བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༧༠༠ སྟེང་གི་རྩོམ་སྒྲིག་པའི་གཏམ།
ཚོགས་པ་ཁག་གི་གྲོས་གཞིའི་ནང་༼རྒྱལ་བའི་བཀའ་དགོངས་སྒྲུབ་ཐབས།༽ཞེས་པ་འདི་ཅིའི་ཕྱིར་མེད་པ་རེད།་་་་་་་་་་་་་་་་་
ཉིན་འགའི་སྔོན་ལ་བོད་ཀྱི་དུས་བབ་གསར་ཁང་གི་གསར་འགོད་པ་པདྨ་རྒྱལ་ལགས་ཀྱིས་དྷ་རམ་ས་ལའི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་སྐོར་གྱི་གསར་འགྱུར་ཞིག་བྲིས་ཏེ་ང་ལ་ཞུ་དག་གཏོང་རྒྱུར་སྤྲད་སོང་། མགོ་ནས་མར་ཀློག་ཡོང་སྐབས་གྲོས་གཞིའི་ནང་། ༧གོང་ས་མཆོག་གི་སྐུ་ཕྱྭའི་སྐོར་ཟེར་བ་དེ་མཐོང་མ་ཐག ཧ་ཅང་གཡོ་ཟོལ་དང་ཟོག་རྫུའི་རྣམ་པ་ཞིག་ཚོར་སོང་།
ངས་སྐད་ཆ་འདི་ད་རེས་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་དང་འབྲེལ་ཏེ་བཤད་པ་རེད་མ་གཏོགས། གྲོས་གཞི་འདི་ལྟ་བུ་མང་གཙོ་ཚོགས་པ་ཙམ་མ་རེད། བཙན་བྱོལ་སྤྱི་ཚོགས་ནང་གི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་འདུ་ཆེ་ཕྲ་ཚང་མའི་ནང་རྒྱུན་པར་མཐོང་རྒྱུ་ཡོད་པ་མ་ཟད། ད་དུང་གལ་ཆེན་གྱི་རྣམ་པ་སྟོན་ཆེད་གྲོས་གཞི་ཁག་གི་ཐོག་མར་བཞག་སྟེ་གྲོས་ཆོད་འཇོག་སྲོལ་ཡོད་ཀྱང་། ལོ་རྗེས་མ་དང་ཡང་ན་སྐབས་རྗེས་མར་བསྐྱར་དུ་ཚོགས་འདུ་ཚོགས་སྐབས། རྒྱལ་བའི་སྐུ་ཕྱྭའི་ཐོག་ལས་ཀ་ཅི་བྱས་ཀྱི་ལས་བསྡོམས་མེད་པ་མ་ཟད། མཇུག་སྐྱོང་ཅི་དགོས་ཀྱི་སྟེང་གནོན་ཡང་མེད་ལ། དེ་ལ་དོགས་འདྲི་དང་བསྐྱར་ཞིབ་བྱེད་མཁན་ཡང་མེད།
རྒྱལ་ཡོངས་མང་གཙོ་ཚོགས་པའི་ལས་འགན་གཙོ་བོ་རྒྱལ་བའི་སྐུ་ཕྱྭ་སྲུང་སྐྱོབ་མ་རེད། རྒྱལ་བའི་བཀའ་བརྩིས་ཏེ་དགོངས་དོན་བསྒྲུབ་རྒྱུ་དེ་རེད། རྒྱལ་བའི་སྐུ་ཕྱྭ་སྲུང་སྐྱོབ་བྱེད་མཁན་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཡོད་ལ། རྒྱ་གར་གཞུང་གི་སྲུང་སྐྱོབ་ཀྱང་ཡོད་ཡོད་པ་རེད། ཁྱེད་ཅག་གི་ལས་འགན་ངོ་མ་དེ་ཁ་ཞེ་གཉིས་མེད་ཐོག་རྒྱལ་བའི་བཀའ་དགོངས་ཇི་ལྟར་བསྒྲུབ་རྒྱུར་གྲོས་བསྡུར་བྱས་ཏེ་གྲོས་ཆོད་འཇོག་རྒྱུ་དེ་རེད།
བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ནམ་རྒྱུན་དཀའ་ངལ་ཞིག་ཡོང་གི་ཡོད་པ་ནི་རྒྱལ་བའི་སྐུ་ཕྱྭར་མ་འགྲིག་མ་འཐུས་པ་མ་རེད། རྒྱལ་བའི་བཀའ་དགོངས་ལ་རྒྱབ་འགལ་དང་ལྡོག་འགྲེལ་བརྒྱབ་སྟེ། བོད་སྤྱི་བར་ལྷག་བསམ་ཟོལ་མེད་དང་༧གོང་ས་མཆོག་ལ་དད་དམ་གཙང་མ་ཡོད་མཁན་ཚོའི་སེམས་ལ་རྨ་ཁ་བཟོས་ཏེ། བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་ཟང་ཟིང་བཟོ་བཞིན་ཡོད་པ་འདི་རེད།
ཐེངས་འདིར་མང་གཙོ་ཚོགས་པའི་ཚོགས་ཆེན་གྱི་སྐུ་མགྲོན་གཙོ་བོ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་ཀྱང་། ཁྱེད་ཅག་གི་གྲོས་གཞིའི་ནང་༧གོང་ས་མཆོག་གི་སྐུ་ཕྱྭའི་སྐོར་འཁོད་འདུག སྐུ་ཕྱྭ་ངོ་མ་དེ་ཁོང་གི་དགོངས་པ་དྭངས་བ་བྱ་རྒྱུ་དེ་རེད། ཅེས་གསུངས་པ་འདི་ཧ་ཅང་གནད་འགག་རེད། ༧གོང་ས་མཆོག་གི་བཀའ་བརྩིས་ཏེ་ཐུགས་འདུན་བསྒྲུབ་ན། རྒྱལ་བ་དགྱེས་པའི་མཆོད་པ་དང་༧གོང་ས་མཆོག་གི་སྐུ་ཕྱྭ་ངོ་མའང་དེ་ཡིན།
དྷ་རམ་ས་ལའི་གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་འདི་དག་གི་གྲོས་གཞིའི་ཁོངས་སུ་ “རྒྱལ་བའི་བཀའ་དགོངས་སྒྲུབ་ཐབས།”ཞེས་པ་ཞིག་ཅིའི་ཕྱིར་མེད་སོང་བ་རེད། གཞུང་ཚོགས་སྒེར་གསུམ་སུ་ཞིག་རྒྱལ་བའི་སྐུ་ཕྱྭར་ཐུགས་འཚབ་ཡོད་པ་བདེན་ན། སྔོན་ཆད་སོ་སོའི་བཤད་སྤྱོད་ཐོག་ནས་རྒྱལ་བའི་བཀའ་དགོངས་ལ་འགལ་དེ། ༧གོང་ས་མཆོག་ལ་ཐུགས་ཕམ་བཟོས་རིགས་བྱུང་ཡོད་ན། སྔ་འགྱོད་ཕྱི་སྡོམ་བྱས་ཏེ་ཐུགས་དགོངས་གསོ་ཐུབས་དང་། མ་འོངས་པར་བཀའ་དགོངས་ཚུལ་བཞིན་བསྒྲུབས་ཏེ། དུས་ནམ་ཡང་ཁོང་ཉིད་ལ་ཐུགས་ཕམ་མི་བཟོ་རྒྱུ་དེ་རེད།