ཨ་ཚོགས་མཁས་བཙུན།
སྒྱུ་རྩལ་པ་སུ་དང་མཁས་པ་སུས་གསུངས་དང་ཚིག་དོན་ཇི་བཞིན་ཐོན་གིན་མེད་ཀྱང་རང་གི་དྲན་ངོ་ན་འདི་འདྲ་ཞིག་འདུག་སྟེ། སྒྱུ་རྩལ་གྱི་མདུན་ཏུ་མགོ་བོ་མི་སྒུར་མཁན་ཞིག་སུ་གང་ཡང་ཡོད་པ་མ་རེད་ཅེས་པ་འདྲ་ཞིག་གསུངས་འདུག་པ་དེ་ནི་དངོས་གནས་བདེན་པ་རེད། མིའི་རིགས་འདི་རང་དབང་གིས་ཁ་ལོ་བསྒྱུར་ཐུབ་མཁན་ཞིག་ཡོད་ན་ནི་དེ་ནི་སྒྱུ་རྩལ་རང་རེད།
སྒྱུ་རྩལ་གྱི་འབྱུང་གནས་ནི་འགྲོ་བ་མིའི་གཉུག་སེམས་ལ་རང་ཆས་སུ་ཡོད་པའི་དགའ་སྐྱོ་ཆགས་སྡང་གི་ཚོར་བ་དེ་ཡིན། དེ་ཉིད་སྒོ་གསུམ་གྱི་ཕྱི་ལ་མངོན་ཐབས་ནི་རང་བྱུང་ཁམས་ཆེན་པོར་གནས་པའི་མ་བཅོས་རང་བཞིན་གྱི་བཀོད་པ་འདྲ་མིན་དང་། འཇིག་རྟེན་ནམ་སྤྱི་ཚོགས་ཀྱི་སྣང་ཚུལ་འདྲ་མི་འདྲ། ད་དུང་གསལ་དུ་བཏང་ན་རང་བྱུང་གི་བཀོད་པ་ལེགས་ཉེས་དང་། འཇིག་རྟེན་གྱི་སྣང་ཚུལ་ཡག་བཙོག་ཐམས་ཅད་དང་། མིའི་རིགས་རང་གི་ལུས་ངག་ཡིད་གསུམ་གྱི་སྒྱུ་མ་ལྟ་བུའི་རང་རྩལ་དག་ལ་རག་ལས་དགོས་པ་དེ་ཡིན། དེའི་ཕྱིར་ལུས་ངག་ཡིད་གསུམ་གྱིས་རང་བྱུང་ཁམས་ཀྱི་བཀོད་པ་ལ་དཔེ་འགོད་དང་གཟུགས་འགོད་བཟང་ངན་ལས་མིའི་རིགས་ཀྱི་སྒྱུ་རྩལ་རབ་འབྲིང་ཐ་གསུམ་ཐོན་པ་མ་ཡིན་ནམ་སྙམ་པ་ཞིག་འདུག
དེ་ལྟར་དོན་འགྱུར་གྱི་དཔེ་འགོད་དང་སྒྱུ་རྩལ་གྱི་གཟུགས་འགོད་དང་། འཆར་ཡན་འདྲ་མིན་གྱི་རྩལ་ལས་ད་བཟོད་སྒྱུ་རྩལ་ཐོན་པ་ཡིན་ན། སྒྱུ་རྩལ་གྱི་ཁོངས་སུ་ལུས་ངག་ཡིད་གསུམ་གྱི་རྩལ་སྣང་ཆ་ཚང་བ་ཚུད་ཀྱི་ཡོད་ཅིང་། རྩལ་སྣང་དེ་ཡང་གར་འཆམ་དང་བརྐོས་བྲིས་འདྲ་མིན་གྱི་རི་མོའི་རིགས་དང་། ཆོས་ཀྱི་ཕྱག་རྒྱ་གར་སྟབས་སོགས་ནི་ལུས་ཀྱི་སྒྱུ་རྩལ་དང་། གླུ་གཞས་སྣ་ཚོགས་པ་དང་སྙན་རྩོམ་འདྲ་