མོའོ་ཀྲི་ཞུའེས་བརྩམས། རིག་འཛིན་ལྷུན་གྲུབ་ཀྱིས་བསྒྱུ
ཕྱི་ལོ་ ༢༠༡༦ ལོ་ནི་རྒྱ་ནག་ནང་འོས་བསྡུའི་ལོ་ཡིན་པ་ཁྱེད་ལ་ཤེས་རྟོགས་མེད་སྲིད།
ཝུའུ་ཀང་གྲོང་ཚོར་སླར་ཡང་རྩོད་ལེན་བྱེད་མགོ་བཙུགས། ལོ་བཞིའི་གོང་ལུ་གུ་རྒྱུད་སྦྲེལ་གྱིས་རྩོད་ལེན་ཁྲོད་གྲོང་ཚོའི་འཐུས་མི་ཞུའེ་ཅིན་པོའོ་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་གྱི་གནས་སྟངས་ཡ་མཚན་འོག་ཚེ་སྲོག་ཤོར། ཝུའུ་ཀང་གྲོང་མི་ཚོས་སོ་སོའི་ཡིད་ཆེས་བྱེད་སའི་མི་ཞིག་གྲོང་ཚོའི་མགོ་འཁྲིད་ལ་འོས་འདེམས་བྱས་ཀྱང་། ལོ་ཤས་ཕྱིན་རྗེས་སུའང་ཁོ་ཚོར་རང་ཉིད་ཀྱི་ཐོབ་ཐང་གི་མགོ་འཁྲིད་ལག་ཏུ་ཐོབ་མེད་པ་དང་གནས་ཚུལ་ཐག་མ་ཆོད་པར་ལུས། འོས་འདེམས་བྱུང་པའི་ཝུའུ་ཀང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་མགོ་འཁྲིད་ལིན་ཙུའུ་ལན་ཉེན་རྟོག་པས་འཛིན་བཟུང་བཙན་ཤེད་ཀྱིས་ལྐོག་རྔན་བླངས་པ་ཡིན་ཚུལ་བརྙན་འཕྲིན་ཐོག་ཁས་ལེན་འགྱོད་བཤགས་བྱེད་བཅུག
ཉིན་ཤས་གོང་ཀན་སུའུ་ཞིང་ཆེན་དུ་ས་གནས་མི་དམངས་འཐུས་མིར་དྭང་བླངས་འོས་མི་དཔེར་ན་ཞུའུ་མིན་ཞུའེ་དང་། གཞན་མང་པོར་ ‘གཏོར་རྒོལ་ངན་ཇུས་ཀྱི་འོས་བསྡུ་’ཞེས་པའི་ཉེས་འཛུགས་འོག་དོ་དམ་བཙོན་འཇུག་བྱས། ལོ་ཤས་གོང་ཝའེ་པོའོ་(རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཞིག་)དར་ཁྱབ་ཆེ་བའི་སྐབས་མི་ཚང་མས་ཝུའུ་ཀང་གྲོང་ཚོའི་འོས་བསྡུའི་སྐོར་གླེང་སློང་མང་པོ་བྱས་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འོས་མི་དྭང་བླངས་པ་ཚོ་ནི། རྒྱ་ནག་ནང་གཞི་རིམ་དམངས་གཙོའི་ལམ་ལུགས་དང་ཆབ་སྲིད་ཀྱི་རེ་བའི་རྟགས་མཚན་ཞིག་ཏུ་གྱུར། དེའི་སྐབས་གསར་འགྱུར་བརྒྱུད་ལམ་ཁག་དང་དྲ་འབུ་ཚོས་གནད་དོན་དེར་དོ་སྣང་ཤུགས་ཆེར་བསླེབས། འོན་ཀྱང་། ལོ་ལྔ་འདས་རྗེས་ང་ཚོར་སླར་ཡང་ ‘འོས་བསྡུའི་ལོ་’ དེ་བསླེབས་པ་དང་། གནས་སྟངས་ནི་སྔར་བཞིན་རེ་བ་ཆེར་མ་མངོན།
རེ་བ་ཆེ་བའི་གཞི་རིམ་དམངས་གཙོའི་ལམ་ལུགས།
ཕྱི་ལོ་ ༡༩༨༩ རྗེས་རྒྱ་ནག་ནང་ཆབ་སྲིད་ནང་མཉམ་ཞུགས་བྱེད་རྒྱུ་ནི་ཧ་ཅང་དམ་དྲག་ཇེ་ཆེར་གྱུར། གཞི་རྩའི་འགྱུར་བ་འབྱུང་སྲིད་པ་ལས་ལྡོག་སྟེ་ ༡༩༩༢ ལོར་ཏིན་ཞའོ་ཕིན་གྱིས་ ‘ལྷོ་ཕྱོགས་བསྐོར་བསྐྱོད་’ བྱས་རྗེས་རྒྱ་ནག་ནང་དཔལ་འབྱོར་ཁྲོམ་རའི་ཤུགས་རྐྱེན་རྒྱ་བསྐྱེད་གཏོང་རྒྱུའི་ཁས་ལེན་དམ་བཅའི་འཆར་སྒོ་སྣ་ཚོགས་ཀྱི་ཁ་ཕྱོགས་སུ་གྱུར།
