེས་པ་ནི་དེ་བས་ཀྱང་བགད་མོ་ཤོར་དགོས་པའི་གནས་རེད། དེང་གི་ཆར་གདན་ས་གྲྭ་ཚང་ཁག་ལ་གཞི་རིམ་དང་འབྲིང་རིམ་གྱི་སློབ་གྲྭ་མེད་མཁན་དཀོན་ལ། ལྷག་པར་སེར་བྱེས་འབྲིང་རིམ་སློབ་གྲྭ་ལྟ་བུར་མཚོན་ན་རྒྱ་གར་གཞུང་གིས་ངོས་ལེན་ཡོད་པའི་སློབ་གྲྭ་མཚན་ཉིད་ཚང་བ་ཞིག་རེད། སློབ་གྲྭ་དེ་དག་གིས་དམིགས་ཡུལ་ནི་འདབ་གཤོག་གཉིས་ལྡན་ཅན་གྱི་གྲྭ་པ་ཤེས་ཡོན་ཅན་པ་གསོ་སྐྱོངས་དང་སྐྱེད་བསྲིངས་བྱེད་སླད་དང་། ཤེས་ཡོན་པ་དེ་དག་ཀྱང་རང་རེའི་སྤྱི་ཚོགས་དང་ལྷག་དོན་གདན་སར་མུ་མཐུད་སློབ་གཉེར་གྱི་ཤ་ཁུ་ཤ་ཐིམས་ཀྱི་ཕན་ཐོགས་ཡོང་སླད་ཁོ་ནའི་ཆེད་དུ་ལས། ཕྱི་རྒྱལ་ཁག་ལ་སློང་མོ་བ་དང་དྲིལ་བསྒྲགས་པ་གསོ་སྐྱོང་བྱེད་པའི་ཆེད་དུ་མ་རེད། གཞན་ཡང་། དེང་གདན་ས་ཁག་ཏུ་ཚན་རིག་གི་འཛིན་གྲྭ་རིམ་པར་ཆེད་བཙུགས་དང་། ཕྱི་གླིང་བའི་སློབ་མ་དང་རྒྱ་གར་མཐོ་སློབ་ཀྱི་སློབ་མ་སོགས་ཀྱི་དབར་ཤེས་ཡོན་བརྗེ་ལེན་(Exchange Program)གྱི་ལས་འཆར་ཚ་ཚ་འུར་འུར་དུ་སྤེལ་གྱིན་པ་དག་ནི། ལས་དོན་ཆུང་ཚགས་ཤིག་ཀྱང་དྲ་རྒྱ་ཁག་ཏུ་རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་དག་ལས་ལྡབ་འགྱུར་གྱི་དོན་ཕན་ཆེ་བ་ཞིག་རེད། དེ་མིན་གདན་ས་གྲྭ་ཚང་ཁག་དང་དེ་དག་གི་སློབ་གྲྭ་ཁག་རེ་རེ་དང་། ཐ་ན་ཁང་ཚན་ཁག་རེ་རེ་ལའང་ཆེ་ཆུང་ལ་མ་ལྟོས་པའི་རང་རང་གི་དཔེ་མཛོད་ཁང་ཡོད་ལ། དཔེ་མཛོད་ཁང་དེ་དག་ཏུ་བཞུགས་པའི་དཔེ་དེབ་ཀྱི་དཀར་ཆག་དང་འོད་སྡེར་སོགས་བལྟ་ཉན་བྱ་འདོད་ན་དྲ་རྒྱ་ཁག་ཏུ་བལྟ་ཆོག་ཆོག་འདུག མདོར་ན་གོང་གི་རྩོམ་དེ་ནི་རྩོམ་བྱང་དང་འགབ་ཏག་ཏག་མཐུན་འདུག གོ་མེད་ཀྱི་གཏམ་འཆལ་འབའ་ཤིག་རེད།