ཡུལ་ཤུལ་ཁུལ་ནང་ཆེན་རྫོང་དུ་ཚད་རིམ་ ༤།༨ ཅན་གྱི་ས་ཡོམ་བྱུང་སྟེ་ཡུལ་མིའི་སྡོད་ཁང་གནོད་སྐྱོན་གང་འཚམ་བྱུང་ཡོད་ཀྱང་ད་སྔ་མི་ཕྱུགས་ལ་གནོད་འཚེ་ཐེབས་ཡོད་མེད་ཤེས་རྟོགས་ཐུབ་མི་འདུག
དེ་རིང་བོད་ནང་ཞོགས་པའི་ཆུ་ཚོད་ ༥།༤༥ སྟེང་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་དུ་ཚད་རིམ་ ༤།༨ ཅན་གྱི་ས་ཡོམ་བརྒྱབ་སྟེ། སྦྱོར་ར་ཤང་གྲོང་གི་ཡུལ་མིའི་སྡོད་ཁང་ལ་གས་ཆག་དང་རྡིབ་སྐྱོན་བྱུང་ཡོད་ནའང་མི་ཕྱུགས་ཀྱི་ཚེ་སྲོག་ལ་གནོན་སྐྱོན་ཐེབས་ཡོད་མེད་ད་སྔ་ཤེས་རྟོགས་བྱུང་མེད་པ་རེད།
གནས་ཚུལ་ལྟར་ན། ཡུལ་ཤུལ་ནང་ཆེན་རྫོང་ཉེ་འཁོར་གྱི་རྫ་སྟོད་རྫོང་མཁར་དང་རྫ་སྟོད་རྫོང་རྣམ་སྲས་ཤང་བཅས་སུའང་ས་ཡོམ་དེའི་ཤུགས་ཚད་ཕྲན་བུ་བྱུང་ཡོད་ནའང་ས་ཁུལ་དེ་དག་གི་གནོད་སྐྱོན་ཐེབས་པའི་གནས་ཚུལ་གང་ཡང་མི་འདུག
ནང་ཆེན་རྫོང་ཁོངས་སུ་ཤང་དང་གྲོང་རྡལ་ ༡༠ དང་མི་གྲངས་ཁྲི་ ༡༡.༨ ཡོད་པ་དང་། སྦྱོར་ར་ཤིང་གི་ཁོངས་སུ་གྲོང་ཚོ་ ༧ དང་མི་གྲངས་ ༨༠༠༠ ཡོད་འདུག
མཚོ་སྔོན་ཞིང་ཆེན་ས་ཡོམ་རྟོགས་ཞིབ་ཚན་པས། ཐེངས་འདིའི་ས་ཡོམ་གྱི་འཕྲེད་ཐིག་བྱང་མ་ཏུའུ་ ༣༢.༦ དང་གཞུང་ཐིག་ཤར་མ་ཏུའུ་ ༩༦.༡ ཡོད་པ་དང་། ས་ཡོམ་གྱི་ཁྱབ་ཚད་ནང་ཆེན་རྫོང་ནས་བར་ཐག་སྤྱི་ལེ་ ༥༠ དང་། ཡུལ་ཤུལ་ཁུལ་དང་བར་ཐག་སྤྱི་ལེ་ ༩༥ ཡོད་ཚུལ་བཤད་འདུག
གསར་འགོད་པ། པདྨ་རྒྱལ།