དུས་རབས་ཉེར་གཅིག་ནང་རྒྱ་ནག་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་ཁོངས་འཛུལ་ཞུགས་དང་པེ་ཅིན་ཨོ་རྩེད་བསྡུ་བསྐོང་ལེགས་གྲུབ་བྱུང་བ། དཔལ་འབྱོར་འཕེལ་རྒྱས་ཀྱང་ལྟོས་ཚོད་དུ་ཞི་འཇམ་ཐོག་སྤྱི་ཚོགས་གནས་བབ་གསར་པའི་བསྒྱུར་བཅོས་མགྱོགས་མྱུར་ལ་ཁ་ཕྱོགས་ཤིང་། དེ་དང་དུས་མཚུངས་དབང་འཛིན་པའི་དམིགས་ཡུལ་ནི་ཁ་གཏད་ཚོགས་པར་མུ་མཐུད་དོ་དམ་དང་དྲག་གནོན་བྱ་ཡུལ་དུ་གྱུར། ཁོར་ཡུག་འདི་འདྲའི་ནང་ཕྱི་ལོ་ ༡༩༨༩ ལོའི་སྐྱོ་གར་ལས་འགུལ་གྱི་སྐུལ་དེད་ལས་བྱུང་བའི་གཞི་རྩའི་འཕོ་འགྱུར་གྱི་ལྟ་ཚུལ་རིམ་བཞིན་རྩ་སྟོངས་སུ་གྱུར། གནས་བབ་འདི་འདྲའི་འོག་རིམ་གྱིས་ཐུན་མོང་གི་ཁ་ཕྱོགས་གཙོ་བོ་ལམ་ཕྱོགས་གསར་པ་ཞིག་ཏུ་གྱུར་པ་མ་ཟད། ཆབ་སྲིད་ཐོག་ནས་ཀྱང་འོས་ཤིང་འཚམས་པའི་གླེང་གཞི་ཞིག་ཏུ་གྱུར།
རིམ་གྱིས་འགྱུར་བ་ཡོང་བའི་འཆར་སྒོ་ལ་རྒྱབ་སྐྱོར་གྱི་ཁུངས་སྐྱེལ་གཙོ་བོ་ཁག་ནི་གཞི་རིམ་དམངས་གཙོའི་ལམ་ལུགས་དང་། ཁྲིམས་སྒྲིག་སྲུང་སྐྱོབ་བྱས་ཏེ་གསར་འགྱུར་བརྒྱུད་ལམ་ཁག་དང་དྲ་རྒྱའི་ཐོག་བགྲོ་གླེང་གི་སྒོ་མོ་རབ་ཏུ་ཕྱེ་པ་དང་། སྤྱི་དམངས་དང་གཞུང་འབྲེལ་མིན་པའི་ཚོགས་པ་མང་དུ་ཕྱིན་པ་བཅས་ཡིན། གཞི་རིམ་དམངས་གཙོའི་ལམ་ལུགས་ནི་གླེང་གཞི་གལ་ཆེན་ཞིག་ཏུ་གྱུར། དེ་ནི་ཐོབ་ཐང་སྲུང་སྐྱོབ་དང་བགྲོ་གླེང་སྒོ་འབྱེད། སྤྱི་ཚོགས་འཕེལ་རྒྱས་བཅས་ཆབ་སྲིད་འཕོ་འགྱུར་རམ་ཆབ་སྲིད་ནང་མཉམ་ཞུགས་ཐོབ་རྒྱུར་མཐུན་རྐྱེན་ནམ་དགོས་ངེས་ཀྱི་ཆ་རྐྱེན་དུ་གྱུར། སྐབས་རེ་མཉམ་ཞུགས་དེ་འདྲ་བྱེད་རྒྱུ་ནི་དཀའ་ཚེགས་ཅན་ནམ། ཡང་ན་འབྱུང་མི་སྲིད་པ་ལྟ་བུ་ཞིག་ཀྱང་ཡིན་སྲིད།
གཞི་རིམ་མང་ཚོགས་ཀྱི་འོས་བསྡུ་ནི་ཆབ་སྲིད་ནང་མཉམ་ཞུགས་བྱེད་རྒྱུའི་རྩ་དོན་ཡིན། འོན་ཀྱང་། རིམ་པ་བཞིན་ཆབ་སྲིད་འཕོ་འགྱུར་གྱི་མགོ་འཛུགས་སས་ངོ་མ་ནི་འཐུས་སྒོ་ཚང་པ་ལས་བྱུང་ཐུབ།
དགུ་བཅུ་གོ་གྲངས་ནང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་རང་སྐྱོང་ཁྲིམས་ལུགས་མངོན་འགྱུར་བྱུང་ཞིང་། ཐད་ཀའི་འོས་བསྡུའམ་‘གསང་པའི་འོས་འཕེན་’ གྱི་རེ་འདུན་ནི་གཞི་རིམ་དམངས་གཙོའི་ལམ་ལུགས་ཀྱིས་རྒྱ་ནག་དམངས་གཙོར་འགྱུར་བ་ཡོང་རེ་ཡིས་འོད་ཟེར་འཕྲོ། འོན་ཀྱང་། གྲོང་ཚོ་རིམ་པའི་དམངས་གཙོའི་ལམ་ལུགས་ཀྱི་ལག་ལེན་ནི་རང་སྐྱོང་གི་གནས་བབ་ཀྱི་བཀག་རྒྱར་ལུས་ཡོད་སྟབས། དེས་ཕྱོགས་ཡོངས་ཀྱི་ཆབ་སྲིད་སྒྲོམ་གཞི་ལ་ཤུགས་རྐྱེན་གང་ཡང་མ་བྱུང་། དེ་ལྟར་ནའང་། རིམ་པ་ངེས་ཅན་གྱི་གཞི་རིམ་དམངས་གཙོའི་ལམ་ལུགས་ནི་སྟངས་འཛིན་སྣ་ཚོགས་འོག་གནས་པ་དང་། དབུགས་རྒྱུན་མ་ཆད་བར་གསོན་ཐབས་ཙམ་བྱེད་ཀྱིན་ཡོད། ཉེ་ཆར་ཁྲང་ཕིན་གྱིས་བྲིས་དོན་ “ཝུའུ་ཀང་གྲོང་ཚོ་ནི་རྒྱ་ནག་གིས་རྒྱལ་ནང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས” ཚོད་ལྟ་བྱེད་ས་དེ་རེད། ཅེས་དང་། དབང་ཆ་གཅིག་སྡུད་ཀྱི་ཁོར་ཡུག་དང་། དམངས་གཙོའི་འོས་འདེམས་ཀྱི་གོ་རྒྱ་ཆུང་ཆུང་ཡིན་སྟབས་དེ་ནི་དཀའ་ཚེགས་སྣ་ཚོགས་དང་། ཚེ་སྲོག་ལ་ཐུག་པའི་གནས་སྟངས་ལ་གདོང་ལེན་བྱེད་དགོས།”ཞེས་བརྗོད།
ལྟོས་ས་ལྟོས་འཇོག་གི་ཐོག་ནས་བཤད་ན་གྲོང་སྡེའམ་གྲོང་ཚོ་རིམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འོས་བསྡུར་དྭང་བླངས་འོས་མི་ཡོད་སྟབས་རེ་བ་ཆེན་པོ་ཞིག་དང་། འགྱུར་བ་འགྲོ་ཐུབ་པའི་ལམ་ཁ་ཞིག་ཡོད་སྲིད་པ་ལྟ་བུར་སྣང་། དེའི་རྒྱུ་མཚན་ནི་ད་ཡོད་རྒྱ་ནག་གི་འོས་བསྡུའི་སྒྲིག་སྲོལ་འོག་མི་མང་གི་འཐུས་མི་མང་ཚོགས་རང་གིས་འོས་འདེམས་བྱེད་པ་དང་། དེའང་འོས་ཤོག་གི་ལམ་ནས་འཐུས་མི་འདེམ་རྒྱུ་ཐུབ་པའི་གནས་བབ་སོར་གནས་ཡིན། གནས་བབ་དེའི་ཐོག་ནས་ ༡༩༩༨ ལོར་ཡའོ་ལི་ཧྤ་ནི་ཧུའུ་པའེ་ཞིང་ཆེན་གྱི་ཆན་ཅང་གྲོང་འཁྱེར་ནང་འོས་འདེམས་བྱུང་བ་དེ་དཔེ་མཚོན་ཞིག་རེད།
དྭང་བླངས་འོས་མི་ནི་ད་ཡོད་སྒྲིག་སྲོལ་འོག་ཆོག་མཆན་ཡོད་པ་དང་། གཞུང་ལུགས་ཐོག་ནས་ཀྱང་དེ་ནི་མཐར་ཐུག་ལེགས་གྲུབ་ཡོང་རེའི་གོ་སྐབས་ཤིག་ཡིན། ཁྲོམ་རའི་ཤུགས་རྐྱེན་གསར་པ་དང་དྲ་ཐོག་བརྒྱུད་ལམ་བེད་སྤྱོད་བྱས་ཏེ། ཁྱེད་ཀྱིས་ངོ་ཚབ་བྱས་པ་བརྒྱུད་དེ་ས་ཁུལ་གྱི་དྭང་བླངས་འོས་མིའི་སྐོར་རྒྱ་ནག་རྒྱལ་ཡོངས་སུ་ཤེས་རྟོགས་ཡོང་སྲིད་པ་མ་ཟད། རྒྱལ་སྤྱི་ཅན་དུའང་གྱུར་སྲིད། རྒྱུ་མཚན་འདི་དག་གི་ཐོག་ནས་མི་མང་པོ་ཞིག་ལ་དྭང་བླངས་འོས་མིའི་འགྲོ་ལུགས་ཀྱིས་ཆབ་སྲིད་ནང་མཉམ་ཞུགས་ཀྱི་འགྲོ་ལམ་གོ་རྒྱ་ཡངས་པོར་ཕྱེ་བ་དང་། རྒྱ་ནག་དམངས་གཙོར་འགྱུར་རྒྱུར་ཡང་མྱུར་མགྱོགས་ལྡན་པའི་ལམ་ཁར་བསྐྱོད་ཐུབ།
རྒྱུ་མཚན་གཅིག་མཚུངས་ཐོག་ནས་ ༢༠༠༣ ལོར་ཧུའུ་དང་ཝུན་གྱི་དབང་བསྒྱུར་དུས་སྐབས་གསར་པ་མགོ་འཛུགས་ཀྱི་སྐབས་ཡིན་ནའང་རེད། ཡང་ན། ཝའེ་པོའོ་དར་ཁྱབ་ཆེན་བའི་དུས་སྐབས་སུ་གཞི་རིམ་མང་ཚོགས་ཀྱི་འོས་བསྡུ་དང་། དམིགས་བསལ་གྱིས་དྭང་བླངས་འོས་མི་ནི་གདམ་ག་གཉིས་པ་དང་། མང་ཚོགས་ཀྱིས་བསྐྲུན་ཐུབ་པའི་ཆབ་སྲིད་འཕོ་འགྱུར་གྱི་རེ་བ་ཞིག་ཡིན། དེང་སྐབས་དྲ་རྒྱའི་ཐོག་བསམ་ཚུལ་སྤེལ་པ་དང་། སྤྱི་བའི་གནད་དོན་ལ་དོ་འཁུར། ཐོབ་ཐང་སྲུང་སྐྱོབ་སོགས་ཀྱི་བྱ་འགུལ་ཐོག་བློས་གཏོང་བྱེད་ཚུལ་དེར་རེ་བ་ཆེན་པོ་ཞིག་མངོན་འདུག
ངོ་བོ་ཙམ་གྱི་རྒྱ་ནག་གི་འོས་བསྡུ།
རྒྱ་ནག་གི་འོས་བསྡུའི་སྒྲིག་སྲོལ་གྱིས་རེ་བ་དེ་དག་རྒྱུན་འཁྱོངས་བྱེད་ཐུབ་དང་མི་ཐུབ་ནི་གླེང་གཞི་རེད། རྒྱུ་མཚན་སྣ་ཚོགས་ཀྱི་ཐོག་ནས་རྒྱ་ནག་སྐམ་ས་ཆེན་མོའི་དབྱེ་ཞིབ་པ་ཚོས་བསྐྱར་ནས་ཡང་དུ་ཐའེ་ཝན་དམངས་གཙོའི་ལམ་ལུགས་སུ་འགྱུར་བ་ལུང་འདྲེན་བྱེད་ཀྱི་ཡོད། ཐའེ་ཝན་དམངས་གཙོར་འཕོ་འགྱུར་ཐད་འོས་བསྡུ་ནི་གལ་ཆེའི་མཐུན་རྐྱེན་དུ་འགྱུར་ཡོད་པར་ཐེ་ཚོམ་མེད་སྟབས། རྒྱ་ནག་གིས་ཀྱང་རིམ་གྱིས་བརྗོད་གཞི་དེར་གླེང་མོལ་བྱེད་ངེས་ཡིན་མོད། ཐའེ་ཝན་དང་རྒྱ་ནག་སྐམ་ས་ཆེན་མོའི་འོས་བསྡུའི་སྒྲིག་སྲོལ་དང་། ཐའེ་ཝན་གྱི་དམངས་གཙོའི་ལམ་ལུགས་ཐོག་སྐྱོད་ཐབས་གཉིས་བསྡུར་ཚེ་ང་ཚོས་མཐོང་ཐུབ་པ་ནི་རྒྱ་ནག་གི་འོས་བསྡུའི་སྒྲིག་སྲོལ་འོག་དཀའ་ཚེགས་ཆེ་བ་མངོན། དམངས་གཙོའི་འཕོ་འགྱུར་ཆེད་མཐུན་རྐྱེན་གལ་ཆེར་གྱུར་བའི་དྭང་བླངས་འོས་མིའི་འོས་བསྡུ་ཡང་རིམ་པ་དམའ་ཤོས་ནས་འགྲན་རྩོད་བྱེད་པ་ཡིན། མི་ཚང་མས་རྒྱ་ནག་གི་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོ་ནི་རྣམ་དབྱེ་དང་པོ་ཙམ་དང་། འོས་བསྡུ་ནི་སྲིད་དབང་སྒེར་འཛིན་གྱི་ཤོམ་སྟོན་འབའ་ཞིག་ཡིན་པ་ཤེས་ཀྱི་ཡོད། རྒྱ་ནག་གིས་འབོད་པའི་འོས་བསྡུ་ནི་དོ་དམ་ཚད་བཀག་ཅན་སྟེ་སྲིད་གཞུང་གི་འཛིན་སྐྱོང་ལས་བྱེད་སུ་ཞིག་ཐད་ཀར་འོས་འདེམས་བྱས་མྱོང་མེད་པ་མ་ཟད། མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འོས་འདེམས་ལའང་ཞིང་ཆེན་དང་རྫོང་རིམ་པར་ཚད་བཀག་ཡོད། ཕྱོགས་གཞན་ཞིག་ནས་ཐའེ་ཝན་ནང་རྫོང་དཔོན་དང་། རྫོང་དང་ཞིང་ཆེན་ལྷན་ཚོགས་ཀྱི་འཐུས་མི་ཚོ་ཐད་ཀའི་འོས་འདེམས་བྱེད་པ་དེ་ནི་ ༡༩༥༤ ལོ་ཙམ་ནས་ཡོད་པ་ཞིག་རེད། ༡༩༦༠ རེ་གྲངས་ནང་རྒྱལ་ཡོངས་ལྷན་ཚོགས་དང་གྲོས་ཚོགས་འཐུས་མི་འོས་འདེམས་འགྲན་བསྡུར་ཤུགས་ཆེན་བྱེད་མགོ་བཙུགས།