མིན་དང་། བརྩམས་སྒྲུང་རིང་ཐུང་བཅས་ནི་ངག་གི་སྒྱུ་རྩལ་དང་། ཡིད་ནི་ལུས་ངག་གི་སྒྱུ་རྩལ་གང་ལའང་མ་ཞུགས་པ་མེད་ཅིང་། ཆགས་སྡང་རྨོངས་གསུམ་འདྲེན་པའི་ཆེད་དམིགས་ཀི་རྟོག་འཆར་འདྲ་མིན་དང་། སྒོམ་ཏིང་ངེ་འཛིན་དང་བྱམས་སྙིང་རྗེ་སོགས་ནི་ཡིད་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་ཡིན་ཏེ། ཏིང་ངེ་འཛིན་གྱི་ཟས་ནི་ཡིད་ཀྱི་རྩལ་སྣང་མཐར་ཐུག་པ་དེ་མི་འགྲོ།
དེ་བས་སྒྱུ་རྩལ་ནི་ཁྱབ་ཆེ་ཞིང་སྙན་ངག་ནི་དེའི་བྱེ་བྲག་ཕྲ་མོ་ཆུང་ངུ་ཞིག་ཡིན། སྙན་ངག་གི་ལུས་དང་སྲོག་ཉམས་འགྱུར་སོགས་གཞན་དུ་བཤད་ཟིན་ཡང་། གྲོགས་སྙན་ངག་པ་འབའ་སྲས་ནས་བཅད་ལྷུག་སྤེལ་མ་ཟློས་གར་གྱི་ལུས་ཡིན་གྱི། བོད་ནས་སྙན་ངག་གི་ལུས་ལ་འདོད་པ་བོད་གོ་ནོར་ཐེབས་འདུག་བཤད་པ་ཡ་མཚར། ད་དུང་སྙན་ངག་གི་བརྗོད་བྱ་དང་སྲོག་གཉིས་གཅིག་པར་འདོད་ཡོད། དགོས་སོགས་ཆོས་བཞིའི་དགོས་པ་དང་ཉིང་དགོས་མི་འདྲ་བ་ནང་བཞིན་དེ་གཉིས་འདྲ་བ་མིན། བརྗོད་བྱ་ནི་ཕྱི་ཤུན་སྒྲོམ་གཞི་ཙམ་དང་བརྗོད་སྙིང་ནི་དེའི་ལུས་ཟུངས་ནང་བཞིན་སྲོག་ལ་ཞུགས་པ་དེ་ཡིན། རྩོམ་ལུས་གང་ཡིན་ལ་མ་ལྟོས་པར་དེའི་ཟ་དང་ཟུར་ཁོང་དང་སྣེ་འདྲ་མིན་ནས་གོ་རྒྱུ་ཅན་ཞིག་སྟོན་པ་དེ་ལ་སྲོག་ཟེར། འདིས་ད་དུང་སྙན་ངག་ལ་ཟློས་གར་གྱི་ཉམས་དགུའང་མི་འདོད་པ་དེ་བས་ཡ་མཚར། རྗེ་བདག་ཉིད་ཆེན་པོའི་ཆོས་རྒྱལ་བསྟོད་པ་བརྐྱངས་བསྐུམས་མ་ལྟ་བུར་ཁྲོ་བའི་ཉམས་རྫོགས་པ་དང་། དབྱངས་ཅན་མའི་བསྟོད་པ་ཆུ་འཛིན་དཀར་པོར་སྒེག་པའི་ཉམས་དང་། བསྟོད་པ་བྱིན་བརླབས་ཉེར་འཇུག་ལ་དགའ་བའི་ཉམས་དང་ལྡན་པ་བཅས་གར་གྱི་ཉམས་དགུ་སྙན་ངག་ལའང་བརྩི་ཆོག་པ་ཡིན། དེ་འདྲའི་སྙན་ངག་གི་ངོ་བོ་ལ་<༡> དམངས་སྲོལ་སྙན་ངག་དང་། <༢> ཆེད་བྲིས་སྙན་ངག་ཅེས་རིགས་གཉིས་སུ་དབྱེ་ཆོག་པ་དང་། དེ་ཡང་དང་པོའི་ཁོངས་སུ་རི་གླུ་དང་དམངས་གླུ་བཅས་པ་དང་། དམངས་ཁྲོད་ཀྱི་བཤད་པ་འདྲ་མིན་དང་། མཆོད་བསྟོད་སོགས་ཏེ། འདི་ལ་རྩོམ་པ་པོ་སུ་ཡིན་འདི་ཡིན་གྱི་ངེས་གཏན་མེད་པའི་རིགས་འདུས།
ཆེད་བྲིས་སྙན་ངག་ནི་བསམ་བློ་དང་རིག་པའི་བྱང་ཚད་ཅུང་ཟད་སྨིན་པོ་རིགས་ནས་ཚད་མཐོའི་སྨིན་ཚད་རྫོགས་པའི་རིགས་ཀྱིས་ཆེད་གཏད་བྲིས་དང་འབྲི་བཞིན་པའི་རིགས་ཡིན། དེ་ལའང་ <༡> ཁ་ལྷོད་པ་གོ་སླ་བའི་རིགས་དང་། <༢> ཁ་དམ་པ་གོ་དཀའ་བའི་རིགས་དང་། ད་དུང་ཆབ་སྲིད་ཀྱི་ཚོར་ཤུགས་སྤོབས་སེམས་བསྲེས་པའི་<༣> སྙན་ངག་རལ་གྲི་སོ་གཉིས་མ་བཅས་གསུམ་ཡོད། དེ་རེ་རེ་ལའང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་དང་རང་རྐྱ་འཕེར་བའི་འགུགས་ཤུགས་ནུས་རྩལ་རེ་ཡོད། དང་པོ་གོ་སླ་བའི་སྙན་ངག་ནི། ད་ལྟ་བོད་ནང་ལོགས་ན་སེང་རྡོར་ཟེར་རྒྱུ་ཞིག་གི་བྲིས་རྩོམ་དེ་འདྲ་དང་། ཕྱི་ལོགས་ན་བཞུགས་པའི་སྙན་ངག་པ་འབའ་སྲས་ཀྱི་སྙན་ངག་ལྟ་བུ་ཨེ་ཡིན་སྙམ། འདི་གཉིས་ཀྱི་བྲིས་རྩོམ་ཐན་ཐུན་སྐད་འཕྲིན་ལམ་ན་རྒྱུ་བ་དེ་འདྲ་བཀླགས་པས། ཤིན་ཏུ་གོ་སླ་བ་ལ་ལ་གཞས་དང་རོགས་སྡུག་རོགས་འཐེན་ལྟ་བུར་འདུག་པ་འདི་རིགས་ཕལ་ཆེར་དུང་བརྗོད་སྙན་ངག་གི་ཁོངས་སུ་གཏོགས་པར་བགྱིས་ཆོག དུང་བརྗོད་ཅེ་ན་སྐབས་དོན་བརྩེ་བ་བརྗོད་པ་ལ་གོ དེ་ཡང་མཐར་གཏུགས་ན་རྩོམ་མཁན་མེད་པའི་དམངས་སྲོལ་སྙན་ངག་ལྟ་བུར་ཡང་འགྲོ་ཆོག་ཆོག་པར་ཡོད་ཅིང་། མ་འོངས་པ་ན་བྲིས་རྩོམ་འདིའི་རིགས་དམངས་སྲོལ་གྱི་གླུ་དང་ལ་གཞས་ནང་བཞིན་འབྲོག་གི་ལ་དང་རོང་གི་ལུང་དུ་གླུ་རུ་ལེན་པའང་སྲིད་དེ། དེ་ཁོ་བོས་ལུང་བསྟན་ཡིན། རྩོམ་མཁན་འདིའི་རིགས་ཀྱིས་མི་ཚེ་ལ་ཁ་དམ་པའི་སྙན་ངག་དང་། ཁྱད་པར་སྙན་ངག་སོ་གཉིས་མ་འབྲི་རྒྱུ་སྲིད་མཐའ་ཙམ་ཡིན། གང་ཡིན་ཟེར་ན། མི་ཚེ་ལ་ཚད་མཐོའི་སྒྱུ་རྩལ་གྱི་ཉམས་འགྱུར་ལ་དོ་སྣང་མ་འདང་བར་དམངས་ཕལ་བའི་བློ་ཁ་ལ་བསྟུན་དྲག་པས་སྒྱུ་རྩལ་གྱི་མཐོང་དང་འགན་དབང་ཤོར་ཚར་བ་རེད། དེས་ན་ཆེད་བྲིས་ཡིན་པ་ལ་དམངས་སྲོལ་སྙན་ངག་གི་ཉམས་འགྱུར་ཡོང་བ་ཙམ་ལ་རྗེས་སུ་ཡི་རང་དང་བསྟོད་བསྔགས་ཡོད། ལྡུམ་བུ་རེག་འབྱར་ནང་བཞིན་རྐྱལ་ཁ་མི་ཐུབ་པ་མ་གཏོགས་སེང་རྡོར་ཟེར་རྒྱུ་དེ་ཡང་ཁ་བདེ་བོ་ངག་སྒོ་ཡངས་མོ་ཞིག་འདུག ཡག་པོ་རེད། བཟང་ཆ་ཡང་རང་རེས་མཐོང་དགོས་ཀྱི་ཡོད།
ཆབ་སྲིད་ཀྱི་ཚོར་ཤུགས་སམ་ལ་རྒྱའི་སྤོབས་སེམས་བསྲེས་པའི་སྙན་ངག་ནི། སྙན་ངག་པ་ཡི་དམ་ཚེ་རིང་གི་<རྔ་ཆེན་རོལ་དབྱངས>དང་<ཨ་མའི་སྙིང་ནས་གདམས་པའི་གླུ>དང་<ཉི་ཟླའི་འོད་ཀྱི་འབྱུང་གནས་འཚོལ་ཞིང་བསྙེགས>ཞེས་པ་དག་ནི་ཚད་མཐོ་ཤས་དེ་ཡིན། རྩོམ་རིག་མཁན་པོ་འཇུ་སྐལ་བཟང་གི་སྙན་ངག་རེ་ཟུང་དང་། བོད་ཀྱི་གླུ་བ་སྒལ་ཚུགས་ཅན་ཡཱ་ཏུང་གི་གླུ་ཚིག་རྣམས་གཙོ་བྱས་པའི་དེང་གི་རྡུང་ལེན་པ་མང་པོ་ཞིག་གི་གླུ་ཚིག་དག་ནི་ཚབ་མཚོན་རང་བཞིན་ཆེ་བར་འདུག དཔེར་ན། གླུ་བ་ཞིག་ལ་རང་ཉིད་ཆེས་དད་མོས་བྱེད་ཡུལ་གྱི་སྐུ་ཞབས་ཡ་ཏུང་གི་<རྒོད་པོའི་གཤོག་འགྱུར>དང་<བྱམས་སེམས་ཅན་གྱི་ཨ་མ><ཉི་མར་བསྟོད་པ>གསུམ་ཀྱིས་མཚོན། སྙན་ངག་རིགས་འདི་སྤུ་གསེང་གི་སྡེར་མོ་ནང་བཞིན་མི་མངོན་པའི་སྐུང་བའི་ནུས་པ་དང་ལྡན་དགོས། དེང་སང་རིགས་འདི་འབྲི་རྒྱུར་ཅུང་ཟད་ལྷོད་གཡེང་གི་རྣམ་པ་འདུག་པས་དེ་ཡག་པོ་མ་རེད། ན་གཞོན་ཚོས་ཆེད་དུ་འབྲི་དགོས་པར་འདུག་ཅེས་འབོད་སྐུལ་བྱས་པ་ཡིན། རྒྱུ་མཚན་ནི། ཉམ་ཆུང་གི་མི་རིགས་དང་ལྷིང་འཇགས་ཀྱི་སྤྱི་ཚོགས་ཤིག་ལ་སྐབས་ལན་རེར་ཀི་སིང་སིང་བ་རེ་མི་འདེབས་རང་འདེབས་ཡིན། ཁོ་བོས་བྲིས་པའི <ཁྲི་ཤོར་རྒྱལ་མོའི་རླབས་སྒྲ> དང<ལྷོ་ཁའི་རི་ལུང་ཉུལ་བའི་ཁྲུང་ཁྲུང་> <འཇགས་སྐྱས་རླུང་ལ་བསྐུར་བའི་འཕྲིན་པ> <རི་རབ་ས་ཆེན་གཡོ་བའི་འགྱིང་ཚུལ>སོགས་ནི་དུས་སྐབས་དེ་དང་དེར་དེ་འདྲ་ཡིན་ཤག་ཤག་གིས་བྲིས་པ་ཡིན་ཡང་། ད་ལྟ་བསྐྱར་ཀློག་བརྒྱབ་པ་ཡིན་ན་གཏན་ནས་ཐོན་མི་འདུག དེའི་རིགས་དེ་སྤུ་གསེང་གི་སྡེར་མོ་ནང་བཞིན་གཟུགས་འགོད་དང་མཛེས་ཉམས་ཀྱིས་བརྗོད་ཉིང་འགེབས་ཐུབ་དགོས་པ་རེད་ཀྱང་བཀབ་མི་འདུག
སྙན་ངག་དང་སྙན་ངག་པ་ལ་རང་ཚུགས་དང་རང་གཤིས། གཏན་ཚུགས་ཡོད་མེད་ནས་ཅུང་ཟད་གླེང་ན། འདི་གླེང་དགོས་པའི་རྒྱ་མཚན་ནི་གྲོགས་མཆོག་རིགས་པ་སྨྲ་བ་འོད་སྐལ་རྡོར་ལགས་ནས་ཐེངས་མང་པོར་སྙན་ངག་དང་སྙན་ངག་པར་རང་ཚུགས་དང་རང་གཤིས་གཏན་ཚུགས་གང་ཡང་ཡོད་པ་མ་རེད་ཅེས་པ་འདིས་གླེང་སློང་བ་ཡིན།
སྤྱིར་གནའ་དེང་གི་སྙན་ངག་མཁན་པོའི་ཁྲོད་ཡོད་ཚད་བློས་བཏང་སྟེ་བདེན་པའི་རང་སྒྲ་སྒྲོག་ཅིང་བདེན་ལུགས་གླུ་རུ་གྱེར་ནས་བདེན་དོན་གྱི་རྒྱབ་གཉེར་དང་། བདེན་ལུགས་ཀྱི་ཕྱོགས་སྟོན་བྱེད་མཁན་མང་པོ་ཡོད་པ་ཡིན། དེ་ཡང་བདེན་དོན་དང་བདེན་ལུགས་དེ་སྒྱུ་རྩལ་གྱི་གཟུགས་འགོད་དང་། དོན་འགྱུར་གྱི་དཔེ་འགོད་དུ་མས་བློ་འགུགས་དང་། བློ་ངེས་དྲོངས་པ། ཡིད་ལ་འཛིན་བདེ་བའི་བྱ་ཐབས་སྤྱད་དེ་བདེན་ལུགས་སྐྱོང་བ་དང་། སྣེ་ཁྲིད་བྱེད་མཁན་མང་པོ་བྱུང་བ་ཡིན། དེའི་ཕྱིར་བརྩམས་ཆོས་སྙན་ངག་ཀྱང་རང་བཞིན་དེ་ག་རང