ཨ་རིའི་སྨན་ཁང་ཞིག་གིས་བཞུགས་སྒར་དུ་བོད་མི་དང་རྒྱ་གར་ཡུལ་མི་སོགས་རྣ་བའི་དབང་བོ་སྐྱོན་ཅན་དག་ལ་རིན་མེད་ཐོག་ཉིན་གཅིག་རིང་བརྟག་དཔྱད་དང་སྨན་བཅོས་བྱེད་བཞིན་འདུག
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ནས་ཕྱི་དྲོའི་ཆུ་ཚོད་ ༥།༣༠ བར་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་དགའ་ལྡན་ཕོ་བྲང་གི་གོ་སྒྲིག་འོག ཨ་རིའི་རྣ་བའི་དབང་པོ་གསོ་བཅོས་ཐེབས་རྩ་ཁང་གི་སྨན་པ་དང་སྨན་ཞབས་པ། ལས་བྱེད་བཅས་མི་ ༣༥ ཡིས་ཉིན་གཅིག་རིང་བཞུགས་སྒར་ཁུལ་གྱི་རྣ་བའི་དབང་པོ་ཉམས་པའམ་དང་རྣ་བའི་དབང་པོ་ཞན་པའི་ནད་པ་ཁྱོན་ ༡༢༥ ལྷག་ལ་རིན་མེད་བརྟག་དཔྱད་དང་སྨན་བཅོས་བྱེད་བཞིན་འདུག
འདི་ག་གསར་འགོད་པས་ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། དེ་རིང་འདིར་ཨ་རིའི་རྣ་བའི་དབང་པོ་གསོ་བཅོས་ཐེབས་རྩ་ (starkey hearing foundation) ཁང་གིས་དམིགས་བསལ་བཞུགས་སྒར་ས་ཁུལ་གྱི་ཨམ་ཆོག་གིས་ཡག་པོ་མི་གོ་བའི་མི་མང་ཚོར་རིན་མེད་ཐོག་བརྟག་དཔྱད་དང་སྨན་བཅོས་བྱེད་ཀྱི་ཡོད་པ་དང་། ཁ་སང་བརྟག་དཔྱད་ཐོ་འགོད་བྱེད་མཁན་ནད་པ་ ༡༠༥ ཡོད་དང་དེ་རིང་གསར་དུ་ཐོ་འགོད་བྱེད་མཁན་ནད་པ་ ༢༠ བཅས་ཁྱོན་ནད་པ་ ༡༢༥ ལྷག་ཕེབས་འདུག དེ་དག་གི་ཁྲོད་ནས་རེ་འགའ་ཞིག་རྒྱ་གར་ཡུལ་མི་རེད། ཅེས་བརྗོད་སོང་།
ཁོང་གིས་མུ་མཐུད་དུ། ཉེ་དུས་༧གོང་ས་མཆོག་ཨ་རིར་ཆིབས་བསྒྱུར་བསྐྱངས་སྐབས། ཚོགས་པ་འདིའི་སྤྱིན་བདག་སྐུ་ཞབས་བྷེལ་ཨུ་སི་ཊེན་ (Bill F. Austin) ལགས་ཀྱིས་མཇལ་ཁ་ཞུས་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས་ཁོང་ལ་ཁྱེད་ཀྱིས་ད་ལྟའི་བར་རིན་མེད་སྨན་བཅོས་ཀྱི་ཞབས་ཞུ་བསྒྲུབས་པ་དེ་ཞེ་དྲགས་རླབས་ཆེན་པོ་རེད། མ་འོངས་པར་མུ་མཐུད་སྨན་བཅོས་བརྟག་དཔྱད་ཀྱི་ཞབས་ཞུ་གནང་དགོས་པའི་བཀའ་སློབ་ཕེབས་པ་ལྟར། ད་ལན་ཁོང་ཆེད་དུ་ཨ་རི་ནས་བཞུགས་སྒར་དུ་༧གོང་ས་མཆོག་ལ་མཇལ་བཅར་དུ་ཕེབས་པ་དང་མཉམ་དུ། སྨན་ཁང་གི་སྨན་པ་དང་སྨན་ཞབས་པ་བཅས་མི་ ༣༠ ལྷག་ཁྲིད་ཡོང་སྟེ། དགའ་ལྡན་ཕོ་བྲང་གི་གོ་སྒྲིག་བརྒྱུད་རིན་མེད་ཐོག་བརྟག་དཔྱད་སྨན་བཅོས་དང་རྣ་ཅོག་གི་འཕྲུལ་ཆས་སོགས་ཀྱི་མཐུན་འགྱུར་གནང་གི་ཡོད་པ་རེད། ཅེས་བརྗོད་བྱུང་།
མཇུག་ཏུ་ཁོང་གིས་ཚོགས་པ་དེ་ངོ་སྤྲོད་གནང་དོན། ཚོགས་པ་འདི་ཨ་རིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་ཡིན་ཞིང་། ཚོགས་པ་འདི་གསར་འཛུགས་གནང་མཁན་གྱི་མིང་ལ་བྷེལ་ཨུ་སི་ཊེན་ (Bill F. Austin) ཟེར་བ་དང་། ཁོང་ནི་དཔལ་འབྱོར་ཆེན་པོ་ཅན་ཞིག་ཡིན་པ་མ་ཟད། ཨམ་ཆོག་གི་དབང་པོ་གསོ་བཅོས་ཆེད་ལས་སྨན་པ་ཞིག་ཡིན་སྟབས། ཁོང་གིས་ཕྱི་ལུགས་སྨན་ཁང་དང་ཡན་ལག་ཁང་མང་པོ་གསར་འཛུགས་བྱས་ཏེ། ད་ལྟའི་བར་ཧ་ལམ་འཛམ་གླིང་ཤར་ནུབ་རྒྱལ་ཁབ་ ༡༤༠ ཙམ་ནང་ཨམ་ཆོག་ནད་པ་ས་ཡ་གཅིག་ལག་ལ་རིན་མེད་ཐོག་སྨན་བཅོས་གནང་ཡོད་པ་རེད། ཅེས་བརྗོད་བྱུང་།
སྨན་ཁང་དེའི་ཞབས་ཞུ་བ་ཞིག་གིས་བརྗོད་པར། ཕྱི་ལོ་ ༢༠༡༣ ལོར་ཁོ་ཚོ་བཞུགས་སྒར་ཉེ་འགྲམ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ཡོང་སྟེ་སྨན་བཅོས་གནང་ཡོད་པ་དང་། ཐེངས་འདིར་དྷ་ས་གཙུག་ལག་ཁང་དུ་རིན་མེད་སྨན་བཅོས་བྱེད་སྐབས། དགའ་ལྡན་ཕོ་བྲང་དང་བོད་མི་སྒེར་བ་མང་པོས་དང་བླངས་རོགས་རམ་གནང་སོང་བར་ཧ་ཅང་དགའ་བོ་བྱུང་ཡོད་པ་དང་། དྷ་ས་ཁུལ་དུ་རྣ་བས་མི་གོ་བའི་བོད་རིགས་ནད་པ་དབུལ་བོ་མང་པོ་ཡོད་སྟབས། ལོ་རྗེས་མར་ཡང་ཁོ་ཚོ་ཡོང་འཆར་ཡོད་སྐོར་བརྗོད་སོང་།
གསར་འགོད་པ། པདྨ་རྒྱལ།