བལ་ཡུལ་གྱི་ཉེན་རྟོག་པས་བོད་ནས་ཡོང་བའི་བོད་མི་ ༤༡ འཛིན་བཟུང་བྱས་ཏེ་ཕྱིར་ཀ་ཐི་མན་ཌུ་རུ་འཁྲིད་ཡོད་འདུག
བལ་ཡུལ་གྱི་གསར་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། བལ་ཡུལ་གྱི་ཀེ་ལཱ་ལི་རྫོང་ས་གནས་ཉེན་རྟོག་པས་ཀེ་ལཱ་ལི་ཊིར་ནཱ་གྷ་རཱ་(Kailali trinagara)ས་མཚམས་བརྒྱུད་རྒྱ་གར་དུ་ཡོང་མཁན་བོད་མི་ ༤༡ འཛིན་བཟུང་བྱས་ཏེ། ཕྱིར་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཌུ་རུ་འཁྲིད་ཡོད་པ་དང་། ཀེ་ལཱ་ལི་རྫོང་ཉེན་རྟོག་ཁང་གིས་བོད་མི་དེ་ཚོ་ཀ་ཐི་མན་ཌུ་རུ་ཡོད་པའི་གནས་སྤོས་འགྲོ་འོང་ལས་ཁུངས་སུ་སྤྲོད་རྒྱུ་ཡིན་སྐོར་བརྗོད་འདུག
བལ་ཡུལ་གྱི་མདོ་སྨད་ས་གནས་རྒྱུན་ལས་དོན་ལྡན་ལགས་སུ་དེའི་སྐོར་སྐད་ཆ་དྲིས་པར་ཁོང་གིས། འཛིན་བཟུང་བྱས་པའི་བོད་མི་ ༤༡ དེ་བོད་ནས་ཡོང་བ་ཤ་སྟག་ཡིན་པ་དང་། རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་ཤིག་ནས་འཛིན་བཟུང་བྱས་ཏེ་ཕྱིར་འཁྲིད་ཡོང་གི་འདུག་ལ། དེ་རིང་ཕྱི་དྲོར་ཀ་ཐི་མན་ཌུ་རུ་འབྱོར་ས་རེད། ཁོང་ཚོའི་ནང་ནས་མང་ཆེ་བ་ཞིག་ལ་མདོ་སྟོད་དང་མདོ་སྨད་ཀྱི་ལག་ཁྱེར་ཡོད་ཀྱང་ཁ་ལོ་བའི་ལག་ཏུ་བསྡུས་ཚར་འདུག་པས། མདོ་སྨད་ས་གནས་རྒྱུན་ལས་གཉིས་ཀྱིས་ཁོང་ཚོའི་ཕྱི་སྐྱོད་ལག་ཁྱེར་རྣམས་འཁྱེར་ཏེ་ཐུག་པར་འགྲོ་རྩིས་བྱེད་ཀྱི་ཡོད། ཅེས་བརྗོད་བྱུང་།
བོད་མི་དེ་རྣམས་བོད་ནང་ཕྱིར་སློག་གཏོང་སྲིད་མིན་དྲིས་པར་ཁོང་གིས། གནས་སྤོས་འགྲོ་འོང་ལས་ཁུངས་སུ་འཁྲིད་འགྲོ་རྒྱུ་རེད་ཟེར་གྱི་འདུག་ཀྱང་། མ་འོངས་པར་གནས་སྟངས་ག་འདྲ་ཆགས་མིན་རིམ་གྱིས་བལྟ་རྒྱུ་མ་གཏོགས་ད་ལྟ་བཤད་ཚོད་ཐུག་གི་མི་འདུག ཅེས་བརྗོད་བྱུང་།
གསར་འགོད་པ། པདྨ་མཚོ།
རྒྱ་གར་ན་བཞུགས་པའི་གཞོན་ནུ་སོགས་ནམ་རྒྱུན་གཞིས་ལུས་མི་དམངས་ཀྱི་ཆེད་དུ་གཅེས་པའི་རང་སྲོག་ཀྱང་ཕང་མེད་དུ་བློས་གཏོང་ཐུབ་ཟེར་མཁན་ཚོ་གང་དུ་ཕྱིན་ཡིན་ནམ། ད་ལྟ་བོར་འབྱོར་བ་རྒན་འཁོག་དང་མགོ་མི་ཐོན་མཁན་ཚོ་ས་འཚམས་ནས་ཕུད་རྒྱུར་ལག་ནས་སྒོར་མོ་ལེན་ཅི་ཐུབ་བྱ་རྒྱུ་ཡིན་ཟེར་མཁན་འགའ་ཡང་འདུག་གོ