ཨ་རིའི་ནིའུ་ཡོག་གི་དབེན་གནས་ཤིག་ཏུ་ཡོད་པའི་དཔལ་ཡུལ་གླིང་གི་དགེ་འདུན་པ་ཚོས་བརྡབ་སྐྱོན་བྱུང་བའི་གནམ་གྲུ་ཞིག་ནས་བོད་མི་གཉིས་ཚུད་པའི་འགྲུལ་བ་བཞི་སྲོག་ཉེན་ལས་བསྐྱབས་འདུག
ཟླ་འདིའི་ཕྱི་ཚེས་ ༨ ཉིན་ཁེ་ན་ཌ་ནས་ཨ་རིའི་མངའ་སྡེ་ཨོ་ཧའོ་(Ohio)ནང་འཕུར་སྐྱོད་བྱས་པའི་འགྲུལ་སྐྱེལ་གནམ་གྲུ་ཞིག ཨ་རིའི་ནིའུ་ཡོག་གི་མག་ཌོ་ནོ་(McDonough)གྲོང་སྡེའི་ནགས་གསེབ་ཅིག་ཏུ་བརྡབ་སྐྱོན་བྱུང་ཡོད་པ་དང་། དེ་མ་ཐག་ཉེ་འཁྲིས་སུ་ཡོད་པའི་དཔལ་ཡུལ་གླིང་ངམ་རྣམ་གྲོལ་གླིང་ཆོས་ཚོགས་ཀྱི་དགེ་འདུན་པ་ཚོ་ཡུལ་དངོས་སུ་རྒྱུག་སྟེ། གནམ་གྲུའི་ཁ་ལོ་བ་དང་རྒྱ་མོ་ཞིག བོད་རིགས་བུ་མོ་གཉིས་བཅས་མི་ ༤ ཡོད་པ་རྣམས་སྲོག་ཉེན་ལས་བསྐྱབས་ཡོད་པ་དང་། ཁོང་ཚོ་གནམ་གྲུ་ནས་ཕྱིར་བཏོན་ཏེ་སྐར་མ་གཅིག་ཙམ་ལས་མ་འགོར་བར་གནམ་གྲུར་མེ་འབར་ཏེ་ཧྲིལ་པོ་འཚིག་ཡོད་འདུག
ཆོས་ཚོགས་དེའི་དང་བླངས་བ་མཱ་རི་པི་ར་ཊི་(Mary Pratt)ཞུ་བ་ཞིག་གིས། དོན་རྐྱེན་བྱུང་སྐབས་སྟབས་ལེགས་ནས་དབེན་གནས་སུ་ཡོད་པའི་ཆོས་ཚོགས་དེའི་ནང་དགེ་འདུན་པ་ཁག་ཅིག་བཞུགས་ཡོད་པ་དང་། དོན་རྐྱེན་བྱུང་མ་ཐག་སྟོབས་ཤུགས་ཆེ་བའི་གཞོན་སྐྱེས་དགེ་འདུན་པ་ཁག་ཅིག་མགྱོགས་པོར་ཡུལ་དངོས་སུ་རྒྱུག་སྟེ། འགྲུལ་བ་རྣམས་གནམ་གྲུ་ལས་ཕྱིར་བཏོན་ཏེ་སྲོག་ཉེན་ལས་བསྐྱབས་ཡོད་པ་དང་། འགྲུལ་བ་བཞི་དེར་རྨས་སྐྱོན་ཅུང་ཙམ་རེ་ཕོག་ཡོད་སྟབས། ད་ལྟའི་ཆར་ཝིལ་སོན་(Wilson Hospital)ཞེས་པའི་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་སྐོར་བརྗོད་འདུག
འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། འགྲུལ་བ་སྲོག་ཉེན་ལས་སྐྱོབ་མཁན་དགེ་འདུན་པ་ཚོའི་ནང་དུ་བོད་རིགས་གཉིས་ཡོད་པའི་ནང་ནས་བླ་མ་འཇིགས་མེད་ཞུ་བ་དེ་ཧོང་ཀོང་རྣམ་གྲོལ་གླིང་ཆོས་ཚོགས་ནས་ཡིན་པ་དང་། ཨོ་རྒྱན་བཀྲ་ཤིས་ཞུ་བ་དེ་ཁེ་ན་ཌ་ནས་ཡོང་བའི་རྣམ་གྲོལ་གླིང་གི་གྲྭ་ཟུར་ཞིག་ཡིན་ལ། སྲོག་ཉེན་ལས་བསྐྱབས་པའི་བོད་རིགས་བུད་མེད་གཉིས་དེ་སྡེ་དགེ་ནས་ཡིན་འདུག
དཔལ་ཡུལ་གླིང་ནི་ཕྱི་ལོ་ ༡༩༩༨ ལོར་གྲུབ་དབང་པད་ནོར་རིན་པོ་ཆེས་ཕྱག་བཏབ་ཡོད་པ་དང་། ལོ་རེའི་ཕྱི་ཟླ་ ༧ ཚེས་ ༡༠ ནས་ཕྱི་ཟླ་ ༨ ཚེས་ ༡༠ ཉིན་བར། འཛམ་གླིང་གི་རྒྱལ་ཁབ་གང་ས་ནས་ཡོང་བའི་སློབ་མ་ ༢༠༠ ལྷག་རེས་དམིགས་བསལ་གྱིས་སྔོན་འགྲོ་རྩ་རླུང་དང་རྫོགས་ཆེན་སོགས་ཀྱི་ཆོས་སྒྲུབ་ཉམས་ལེན་གནང་བཞིན་ཡོད་འདུག
གསར་འགོད་པ། པདྨ་མཚོ།
ང་དེ་རིང་གི་ཉི་མོ་འདི་ཧ ཅང གི དགའ བོ བྱུང་གང ཡིན ཟེར ན་གནས་ཚུལ་ཡག་པོ་འདུག་གྲྭ་བ་རྣམས པ་ཚོ་ལ་རྗེས་སུ་ཡིན་རང་དང་ཐུགས་རྗེ་ཞུ་ཆོགས་པ་གཅིག་