རྒྱ་གར་ལྷོ་ཕྱོགས་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ཞུགས་མྱོང་ཡོད་པའི་དགེ་འདུན་པ་བློ་བཟང་ཆོས་རྒྱན་ལགས་བོད་བལ་ས་མཚམས་འགྲམ་ནས་གར་ཡོད་ཅི་བྱུང་མེད་པར་གྱུར་ནས་ལོ་ངོ་ ༩ འགྲོ་བཞིན་འདུག
འདི་གར་འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། དགེ་འདུན་པ་བློ་བཟང་ཆོས་རྒྱན་ཞུ་བ་ཞིག་ཕྱི་ལོ་ ༢༠༠༧ ཟླ་ ༧ ཚེས་ ༢༠ ཡས་མས་སུ་བོད་དུ་ལོག་སྟེ། བོད་བལ་ས་མཚམས་འགྲན་དུ་འབྱོར་སྐབས་ཁོང་གིས་ནང་མིར་ཁ་པར་བཏང་ནས་ང་འགྲམ་དུ་འབྱོར་བསྡད་ཡོད་ཅེས་བཤད་ཡོད་ཀྱང་། དེ་ནས་བཟུང་སྟེ་ཁོང་གར་ཡོད་ཅི་བྱུང་མེད་པར་གྱུར་ནས་ལོ་ངོ་ ༩ འགྲོ་བཞིན་ཡོད་འདུག
འདས་པའི་ལོ་ངོ་ ༩ རིང་ཁོང་གི་ནང་མི་སྤུན་མཆེད་རྣམས་ཀྱིས་ས་གནས་སྲིད་གཞུང་ལ་ཁོང་གི་གནས་ཚུལ་ཐེངས་མང་ཡར་ཞུ་བྱས་ཡོད་ཀྱང་། ཁོང་ལ་རྒྱ་ནག་གི་ཐོབ་ཐང་ལག་ཁྱེར་ཟེར་བ་དང་ཐོབ་ཐང་བདེན་དཔང་བྱེད་རྒྱུའི་ཡིག་ཆ་གང་ཡང་མེད་སྟབས། ས་གནས་སྲིད་གཞུང་ནས་གནས་ཚུལ་ཅི་ཡང་མཁོ་སྤྲོད་བྱེད་ཐུབ་མེད་པ་དང་། ཁོང་གི་ནང་མི་གཉེན་འབྲེལ་རྣམས་ལྷ་ས་དང་གཞིས་ཀ་རྩེ་སོགས་སུ་ཕྱིན་ཏེ། ངོ་ཤེས་སོགས་བརྒྱུད་ནས་རྩད་གཅོད་བྱས་ཡོད་ཀྱང་ཁོང་གང་དུ་ཡོད་མེད་ཕར་ཞོག ཐ་ན་ཤི་གསོན་གང་ཡིན་གྱི་གནས་ཚུལ་ཙམ་ཡང་ཤེས་རྟོགས་ཐུབ་མེད་སྟབས། ལོ་ན་ ༨༠ ཡིན་པའི་ཁོང་གི་ཨ་མ་ལགས་ཀྱིས་ཉིན་མཚན་གཉིས་སུ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། ཕྱི་ཕྱོགས་ན་ཡོད་པའི་ཁོང་གི་ངོ་ཤེས་གྲོགས་པོ་སོགས་ཀྱིས་ཁོང་རྩད་གཅོད་རེ་གནང་ཐབས་དགོས་པའི་རེ་སྐུལ་ཡང་བྱས་ཡོད་འདུག
དགེ་འདུན་པ་བློ་བཟང་ཆོས་རྒྱན་ལགས་ནི་རེབ་གོང་སྒོ་དམར་སྡེ་བ་ནས་ཡིན་ཞིང་། ཁོང་གི་སྐྱ་མིང་ལ་དགེ་འདུན་ཉི་མ་དང་ཆོས་མིང་ལ་བློ་བཟང་ཆོས་རྒྱན་ཞུ་ཡི་ཡོད་པ་དང་། ཕྱི་ལོ་ ༢༠༠༠ ལོར་རྒྱ་གར་ལ་བཙན་བྱོལ་དུ་ཡོང་སྟེ། ལྷོ་ཕྱོགས་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ལོ་ཤས་རིང་སློབ་གཉེར་གནང་ཡོད་པ་དང་། ཕྱིས་སུ་དགོན་པའི་ཕྱི་རུ་ཁང་པ་ཞིག་གླས་ནས་ཐང་ག་བྲིས་ཡོད་འདུག དེ་ནས་ཕྱིར་བོད་དུ་ལོག་རྩིས་ཀྱིས་དྷ་རམ་ས་ལར་ཡོང་ནས་ཅུང་ཙམ་བསྡད་རྗེས་ཕྱི་ལོ་ ༢༠༠༧ ཟླ་ ༧ པའི་ནང་བོད་དུ་ལོག་ཡོད་འདུག
གསར་འགོད་པ། པདྨ་མཚོ།