་ལས་མ་འདས་པར་གནས་བསྡད་ཡོད་པས། དེ་ལྟ་བུའི་སྙན་ངག་དང་སྙན་ངག་པ་འཛམ་གླིང་ཤར་ནུབ་གཉིས་ཀར་བྱུང་དང་འབྱུང་བཞིན་པ་མིན་ནམ། ད་དུང་བདེན་དོན་དང་ཕྱོགས་སྟོན་སྣེ་ཁྲིད་ཆེད་རང་སྲོག་བློས་གཏོང་བྱས་པ་དེ་འདྲ་ཡང་མང་པོ་བྱུང་མྱོང་ཡོད།
དེ་ལྟ་བུའི་སྙན་ངག་པ་ནི་རྒྱ་གར་ལ་མཚོན་ན་སྔོན་གྱི་དུས་སུ་སློབ་དཔོན་ནག་མོ་ཁོལ་དང་། བྷ་ར་ཏ། དབྱུག་པ་ཅན་ལ་སོགས་པ་དང་། ཉེ་རབས་སུ་ནོ་བྷེའི་རྩོམ་རིག་གཟེངས་རྟགས་བཞེས་མྱོང་མཁན་སྙན་ངག་པ་ཐེ་ཀོར་སོགས་བྱུང་བ་དང་། རྒྱ་ནག་ལའང་ཐང་གི་སྙན་ངག་པ་ལེ་པེ་དང་ཀྲིག་གི་སྙན་ངག་པ་ཆུ་ཡོན་སོགས་གནའ་དེང་གི་སྙན་ངག་དང་རྩོམ་རིག་སྨྲ་བ་བགྲང་ལས་འདས་པ་བྱུང་མྱོང་། དེ་ལས་ཀྱང་ཁྱད་པར་དུ་བོད་ལ་ས་སྐྱ་པཎ་ཆེན་མཚོན་པའི་ལེགས་བཤད་སྙན་ངག་པ་དང་། གཙང་སྨྱོན་ཧེ་རུ་ཀས་མཚོན་པའི་མགུར་རྩོམ་སྙན་ངག་པ་དང་། ཞང་ཞུང་བ་དང་མཁས་གྲུབ་པས་མཚོན་པའི་མེ་ལོང་ལུགས་ཀྱི་སྙན་ངག་པ། དགེ་ཆོས་མཚོན་པའི་དུང་བརྗོད་སྙན་ངག་པ་བཅས་ཧ་ལས་པའི་མང་པོ་བྱུང་ཡོད། ཡོད་པ་ཙམ་དུ་མ་ཟད་རི་བོའི་གཏོས་དང་མཉམ་པའི་བརྩམས་ཆོས་དང་། དེ་ལའང་རྒྱ་མཚོའི་ཀློང་དང་ནམ་མཁའི་མཐོངས་ལྟ་བུའི་ཟབ་ཁྱབ་དང་ལྡན་པས་བོད་གླུ་གར་གྱི་རྒྱ་མཚོར་འབོད་པའང་དེ་ཡིན་ཞིང་། དེ་མཚུངས་ནོར་བུས་ནོར་ཉན་ཆོད་པ་ལ་ནོར་བུའི་ངང་ཚུལ་ཤེས་རྒྱུ་ཤིན་ཏུ་ནས་ཀྱང་གལ་ཆེ་བའང་ངེས་ཟིན་འཐོབ་དགོས།
དེ་ཡང་བོད་ལ་ཆེད་གཏད་སྙན་ངག་བྲིས་ཏེ་སྲོག་བློས་བཏང་བྱས་པ་མེད་ཀྱང་། ཤར་ནུབ་རྒྱལ་ཁབ་མང་པོར་བྱུང་མྱོང་ཡོད། དཔེར་ན། གོང་བརྗོད་ཀྱི་རྒྱ་མིའི་སྙན་ངག་པ་ཆུ་ཡོན་ཆུ་ལ་ལྕེབས་རབས་ཀྱི་བཤད་རྒྱུན་ཡོད་པས་མཚོན་ཤར་ནུབ་གཉིས་ཀར་བྱུང་ཡོད། བོད་ཀྱི་སྙན་ངག་པ་རྣམས་སྲོག་བློས་བཏང་གིས་འཆི་རྒྱུ་མེད་པ་འདི་བོད་རང་ལ་འཆི་རུ་མི་འཇུག་གི་རིག་གནས་ཤིག་ཡོད་པ་དང་། ཆབ་སྲིད་ལ་ཚོར་བ་དེ་ཙམ་སྐྱེན་མ་དགོས་པས་མིན་ནམ་སྙམ། ད་དུང་ཡང་སྙན་ངག་ཅེས་པ་འདིས་སྤྱི་ཚོགས་འཚོ་བའི་གོ་གནས་ངེས་ཅན་ཞིག་བཟུང་ཡོད་པ། དཔེར་ན། རྗེ་བདག་ཉིད་ཆེན་པོ་ནས། རིགས་ལམ་རྣམ་པར་དཔྱོད་པའི་རྣམ་དཔྱོད་དང་།། གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་།། ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ།། ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་།། ཞེས་དང་། རྒྱ་ནག་གི་མི་ཆོས་རིག་པ་བ་ཁུང་ཙིས་ཀྱང་། སྙན་ངག་མེད་ན་གཏམ་དུ་བྱ་བ་མེད་ཅེས་གསུངས་ཡོད།
དེས་ན་དོན་ངོ་མར་སྙན་ངག་དང་སྙན་ངག་པར་རང་ཚུགས་དང་རང་གཤིས་ཡོད་དམ་མེད་ཅེ་ན། བྱེ་བྲག་དང་དམིགས་བསལ་བཀར་ཏེ་མ་གླེང་ན། རིག་ལམ་གང་ཞིག་དང་རིག་ཚན་གང་ཡིན་ལ་མ་ལྟོས་པར་ཚང་མ་ལམ་ཁ་སྐྱིད་སྡུག་གཅིག་མཚུངས་ཀྱི་བརྒྱུད་རིམ་དེ་མ་བརྒལ་རང་བརྒལ་རེད། རབ་ལ་མིའི་བསམ་བློ་དང་དུས་རབས་ལ་སྣེ་ཁྲིད་དང་། མ་ཐ་དེའི་འགྱུར་འགྲོས་དང་བསྟུན་ནས་འགྲོ་དགོས་པ་དེ་རིག་ལམ་ཞིག་གི་ཆེས་རྩ་བའི་བླང་བྱ་ཡིན་པ་ཡོད། ཡིན་ནའང་། བསམ་ཡུལ་ལས་འདས་པ་ཞིག་ལ་ལྡོག་ཕྱོགས་ཀྱི་ལག་ཆར་འཁྱེར་འགྲོ་བ་དང་། གཞན་གྱི་བཀོད་ཇུས་འོག་འགྲོ་བ་སྙན་ངག་དང་སྙན་ངག་པ་རྐྱང་མ་རེད། རྟོག་འཆར་དང་དྲན་རྟོག་འཆར་ཡན་གྱི་དབང་ལ་འགྲོ་མ་དགོས་པའི་གཏན་ཚིགས་དང་མཚན་ཉིད་རིག་པ་ལའང་འཛམ་གླིང་ཤར་ནུབ་གྱི་ཁྱད་ཞུགས་པ་དང་། དེ་མཚུངས་ཆབ་སྲིད་དང་དཔལ་འབྱོར་རིག་པ་སོགས་ཨ་ཅང་ཅང་། རྒྱ་བོད་གཉིས་ཀྱི་ལོ་རྒྱུས་དང་ལོ་རྒྱུས་སྨྲ་བ་ལ་དུས་རབས་སྔ་མའི་ལོ་རབས་ལྔ་བཅུ་བའི་སྔ་རྗེས་ལ་ཁྱད་ཡོད་པ་དང་། རྒྱ་བོད་ཀྱི་ལོ་རྒྱུས་མཁན་པོ་ཕྱི་ནང་གང་དུ་ཡོད་མེད་ལ་ཁྱད་ཡོད་པ་བཅས་ཐ་ན་སྨན་པ་ཚུན་ཆད་གཞན་གྱི་བཀོད་ཇུས་འོག་འགྲོ་བ་མངོན་སུམ་མ་རེད་དམ། དེས་ན་སྒམ་བཀྱེད་གུ་ཡངས་ཀྱི་སྤྱི་ཚོགས་ཁོར་ཡུག་ཅིག་ལ་མ་གཏོགས་གཏན་ཚུགས་ཐུབ་པ་དང་། རང་གཤིས་ཡོད་པའི་རིག་ལམ་རིག་ཚན་ཞིག་མཐོང་དཀོན་པོ་རེད་ཅེས་སོ།།
མཐོང་སྣང་སྒྱུ་མས་འཇིག་རྟེན་གཡོས་ཤིང་གཡོ།།
གྲགས་སྟོང་སྒྱུ་མས་སྟོང་ཁམས་ཟིལ་གནོན་པ།།
འཆར་སྣང་སྒྱུ་མས་སྒོ་གསུམ་བསླུ་ཞིང་བསྒྱུར།།
སྒོ་གསུམ་སྒྱུ་མའི་ལྟད་མོ་བརྗོད་ལས་འདས།།
ཡིད་འོང་འཐད་པའི་མེ་ཏོག་མིག་ལ་བྲིས་ཤིང་སྙིང་ལ་སིམ།།
འཇེབས་སྙན་འོ་མའི་བདུད་རྩི་རྣ་བར་འཇོ་ཞིང་མིག་ལ་འཁྱིལ།།
བདེ་སྟོང་ཉམས་ཀྱི་རེག་ཚོར་རྐང་ལ་བབས་ཤིང་རུས་ལ་ཞེན།།
ལུས་ངག་ཡིད་ཀྱི་རོལ་བ་སྒྱུ་མ་བཞིན་དང་སྤྲུལ་བ་བཞིན།།
༢༠༡༦ /༩ /༡༧ཉིན།
དཔྱད་བརྗོད་ཡག་པོ་གནང་འདུག མཚམས་ལ་རེར་ཆབ་སྲིད་རྐྱང་རྐྱང་གི་བར་ནས་སྒྱུ་རྩལ་དང་སྙན་ངག་སོགས་ཀྱི་སྐོར་ནས་རྩོམ་ཡིག་རེ་སྤེལ་ན་མྱོང་ཚོར་མ་འདྲ་བ་རེ་སྟེར་གྱིན་འདུག སྤྱིར་བཏང་དེང་སྐབས་སྐད་འཕྲིན་དང་ངོ་དེབ་དར་ཁྱབ་ཆེན་པོ་སོང་བ་དང་བསྟུན་ཏེ་སྐད་ཆ་དམ་དུམ་རེ་མ་གཏོགས་རྩོམ་ཡིག་རིང་པོ་དང་སྤུས་ཚད་ལྡན་པ་འབྲི་མཁན་ཧ་ཅང་ཉུང་དུ་ཕྱིན་འདུག འདི་བོད་པའི་རྩོམ་པ་པོ་ཚོར་མཚོན་ན་ཧ་ཅང་དུས་ངན་སྙིགས་མ་ལྔ་འདུས་ཀྱི་དུས་ཚོད་ཅིག་ཤར་བ་རེད།
རྩོམ་ཡག་པོ་ཞིག་བྲིས་འདུག རྒན་བསམ་གཏན་དང་འོད་སྐལ་བཟང་རྡོ་རྗེ་གཉིས་ཀྱི་ལྟ་གྲུབ་ལ་དངོས་འཛིན་གསར་པ་ཞིག་བྱུང་སོང་།