དེས་ན་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་ཡན་ལག་སྡེ་ཚན་ཁག་དང་། དབུས་ནས་ས་གནས་གཞུང་གི་བར་ཐད་ཀའི་འོས་བསྡུ་ཁྱབ་ཡོད། དེ་ནི་འོས་བསྡུས་སྤྱི་ཚོགས་ཐོག་ཤུགས་རྐྱེན་དང་། ཐའེ་ཝན་ནང་དམངས་གཙོའི་ལམ་ལུགས་ཀྱི་འཕོ་འགྱུར་དར་འཕེལ་བྱུང་། གནས་སྟངས་དེ་འདྲའི་འོག་གཞུང་དོན་གཉེར་མཁན་གྱི་ལས་བྱེད་དང་གྲོས་ཚོགས་འཐུས་མི་ཚོས་གོ་མིན་ཏང་གི་ཕྱི་ལོགས་སུ་ཆབ་སྲིད་རྩ་དོན་གཙོ་གཉེར་བྱེད་ཐུབ་ཀྱི་ཡོད། དེ་ནི་ ༡༩༧༩ ལོའི་ཧོང་ཤིན་ཅད་ཀྱིས་ངོ་རྒོལ་རྔམ་སྟོན་ཁྲོམ་བསྐོར་ཡིན་ནའང་རེད། ཀའོ་སུང་དོན་རྐྱེན་གྱི་ཕྱོགས་འགལ་ཚོགས་མི་ཡིན་ནའང་རེད། ཡང་ན། ཐང་ཝའེ་མི་མང་སྲིད་ཇུས་ཉམས་ཞིབ་མཐུན་ཚོགས་བཙུགས་པ་བཅས་གང་ལྟར་ནའང་ཐའེ་ཝན་གྱི་འོས་བསྡུའི་སྒྲིག་སྲོལ་དང་འོས་བསྡུའི་ལག་ལེན་ཐོག་ནས་རང་མོས་ཅན་གྱི་ཆབ་སྲིད་པ་རྣམས་ཀྱི་ཤུགས་རྐྱེན་དང་། མཐར་ཐུག་ཕྱོགས་འགལ་ཚོགས་པ་བཙུགས་ཐུབ་པ་བྱུང་ཡོད།
ཐའེ་ཝན་དང་རྒྱ་ནག་སྐམ་ས་ཆེན་མོ་གཉིས་བར་མི་འདྲ་ས་གཉིས་པ་ནི། རྒྱ་ནག་གི་འོས་བསྡུའི་སྒྲིག་སྲོལ་ནང་བཀག་སྡོམ་མང་པོ་ཡོད། སྲིད་དབང་སྒེར་འཛིན་པའི་རྩ་དོན་ནི་སྤྱི་ཚོགས་ཧྲིལ་པོར་དོ་དམ་བྱེད་རྒྱུ་དང་། རང་འགུལ་གྱི་ཆབ་སྲིད་མཉམ་ཞུགས་རྩ་མེད་བཟོ་རྒྱུ་དེ་ཡིན། རྒྱ་ནག་གི་འོས་བསྡུའི་སྒྲིག་སྲོལ་ནི་ཤོམ་སྟོན་ཙམ་ཞིག་ཡིན་པས་མགོ་བཙུགས་དུས་ནས་དོ་དམ་སྣ་ཚོགས་དང་མཉམ་ཞུགས་བྱེད་རྒྱུར་ཚད་བཀག་བཀོད་སྡོམ་གྱིས་གཏན་ལ་ཕབ།
དྭང་བླངས་འོས་མི་ཚོས་རྫོང་དང་གྲོང་སྡེའི་མི་དམངས་འཐུས་མི་ཚོགས་ཆེན་ཆེད་འོས་བསྡུའི་ནང་མཉམ་ཞུགས་ཙམ་བྱེད་ཐུབ། འོན་ཀྱང་། འོས་བསྡུ་ནི་དཀའ་རྙོག་རང་བཞིན་ཅན་ཞིག་འཆར་འགོད་བྱས་ཡོད་སྟབས། རྫོང་ས་ཁུལ་གྱི་འོས་བསྡུ་ནི་ཆབ་སྲིད་ཀྱི་སྒྲོམ་གཞིའི་ལམ་ལུགས་དང་མཐུན་པ་ཞིག་ཏེ་སྟངས་འཛིན་དང་བཀོལ་སྤྱོད་བྱེད་ཐུབ་ཆེད་ཡིན། མང་ཚོགས་ཀྱིས་སོ་སོའི་འོས་མི་འདེམས་བཏོན་བྱེད་པར་བཀག་སྡོམ་བྱེད་ཆེད་སྲིད་གཞུང་གི་ཁ་གཏད་པ་སུ་ཞིག་འོས་མིའི་མིང་ཐོར་བསླེབས་ཐབས་མེད་པའི་བཀག་སྡོམ་གྱི་ཐབས་ལམ་སྣ་ཚོགས་འདི་དག་གི་ཁྲོད་ད་ཡོད་ཆབ་སྲིད་ཀྱི་སྒྲོམ་གཞིའི་ཁུངས་གཏོགས་མིན་པའི་འོས་མི་སུ་འདྲ་ཞིག་ཡིན་ནའང་འོས་འདེམས་འབྱུང་རྒྱུ་ནི་ངོ་མཚར་གྱི་གནས་ཤིག་ཡིན། དེ་ནི་མཉམ་ཞུགས་ཀྱི་བསམ་བློ་རྩ་མེད་བཟོ་བ་ཙམ་མིན་པར། འོས་བསྡུའི་ཐོག་ནས་གང་ལྟར་ཡང་རྒྱ་ནག་ནང་དམངས་གཙོའི་ལམ་ལུགས་ཀྱི་འགྱུར་བ་ཡོང་རེ་ནི་ཉིན་མོའི་རྨི་ལམ་ལས་མ་འདས།
ང་ཚོས་རྒྱ་ནག་ནང་གི་འོས་བསྡུའི་དུས་ཡུན་བར་སྟོང་རིང་པོར་མནོ་བསམ་གཏོང་དགོས། རྒྱུ་མཚན་ནི། ཐའེ་ཝན་ནང་འཛིན་སྐྱོང་དང་གྲོས་ཚོགས་འཐུས་མིའི་ཆེད་དབུས་ནས་ས་གནས་གཞུང་བར་རིམ་པ་མི་འདྲ་བ་གསུམ་ལྷག་གི་འོས་བསྡུ་བྱེད་ཀྱི་ཡོད། འོས་བསྡུའི་འགྲན་བསྡུར་ཐེངས་མང་བྱེད་པ་དང་། ‘འོས་བསྡུའི་དུས་སྐབས་’ ག་དུས་ཡིན་ནའང་འཁྲིས་སུ་ཡོད་ཡོད་པ་རེད། ཐའེ་ཝན་གྱི་དམིགས་བསལ་སྲིད་དབང་འཛིན་སྐྱོང་ཆགས་སྟངས་ཀྱི་དངོས་ཡོད་འོག་‘འོས་བསྡུའི་དུས་སྐབས་’ཀྱིས་ཆབ་སྲིད་ནང་མཉམ་ཞུགས་རྒྱ་བསྐྱེད་དང་། མཐར་ཐུག་ཐའེ་ཝན་དམངས་གཙོའི་ལམ་ལུགས་སུ་འགྱུར་རྒྱུར་མཐུན་རྐྱེན་ཚད་ལྡན་ཞིག་བསྐྲུན། རྒྱ་ནག་གི་ ‘ཤོམ་སྟོན་’ གྱི་འོས་བསྡུའི་སྒྲིག་སྲོལ་གྱིས་རྫོང་དང་གྲོང་སྡེའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ལོ་ལྔ་རེ་རྗེས་ཐད་ཀའི་འོས་འདེམས་བྱེད་ཆོག་པ་རེད། དེའི་དོན་ནི་ ‘འོས་བསྡུའི་དུས་སྐབས་’ནི་རྒྱ་ནག་ནང་སྐབས་ཉུང་ཉུང་ལས་མེད། མ་ཟད་མཉམ་ཞུགས་ལ་ཚད་བཀག་ཇི་ཙམ་བྱེད་ཀྱི་ཡོད་པར་བསམ་བློ་གཏོང་དགོས་སྟབས། དུས་ཡུན་ལོ་ལྔ་རེའི་བར་སྟོང་ཀྱིས་རྒྱུན་མཐུད་དེ་ཉམས་མྱོང་སྦྱང་གོམས་བྱེད་རྒྱུ་དཀའ་ལས་ཁག་པོ་ཞིག་ཡིན།
མདོར་དྲིལ་ན་དྭང་བླངས་འཐུས་མི་ཡོད་པ་ཙམ་གྱིས་དམངས་གཙོའི་ལམ་ལུགས་ཁྱབ་འཕེལ་ཡོང་རྒྱུར་རེ་བ་དེ་ཙམ་མེད། རྒྱུ་མཚན་ནི། མགོ་བཙུགས་དུས་ནས་དྭང་བླངས་འོས་མིའི་དགོས་འདུན་ཞུ་འབོད་ཀྱིས་ད་དུང་ཡང་འོས་བསྡུའི་སྒྲིག་སྲོལ་དགོས་འདུན་དག་ཚད་མཐོར་འགྲོ་བཞིན་ཡོད།
དྭང་བླངས་འོས་མི་ཚོས་འོས་བསྡུའི་སྒྲིག་སྲོལ་ལ་བསྒྱུར་བཅོས་མང་པོ་ཞིག་བྱེད་དགོས་པར་མཐོང་། ཐོག་དང་པོར་འཛིན་སྐྱོང་ལས་བྱེད་ཐེ་བའི་གཞུང་གི་ཆེས་མཐོའི་དཔོན་རིགས་ཚོ་ཐད་ཀར་འོས་འདེམས་བྱེད་དགོས་པ་དེ་རེད། གཞན་གྲོང་ཚོའི་འོས་བསྡུའི་སྒྲིག་སྲོལ་རྒྱ་བསྐྱེད་དེ་གྲོང་སྡེ་རིམ་པའམ་དེ་ལས་མཐོ་པའི་གཞུང་གི་གོ་གནས་ཆེད་ཐད་ཀའི་འོས་འདེམས་བྱེད་དགོས་པར་འདོད། ༡༩༩༨ ལོར་འོས་འཕེན་པ་མི་གྲངས་དྲུག་སྟོང་གིས་སི་ཁྲོན་སུའེ་ཉིན་སུ་ཡོན་ཤང་གི་བུའུ་ཡུའུ་གྲོང་སྡེའི་ཆེས་ཐོག་མའི་གྲོང་སྡེའི་མགོ་འཁྲིད་འོས་འདེམས་བྱས། དེ་ནི་ཕྱི་ལོ་ ༡༩༤༩ ནས་བཟུང་ཐད་ཀའི་འོས་འདེམས་བྱེད་ཀྱི་ཡོད། དེ་རྗེས་ཚོད་ལྟ་དེ་དང་གཅིག་མཚུངས་གྲོང་འཁྱེར་ཧྲུན་ཀྲིན་དང་ས་གནས་གཞན་ཁག་ཏུའང་མགོ་བཙུགས། དེ་ལ་གསར་འགྱུར་བརྒྱུད་ལམ་དང་རང་དབང་ཅན་གྱི་སྡེ་ཚན་ཁག་གིས་དོ་སྣང་ཤུགས་ཆེན་བྱུང་ཡོད་ཀྱང་དེའི་མཐར་ཐུག་ནི་གང་དུའང་བསྐྱོད་ཐུབ་ཀྱི་མེད། ཉེ་བའི་ལོ་ཟླའི་ནང་བསྒྱུར་བཅོས་གྲོས་འཆར་ཁག་ལས་སློབ་དཔོན་ཆེན་མོ་ཡུ་ཅན་རོང་གིས་བསྐྱར་ཟློས་ཡང་ཟློས་ཀྱིས་ཁྱབ་སྤེལ་གནང་བཞིན་པའི་རྫོང་རིམ་པའི་ཐད་ཀའི་འོས་བསྡུ་བསྒྱུར་བཅོས་ནི་གྲོས་འཆར་གྱི་དོན་སྙིང་དེ་ཡིན།
དངོས་ཡོད་ལ་ལྟ་བ།
སྟབས་མ་ལེགས་པ་ཞིག་ལ་གནས་ཚུལ་དག་ཕྱོགས་ཡོངས་ནས་མང་ཚོགས་ཀྱི་རེ་འདུན་གྱི་ལྡོག་ཕྱོགས་སུ་འགྲོ་བ་དེ་རེད། ཁྲོམ་རའི་ཤུགས་རྐྱེན་རྒྱ་བསྐྱེད་བྱས་པ་དང་བསྟུན་ཏེ་ཐོབ་ཐང་འདྲ་མིན་གྱི་དགོས་འདུན་དང་། ཆབ་སྲིད་ནང་མཉམ་ཞུགས་ཆ་ཤས་ལེན་རྒྱུའི་སྤྱི་ཚོགས་ཀྱི་གནས་བབ་གསར་པར་འདོད་མོས་ཇེ་ཆེར་ཕྱིན། དེ་འདྲའི་སྤྱི་ཚོགས་གནས་བབ་ཀྱིས་དྭང་བླངས་འོས་མིར་མདུན་བསྐྱོད་ཀྱི་འགུལ་ཤུགས་ཆེ་རུ་ཕྱིན། ཕྱི་ལོ་ ༢༠༡༡ ལོར་ཝའེ་པོའོ་ཐོག་ཐོན་པའི་དྭང་བླངས་འོས་མིར་འདོད་མོས་ཤུགས་ཆེན་བྱུང་བ་ནི་སྤྱི་ཚོགས་དཔལ་འབྱོར་གྱི་འགྱུར་བ་ལ་བརྟེན་ནས་བྱུང་བ་ཞིག་ཡིན།
འོན་ཀྱང་། ༡༩༨༩ ལོ་ནས་བཟུང་ཆབ་སྲིད་གཏན་ཚིགས་ལག་བསྟར་བྱས་པའི་བཀའ་དྲིན་གྱིས་ད་ཡོད་ལམ་ལུགས་ཀྱིས་དགོས་འདུན་གསར་པ་དེ་དག་གི་མཐུན་འགྱུར་གྱི་ཐབས་ལམ་གང་ཡང་མ་བསྒྱུར་པར་གནས། དབང་འཛིན་པས་མུ་མཐུད་ནས་བརྟན་ལྷིང་རྒྱུན་འཁྱོངས་ཀྱི་སྲིད་ཇུས་ལ་བརྩོན་བཞིན་ཡོད། སྤྱི་ཚོགས་སྟོབས་ཤུགས་ཇི་ཙམ་རྒྱས་པ་དེ་ཚོད་ཀྱིིས་བརྟན་ལྷིང་གཙོ་དམིགས་དོ་དམ་བྱེད་མཁན་གྱི་དབང་འཛིན་པ་བྱུང་། དེའི་ཐོག་ནས་རྒྱ་ནག་དབང་འཛིན་པ་ཚོས་དྭང་བླངས་འོས་མི་ནི་ངོ་རྒོལ་གཤོག་ཀའི་རྣམ་པར་མཐོང་བས་ངེས་པར་དམ་བསྒྲགས་དང་བཙན་གནོན་བྱེད་དགོས་པ་འདོད།
ཡ་མཚན་པ་ཞིག་ནི་དྭང་བླངས་འོས་མི་ཚོས་ད་ཡོད་ཀྱི་ལམ་ལུགས་ནང་ལས་དོན་གཉེར་འདོད་ཡོད་ཀྱང་དབང་འཛིན་པས་ཁོ་ཚོ་ནི་གཞན་གྱི་འཐུས་མི་ལྟ་བུ་ཞིག་ལ་མཐོང་།
ལོ་ལྔའི་གོང་དྲ་རྒྱའི་ཐོག་དྭང་བླངས་འོས་མིའི་སྐོར་གྱི་གླེང་སློང་ཤུགས་ཆེན་བྱེད་སྐབས་ངས་མང་ཚོགས་ལ་དྲན་སྐུལ་ཞུས་དོན་ནི་གོ་གནས་ལ་རྩོད་ལེན་བྱེད་པ་ནི་ངོ་རྒོལ་གྱི་རྣམ་པ་ཞིག་སྟེ། “མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་རྩོད་ལེན་བྱེད་མཁན་ཚོས་རྒྱ་ནག་ནང་ཆབ་སྲིད་མཉམ་ཞུགས་རྒྱ་བསྐྱེད་ཡོང་འདོད་ཀྱང་། བརྟན་ལྷིང་རྒྱུན་འཁྱོངས་གཙོ་གཉེར་བྱེད་མཁན་གྱི་དབང་འཛིན་པས་དམིགས་ས་ནི་སྲིད་དབང་གཅིག་སྡུད་ཀྱི་འཇིགས་སྐུལ་བཀོལ་བ་དང་། སྤྱི་ཚོགས་སྟངས་འཛིན་དྲག་གནོན་བྱེད་པ་བརྒྱུད་ཆབ་སྲིད་ནང་མཉམ་ཞུགས་རྩ་མེད་བཟོ་རྒྱུ་དེ་རེད། འོས་བསྡུ་ལ་བདེན་དོན་རྒྱབ་ལངས་བྱེད་པ་ནི་ལམ་ལུགས་ཀྱི་བརྟན་ལྷིང་རྒྱུན་འཁྱོངས་ལ་ཐད་ཀར་གདོང་ལེན་ཆགས་ཀྱི་ཡོད་སྟབས་དེ་ལ་དྲག་གནོན་བྱེད་ཀྱི་ཡོད། ལིའུ་ཕིང་གི་ལས་དབང་གིས་གནད་དོན་དེ་བདེན་དཔང་བྱེད། ངའི་རེ་བར་ལི་ཁྲང་ཕིང་དང་གཞན་དྭང་བླངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འོས་མིར་རྩོད་ལེན་བྱེད་མཁན་ཚོ་གྲ་སྒྲིག་གནང་དགོས།”ཞེས་བརྗོད།
རྗེས་སུ་གནས་ཚུལ་ཅི་བྱུང་གིས་ངས་སྔོན་དཔག་བྱས་པ་དེ་ཐེབས་འདུག “བརྟན་ལྷིང་རྒྱུན་འཁྱོངས་ལམ་ལུགས་འོག་དྭང་བླངས་འོས་མི་ཚོར་བཙན་གནོན་བྱེད་པའམ་འོས་བསྡུའི་སྐོར་གྱི་གནས་ཚུལ་བཀག་སྡོག་བྱེད་རྒྱུར་དྭོགས་པ་རྣམ་རྟོག་སྤུ་ཙམ་མེད།” ལམ་ལུགས་དེ་འདྲས་དྭང་བླངས་འོས་མི་ནི་དམངས་གཙོའི་ལམ་ལུགས་ཀྱི་མཚོན་རྟགས་ལྟ་བུ་སྟེ། དེ་ཡོད་པ་ཙམ་ལའང་བཟོད་སྒོམ་ཐུབ་ཀྱི་མེད། དྭང་བླངས་འོས་མིར་རྩོད་ལེན་བྱེད་པ་ནི་ངོ་རྒོལ་གྱི་རྣམ་པ་ཞིག་སྟེ། ལྡོག་ཏུ་མེད་པའི་དྲག་གནོན་དམ་བསྒྲགས་ཤུགས་ཆེན་འཕྲད་ངེས་ཡིན། ཞུའུ་མིན་ཞུའེ་དང་གཞན་ནག་ཉེས་བཙོན་འཇུག་བཀག་ཉར་བྱས་པ་ནི་དྲག་གནོན་དམ་བསྒྲགས་ཤུགས་ཆེར་འགྲོ་བ་བསྟན། དེ་བཞིན། དྭང་བླངས་འོས་མི་ལག་ལེན་ཐོག་ནས་དམངས་གཙོར་འཕོ་འགྱུར་ཡོང་རེ་བྱེད་པ་ནི་གཞི་རྩ་མེད་པ་ཞིག་ཡིན་པའང་བསྟན་ཡོད།
འོན་ཀྱང་། ངོ་རྒོལ་ནི་ནམ་ཡང་དོན་མེད་ཅིག་མིན། མང་ཚོགས་འགའ་ཞིག་གིས་ངོ་རྒོལ་ལ་མཉམ་ཞུགས་བྱས་རྗེས་ཟུར་གཡོལ་དང་ལྐོག་གབ་བྱེད་ཀྱང་། གཞན་ལིའུ་ཕིང་ལྟ་བུས་གཞི་རིམ་མང་ཚོགས་ཀྱི་འོས་བསྡུར་མཉམ་ཞུགས་མངོན་ཐོན་གྱིས་ངོ་རྒོལ་གྱི་ཐབས་ལམ་གཞན་ལ་འཇུག དེས་ཐོག་ནས་འོས་བསྡུས་ལམ་ལུགས་ལ་འགྱུར་བ་གཏོང་མ་ཐུབ་ཀྱང་། མཉམ་ཞུགས་བྱས་པ་དེས་མི་མང་ལ་འཕོ་འགྱུར་གྱི་ཤུགས་རྐྱེན་ཆེན་པོ་བསྐྲུན། ང་ཚོས་རེ་བ་རྫུན་མ་དག་སྤངས་བ་ཡིན་ན་གཅིག་བྱས་ན་ང་ཚོའི་རྩོད་ལེན་འཐབ་རྩོད་ཀྱིས་རེ་བ་ངོ་མ་དག་འདྲེན་ངེས།། །།
ཟུར་མཆན།
མོའོ་ཀྲི་ཞུའེ་ནི་ཀྲོའོ་ཧུའེའི་སྨྱུག་མིང་ཡིན། ཁོང་ནི་པེ་ཅིན་དུ་བཞུགས་པའི་རྒྱ་ནག་གི་ཕྱོགས་འགལ་པ་ཤེས་ཡོན་ཅན་དང་། རྒྱ་ནག་གི་ཆབ་སྲིད་དང་འགལ་ཟླའི་སྐོར་དབྱེ་ཞིབ་རང་བཞིན་གྱིས་གནད་ལ་ཕིགས་པའི་དཔྱད་བརྗོད་སྤེལ་མཁན་ཞིག་ཡིན།
མ་རྩོམ་དྲ་ཐག། https://chinachange.org/2016/07/01/the-pipe-dream-of-independent-candidacy-once-every-five-long-years/